དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་འཆི་མེད་ལ་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་རྗེས་སྤྲོད་བྱེད་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འཆི་མེད། སྐྱེས་པ། བོད་རིགས། བོད་ལྗོངས་རུ་ཐོག་རྫོང་གི་མི། 1962ལོའི་ཟླ་10པར་སྐྱེས། 1986ལོའི་ཟླ་7པར་ལས་ཀར་ཞུགས་པ་དང་1998ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ནས་སྔ་རྗེས་སུ་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མི་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཤན་ཆེན་ཤང་གི་ཤང་ཀྲང་། མ་མག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྟ་སྐུལ་ཅུས་ཀྱི་ཅུས་ཀྲང་བཅས་ཀྱི་འགན་འཁུར། བློ་མཐུན་འཆི་མེད་དཀའ་ཐུབ་ཆེ་བའི་རྐྱེན་གྱིས་ནད་གཞི་ཕོག་པ་དང་སྙིང་རྩ་འགགས་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་2012ལོའི་ཟླ་3ཚེས་7ཉིན་སྟབས་མི་ལེགས་པར་གྲོངས་པ་དང་གྲོངས་དུས་ལོ་49ཡིན་པ་རེད།

        བློ་མཐུན་འཆི་མེད་ནི་དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་གྱི་མཚོན་བྱེད་ཅིག་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་གྱི་མིག་དཔེ་ཞིག སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་ཁྲོད་ཐོན་པའི་སྔོན་ཐོན་དཔེ་མཚོན་ཞིག་བཅས་རེད། བློ་མཐུན་འཆི་མེད་མངའ་རིས་སུ་སྐྱེས་པ་དང་། མངའ་རིས་སུ་ལས་ཀ་བྱས་པ། མངའ་རིས་སུ་ཚེ་སྲོག་ལེགས་སྐྱེས་ཕུལ་བ་བཅས་བྱས་ཡོད། ལས་ཀ་ལོ་26བྱེད་རིང་དམངས་ལ་བརྩེ་བ་དང་དམངས་ལ་དགའ་ཞེན་དང་། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ། སྤྱོད་གཙང་གཞུང་དྲང་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་མངོན་པ་བྱས་ཡོད། མ་གཞི་ཁོང་གི་གླ་ཕོགས་མཐོ་པོ་དེ་ཙམ་མེད་པ་དང་ཁྱིམ་ཚང་གི་འཚོ་བ་འབེལ་འབེལ་ལྷུག་ལྷུག་མེད་རུང་དུས་ཡུན་རིང་པོའི་ནང་གཞན་ལ་རོགས་པ་བྱ་རྒྱུར་དགའ་བས་དམིགས་བསལ་ཏང་གྲོན་སྒོར་1000བཏོན་ནས་སི་ཁྲོན་དབུན་ཁྲོན་དང་མཚོ་སྔོན་ཡུལ་ཤུལ་གྱི་གེགས་བར་རྗེས་ཀྱི་བསྐྱར་གསོའི་ཐད་རང་འགུལ་ངང་བཏང་བ་དང་དུད་ཚང་དབུལ་པོ་ཉི་མ་སྲིད་མཐར་དང་ཁ་གཏད་རོགས་སྐྱོར་བྱ་ཡུལ་བཟོས་ནས་ལོ་8བསྟུད་མར་རོགས་རམ་བྱས་པ་དང་རིམ་རྩིས་ལྟར་ན་སྒོར་ཁྲི་6ཙམ་བཏང་ནས་ཉི་མ་སྲིད་མཐར་གྱི་ཐོན་སྐྱེད་འཕེལ་རྒྱས་དང་དབུལ་སྒྲོལ་ཐད་རོགས་རམ་བྱས་པ་རེད། ཁོང་གིས་ས་མཐོའི་རང་བཞིན་གྱི་སྙིང་ནད་དང་། ཁྲག་ཤེད་མཐོ་བ། གྲུམ་ནད་སོགས་ཀྱི་ན་ཟུག་ལ་མ་འཛེམས་པར་རང་ཉིད་བློས་གཏོང་གིས་ལས་ཀ་བྱས་སྟབས་ནད་གཞི་བལྟ་བའི་དུས་ཚོད་ཐེངས་མང་ནར་འགྱངས་ཕྱིན་པ་དང་ཐོག་མཐའ་བར་གསུམ་དུ་ལས་ཀ་ཨང་དང་པོར་བཞག་ནས་རྟག་ཏུ་ལས་དུས་སྣོན་མ་བྱས་ཏེ་ལས་དོན་ཁག་གི་ལས་འགན་དུས་ཐོག་ཏུ་ལེགས་སྒྲུབ་བྱེད་ཀྱི་ཡོད། ཁོང་གིས་མང་ཚོགས་སྤུན་ཟླར་བརྩིས་ནས་ལོ་ལྟར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་ཉིན་100ལས་བརྒལ་གྱི་ཡོད་པ་དང་ཞིང་འབྲོག་ཁུལ་གྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ་མང་ཚོགས་ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་བྱེད་རོགས་བྱེད་ཀྱི་ཡོད་པས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་དགའ་གཅེས་དང་གུས་བཀུར་ཐོབ་ཡོད། ཁོང་མི་ཚུལ་ལྡན་ཞིག་ཡིན་པས་རྫོང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྟ་སྐུལ་ཅུས་ཀྱི་ཅུས་ཀྲང་བྱས་ཚུན་རྟག་ཏུ་གྱོད་གཞི་ཆེ་ཆུང་དང་ལས་གྲྭའི་རྣམ་གྲངས་མི་ཉུང་བ་ཞིག་ཞིབ་གཅོད་བྱས་ཡོད་རུང་ཁོང་གིས་གཞན་ལ་ངན་སེམས་རྩ་བ་ནས་བཅངས་མྱོང་མེད་ལ་ལྐོག་རྔན་ཡང་བླངས་མྱོང་མེད་པས་སྔ་རྗེས་སུ་སྒེར་རྩེ་རྫོང་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་20ལྷག་ཙམ་མི་ཕོག་པ་བྱས་པས་རྫོང་ཨུད་དང་གོང་རིམ་ལས་སྒོའི་སྡེ་ཚན་གྱི་གདེང་འཇོག་གང་ལེགས་ཐོབ་ཡོད་པ་རེད།

        བློ་མཐུན་འཆི་མེད་ཀྱི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱས་ནས་དུས་རབས་གསར་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་ལས་བཀུར་ལས་གཅེས་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་བླ་ན་མེད་པའི་སྙིང་སྟོབས་དར་སྤེལ་གཏོང་ཆེད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་འཆི་མེད་འདས་རྗེས “ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན ”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འཁེལ་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོས་བློ་མཐུན་འཆི་མེད་ཀྱི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ལྷག་བསམ་རྣམ་དག རང་སྲོག་སྐྱེས་སུ་ཕུལ་ནས་འགན་འཁྲི་སྒྲུབ་པ་བཅས་ཀྱི་ཁོང་གི་ཆབ་སྲིད་ཀྱི་ཀུན་སྤྱོད་ལ་སློབ་སྦྱོང་བྱེད་པ། གཞི་རིམ་དུ་གཞིས་ཆགས་པ་དང་། ལེགས་སྐྱེས་ཕུལ་རྒྱུར་དགའ་བ། ངལ་བ་དང་འཁང་ར་བཟོད་པ་བཅས་ཀྱི་བླ་ན་མེད་པའི་ཁོང་གི་སྤྱོད་ཚུལ་སློབ་སྦྱོང་བྱེད་པ། དམངས་ལ་དགའ་ཞེན་དང་དམངས་ལ་བརྩེ་བ་དང་། མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་གཅིག་སེམས་གཅིག་འབྲེལ། རང་དོན་དོར་ནས་གཞུང་དོན་སྒྲུབ་པ་བཅས་ཀྱི་ཁོང་གི་བརྩེ་སེམས་ཟབ་མོར་སློབ་སྦྱོང་བྱེད་པ། རང་གཅུན་ནན་པོ་དང་། ལས་འགན་སྒྲུབ་པ། སྤྱོད་ཚུལ་ལྡན་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ཁོང་གི་ཀུན་སྤྱོད་བཟང་པོར་སློབ་སྦྱོང་བྱེད་པ་བཅས་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་བློ་མཐུན་འཆི་མེད་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་དེ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་སྤེལ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཕེབས་སྐབས་ཀྱི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་བཀོད་སྒྲིག་ཞིབ་ཚགས་དང་དོན་འཁྱོལ་ནན་པོ་བྱས་ཐོག་སློབ་སྦྱོང་གི་གྲུབ་འབྲས་དེ་ཚན་རིག་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་བཅོས་བཅས་ཀྱི་བྱ་སྤྱོད་དངོས་ལ་འགྱུར་བ་བྱས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་དུས་བབ་བཟང་པོ་ཧུར་ཐག་གཏོད་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་པའི་འབོད་སྐུལ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།