དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • འགོ་ཁྲིད་ལས་བྱེད་པས་གཉེན་སྒྲིག་དང་།གཤིན་པོ་དུར་སྐྱེལ།དགའ་སྟོན་རྟེན་འབྲེལ་བཅས་ལ་ཁ་གཡར་ནས་རྒྱས་གཤོམ་བྱ་རྒྱུ་བཀག་འགོག་བྱེད་དགོས་པ་བསྐྱར་བཤད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་གོང་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་བརྡ་ཐོ་བཏང་ནས་འགོ་ཁྲིད་ལས་བྱེད་པས་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་བཅས་ལ་ཁ་གཡར་ནས་རྒྱས་གཤོམ་བྱ་རྒྱུ་བཀག་འགོག་བྱེད་དགོས་པ་བསྐྱར་བཤད་བྱས་པ་རེད།

        བརྡ་ཐོའི་ནང་ཉེ་ལམ་ལོ་ཤས་ནང་ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་གཅུན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཏན་འབེབས་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་སྲོལ་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་རྒྱུན་ཆད་མེད་པར་ཐག་གཅོད་བྱས་པར་གྲུབ་འབྲས་མངོན་གསོལ་དོད་པོ་ཐོབ་ཡོད། འོན་ཀྱང་ན་ནིང་ཚུན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་གཅུན་གྱི་གཏན་འབེབས་དང་འགལ་བའི་བྱེད་སྤྱོད་ས་ཆ་ལ་ལ་དང་སྡེ་ཚན་ཁག་གཅིག་ཏུ་ཐོན་འགོ་ཚུགས་པ་དང་ལྷག་དོན་དུ་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་བཅས་ལ་ཁ་གཡར་ནས་རྒྱས་གཤོམ་བྱེད་པའི་གནད་དོན་ཅུང་མངོན་གསལ་དོད་པོ་ཡོད། འགོ་ཁྲིད་ལས་བྱེད་པ་ལ་ལས་ལྗོངས་ཏང་ཨུད་ཀྱི་བཀའ་རྒྱ་ཁག་རྩིས་མེད་དུ་བཏང་ནས་སྔར་བཞིན་རྒྱས་གཤོམ་རྒྱས་སྤྲོས་བྱེད་པ་དང་། བརྡ་གཏོང་བ། མགྲོན་ཤོག་སྐྱེལ་བ་བཅས་བྱས་ཏེ་སྟོན་མོ་གྲ་རྒྱས་པོ་གཤོམ་པ་དང་། ལ་ལས་ཁག་བགོས་ནས་སྟོན་མོ་བཤམས་ཏེ་དངུལ་དང་རྒྱུ་ནོར་བསྡུ་བ། འགོ་ཁྲིད་ལ་ལས་ཤུགས་རྐྱེན་ངན་པོ་བཟོ་བར་མ་བལྟོས་པ་དང་། ཡུལ་དུས་ལ་མ་བལྟོས་པར་གང་གི་དུས་སུ་གདན་ཞུ་བྱས་ཚེ་དེ་འཕྲལ་བསྐྱོད་དེ་མིག་ལྟོས་ངན་པ་བཟོ་བ་སོགས་བྱེད་ཀྱི་ཡོད། གནད་དོན་དེ་དག་གིས་ལས་བྱེད་པར་བསླད་སྐྱོན་བཟོ་བ་དང་། སྤྱོད་ཚུལ་ངན་པ་འཕེལ་བར་བྱེད་པ། ཏང་དང་སྲིད་གཞུང་གི་གཟུགས་བཪྙན་ལ་གནོད་འཚེ་གཏོང་བ། སྤྱི་ཚོགས་ཀྱི་དར་སྲོལ་ལ་བསླད་སྐྱོན་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་ཡོད་པར་བརྟེན་མང་ཚོགས་ཀྱི་བསམ་འཆར་ཧ་ཅང་ཆེན་པོ་ཡོད། དེས་ན་ཚད་མཐོའི་མཐོང་ཆེན་བྱས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཡོ་བསྲང་མཐར་ཕྱིན་པ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

        བརྡ་ཐོའི་ནང་འདི་ལོའི་སློབ་བསྡུའི་ལས་ཀ་སྤེལ་བཞིན་ཡོད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཀྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་གཏིང་ཟབ་ཡོང་ཆེད། སྲོལ་བཟང་དང་སྤྱོད་བཟང་དར་སྤེལ་དང་བཏོད་དེ་འགོ་ཁྲིད་ལས་བྱེད་པས་དབང་ཆ་དང་གོ་གནས་ཀྱི་ཤུགས་རྐྱེན་སྤྱད་དེ་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་ལ་ཁ་གཡར་ནས་རྒྱུ་ནོར་ལེན་པའི་བྱེད་སྤྱོད་སྔོན་འགོག་དང་ཡོ་བསྲང་བྱེད་དགོས་པ་དང་། ལྷག་དོན་དུ་མིག་སྔར་ཕྲུ་གུ་སློབ་ཚུད་ཀྱི་རྟེན་འབྲེལ་བརྒྱུད་རིམ་ནང་རྒྱས་གཤོམ་བྱས་ནས་དངོས་རྒྱུ་ལེན་པའི་རིགས་བཀག་འགོག་བྱེད་དགོས་ཞེས་གསལ་པོ་བསྟན་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི 《འགོ་ཁྲིད་ལས་བྱེད་པས་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་ལ་ཁ་གཡར་ནས་རྒྱས་གཤོམ་བྱས་ཏེ་རྒྱུ་ནོར་ལེན་རྒྱུ་བཀག་འགོག་བྱ་རྒྱུའི་སྐོར་གྱི་གནས་སྐབས་ལག་བསྟར་གཏན་འབེབས 》ལ་གཞིགས་ཏེ་ད་ཆ་གཤམ་གསལ་སྒྲིག་ཁྲིམས་ཀྱི་བླང་བྱ་བསྐྱར་བཤད་བྱ་རྒྱུ་སྟེ།

        (གཅིག )དབང་ཆ་དང་གོ་གནས་ཀྱི་ཤུགས་རྐྱེན་སྤྱད་དེ་རང་ཉིད་དང་དེ་བཞིན་བཟའ་ཟླ་དང་། ཕ་མ། བུ་ཕྲུག་བཅས་ཀྱི་མིང་ཐོག་ནས་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། གོ་གནས་སྤོར་བ། བུ་ཕྲུག་སློབ་ཚུད། དམག་མིར་ཞུགས་པ། ལས་ཀར་ཞུགས་པ། སྐྱེས་སྐར་གཏོང་བ། ཁང་གསོལ་གཏོང་བ་བཅས་ཀྱི་གོ་སྐབས་ལ་བརྟེན་ནས་རྒྱས་གཤོམ་བྱས་ཏེ་དངུལ་དང་རྒྱུ་ནོར་ལེན་མི་ཆོག (གཉིས )འགོ་ཁྲིད་ལས་བྱེད་པ་རང་ཉིད་དང་དེ་བཞིན་ནང་མིས་གལ་ཏེ་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ་བྱེད་དགོས་ཚེ་དགོངས་སྐོར་སྙན་ཞུ་འབུལ་བའི་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། དེའང་སྔོན་ཚུད་ནས་རང་གནས་སའི་ཚན་པའི་ཏང་སྲིད་རྩ་འཛུགས་ལ་འདུན་ཞུ་ཕུལ་ཏེ་འབྲེལ་ཡོད་བྱ་བ་གཉེར་བའི་དུས་ཚོད་དང་། ས་ཆ། རྣམ་པ། གཞི་ཁྱོན་བཅས་གསལ་བཤད་བྱས་ཏེ་ཞིབ་བཤེར་ཆོག་མཆན་དང་མོས་མཐུན་ཐོབ་རྗེས་གཞི་ནས་གཉེར་ཆོག་པ་དང་འབྲེལ་ཚན་པར་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་ལ་སྙན་སེང་ཞུས་ནས་དཔྱད་གཞིར་བྱེད་པ་དང་བྱ་བ་ཚར་རྗེས་མི་སྒེར་གྱི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་རྩ་འཛུགས་ལ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས།

        (གསུམ )འགོ་ཁྲིད་ལས་བྱེད་པས་འབྲེལ་ཡོད་བྱ་བ་གཉེར་སྐབས་གདན་ཞུ་བྱེད་ཁོངས་ནི་འབྲེལ་ཡོད་མི་སྣའི་གཉེན་ཉེ་ཁོ་ན་ཡིན་དགོས་པའི་ཐོག་མི་གྲངས་ནི་50ཡི་ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པ་དང་། བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་རང་ཁོངས་ཚན་པ་དང་དེ་བཞིན་ལས་དོན་མི་སྣ་དང་ཞབས་ཞུ་དོ་དམ་བྱེད་ཡུལ་ལ་མགྲོན་ཤོག་སྐྱེལ་བའམ་བརྡ་ཐོ་གཏོང་མི་ཆོག འགན་དབང་ལ་བརྟེན་ནས་ཚན་པ་དང་མི་སྒེར་གང་ཞིག་གིས་གཞུང་དངུལ་སྤྱད་དེ་སྤྲད་པའི་ལག་རྟགས་དང་དངུལ་ལེན་མི་ཆོག གཞུང་གི་རླངས་འཁོར་དང་སྤྱི་པའི་དངོས་པོ་གཞན་དག་སྤྱོད་མི་ཆོག རྒྱལ་ཁབ་དང་། མཉམ་སྡེབ། མང་ཚོགས་བཅས་ཀྱི་ཁེ་ཕན་ལ་བཙན་གནོད་བྱེད་མི་ཆོག

        (བཞི )འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་རྒྱས་གཤོམ་བྱེད་པའི་སྤྱོད་ངན་ལ་བཀག་འགོག་བྱེད་པ་ལས་གཉེན་ཉེའི་འབྲེལ་བ་ཡོད་པ་ཕུད་པའི་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་གྱི་བྱེད་སྒོའི་རིགས་ཁག་ནང་ཞུགས་མི་ཆོག

        བརྡ་ཐོའི་ནང་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་ལེན་ནན་ཏན་བསྟར་ནས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཁྲིམས་ནན་པོ་ཡོང་བ་བྱེད་པ། ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ་འགོ་ཁྲིད་ལས་བྱེད་པས་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་ལ་ཁ་གཡར་ནས་རྒྱས་གཤོམ་བྱེད་རིགས་བཅོས་སྒྲིག་བྱེད་པའི་ལས་དོན་ལ་དངོས་སུ་དམ་འཛིན་བྱས་ནས་གྲུབ་འབྲས་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

        དེའང་གཅིག་ནས་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་གོམས་སྲོལ་བསྒྱུར་བ་དང་གྲོན་ཆུང་ལ་སྣང་ཆེན་དང་སྤྱོད་གཙང་ལ་བརྩི་མཐོང་བྱེད་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་དགོས་ཤིང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བས་ནང་དོན་གཙོ་བོར་བྱས་ནས་ཕུགས་བསམ་གྱི་དད་སེམས་དང་། ཏང་གི་དམིགས་ཡུལ། ཏང་ཁྲིམས་ཀྱི་སྒྲིག་སྲོལ། ཀུན་སྤྱོད་ཚད་གཞི་བཅས་ཀྱི་སློབ་གསོ་མངོན་གསལ་དུ་དམ་འཛིན་བྱེད་དགོས་པ་དང་། དཔེ་མཚོན་གྱི་གྱོད་གཞི་གང་ལེགས་སྤྱད་དེ་ཉེན་ཟོན་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྲིད་གཙང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། གོམས་སྲོལ་བསྒྱུར་རྒྱུ་མཐའ་འཁྱོངས་ཀྱིས་སྲོལ་ངན་གོམས་ཪྙིང་ལ་ངོ་རྒོལ་བྱེད་པ་དང་། གྲོན་ཆུང་བསྲི་ཚགས་ལ་སྣང་ཆེན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རྒྱས་གཤོམ་ལ་ངོ་རྒོལ་བྱེད་པ། སྤྱོད་ལམ་རང་གཅུན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དབང་ཆར་བརྟེན་ནས་རྒྱུ་ནོར་ལེན་པར་ངོ་རྒོལ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སྤྱོད་གཙང་རང་གཅུན་གྱི་འབྲེལ་ཡོད་གཏན་འབེབས་ལག་ལེན་ནན་པོ་བྱེད་པ་དང་བརྩི་སྲུང་ནན་པོ་ཞུས་ནས་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་ལག་ལེན་ཐོག་འཁྱོལ་བ་བྱས་ཏེ་འགོ་ཁྲིད་ལས་བྱེད་པས་འགན་དབང་དང་དབང་ཆའི་ཐད་ཀྱི་ཤུགས་རྐྱེན་སྤྱད་དེ་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་ལ་ཁ་གཡར་ནས་རྒྱུ་དངོས་ལེན་པའི་བྱེད་སྤྱོད་བཀག་འགོག་མཐར་ཕྱིན་པ་བྱེད་དགོས། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་གྱིས་རང་བཀུར་དང་། རང་བརྟག རང་སྲོལ། རང་སྐུལ་བཅས་བྱས་ནས་རང་རྟོགས་ངང་ཕན་མེད་རུལ་སུངས་ཀྱི་བསམ་བློའི་བསླད་སྐྱོན་ལ་བཀག་འགོག་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་མིག་དཔེ་བསྟན་དགོས།

        གཉིས་ནས་སྒྲིག་ཁྲིམས་ནན་པོ་ཡོང་བ་བྱས་ཏེ་རྒྱས་གཤོམ་སྒྲིག་འགལ་གྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་ཤིང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་ནན་ཏན་འཁུར་ནས་ཐེར་འདོན་གོང་ཞུར་བདག་སྤྲོད་ནན་ཏན་བྱེད་པ་དང་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་བཀག་རྒྱ་ཡོད་རུང་སྒྲིག་ཁྲིམས་ལས་འགལ་བའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་རྩ་འཛུགས་ཐོག་གི་ཐག་གཅོད་དང་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འགོ་ཁྲིད་ལས་བྱེད་པས་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་ལ་ཁ་གཡར་ནས་རྒྱས་གཤོམ་བྱེད་པ་དང་མིང་འདྲ་མིན་སྣ་ཚོགས་བཏགས་ནས་དངུལ་དང་རྒྱུ་ནོར་ལེན་རིགས་ལ 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག 》དང 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་བཅའ་ཁྲིམས 》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཏང་སྲིད་སྒྲིག་ལམ་ཐད་ཀྱི་ཆད་པ་གཅོད་དགོས། སྒྲིག་འགལ་གྱིས་བླངས་པའི་དངུལ་དང་དངོས་པོ་འབྲེལ་ཡོད་གཏན་འབེབས་ལྟར་གཞུང་བཞེས་སམ་ཡང་ན་ཕྱིར་སློག་བྱེད་དུ་འཇུག་དགོས། མི་སྒེར་གྱིས་གཞུང་དངུལ་སྤྱད་དེ་འགོ་ཁྲིད་ལས་བྱེད་པར་དངུལ་དང་དངོས་པོ་སྤྲད་པའི་རིགས་ལ་གཏན་འབེབས་ལྟར་ཏང་སྲིད་སྒྲིག་ལམ་ཐད་ཀྱི་ཆད་པ་གཅོད་པ་དང་འབྲེལ་སྤྱད་པའི་གཞུང་དངུལ་གྲངས་ཚང་ཕྱིར་ལོག་བྱེད་དུ་འཇུག་དགོས་པ། འགོ་ཁྲིད་ལས་བྱེད་པས་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་དེ་དེའི་སྲིད་གཙང་ཡིག་ཚགས་ནང་འཇུག་དགོས་པ། གནས་ཚུལ་ཚབས་ཆེའི་དཔེ་མཚོན་གྱོད་གཞིའི་རིགས་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱས་ནས་ཡོངས་བསྒྲགས་བྱེད་དགོས།

        གསུམ་ནས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ལས་བྱེད་པས་འགན་དབང་དང་གོ་གནས་ཀྱི་ཤུགས་རྐྱེན་སྤྱད་དེ་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་ལ་ཁ་གཡར་ནས་རྒྱུ་ནོར་ལེན་རྒྱུ་བཀག་འགོག་ནུས་ལྡན་བྱེད་དགོས་ཤིང་། ཀྲུང་དབྱང་གི 《ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རང་སྒེར་གྱི་འབྲེལ་ཡོད་བྱ་བ་སྙན་སེང་ཞུ་རྒྱུའི་སྐོར་གྱི་གཏན་འབེབས 》ལག་ལེན་ནན་པོ་བསྟར་ནས་འགོ་ཁྲིད་ལས་བྱེད་པས་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་སྔོན་ཚུད་ནས་སྙན་སེང་ཞུ་དགོས་པ་དང་འབྲེལ་བྱ་བ་གཉེར་རྗེས་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུས་ནས་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་དགོས། འགོ་ཁྲིད་ལས་ཁུངས་ཀྱིས་སྔོན་ཚུད་ནས་དྲན་སྐུལ་དང་བྱས་མི་ཆོག་པའི་རིགས་གཏན་འབེབས་ཡག་པོ་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ལྷུང་རང་བཞིན་དང་ཐོན་བཟོ་ཡོད་པའི་རང་བཞིན་གྱི་གནད་དོན་ཤེས་རྟོགས་ཐུབ་རྒྱུར་སྣང་ཆེན་བྱེད་པའི་ཐོག་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་གྱི་བྱ་བ་ཐོན་སླ་བ་དང་། ཐོན་མང་བ། ཐོན་མང་བའི་དུས་བཅས་དམ་འཛིན་གྱིས་སྔོན་ཚུད་ནས་སྔོན་འགོག་བྱེད་པ་དང་རྒྱུན་དུ་ཉེན་ཟོན་དྲིལ་བརྡ་བཏང་ནས་སྒྲིག་འགལ་གྱི་གནད་དོན་ཐོན་རྒྱུ་སྔོན་འགོག་བྱེད་དགོས་པ། མངོན་གསལ་རྟོག་ཞིབ་དང་མངོན་མེད་བརྟག་དཔྱད་བྱེད་པ་དང་། ཆེད་དོན་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་འགོ་ཁྲིད་ལས་བྱེད་པས་འགན་དབང་དང་གོ་གནས་ཀྱི་ཤུགས་རྐྱེན་སྤྱད་དེ་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་ལ་ཁ་གཡར་ནས་རྒྱུ་དངོས་ལེན་རྒྱུ་བཀག་འགོག་མཐར་ཕྱིན་པ་བྱེད་དགོས།

        བཞི་ནས་བདའ་འདེད་གཏོང་རྒྱུ་དོན་འཁྱོལ་བྱས་ནས་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་ཤིང་། ལས་ཀའི་འགན་འཁྲིའི་ལམ་ལུགས་ནན་པོ་ལག་བསྟར་བྱེད་དགོས་པ་སྟེ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་འགོ་ཁྲིད་ལས་བྱེད་པས་འགན་དབང་དང་དབང་ཆའི་ཐད་ཀྱི་ཤུགས་རྐྱེན་སྤྱད་དེ་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་ལ་ཁ་གཡར་ནས་རྒྱུ་ནོར་ལེན་པའི་བྱེད་སྤྱོད་ཐད་འགན་འཁྲི་གཙོ་བོ་འཁུར་དགོས་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས “ལས་གནས་གཅིག་དང་འགན་འཁྲི་གཉིས ”མཐའ་འཁྱོངས་བྱས་ཏེ་རང་ཉིད་ལ་དོ་དམ་ཡག་པོ་བྱེད་པ་དང་སྦྲགས་གཤམ་འོག་ལ་དོ་དམ་ཡག་པོ་བྱེད་པ་དང་། བཟའ་ཟླ་དང་། བུ་ཕྲུག ཉེ་འགྲམ་གྱི་ལས་དོན་མི་སྣ་བཅས་ལ་དོ་དམ་ཡག་པོ་བྱེད་དགོས། འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་འགོ་ཁྲིད་ལས་བྱེད་པས་འགན་དབང་དང་གོ་གནས་ཀྱི་ཤུགས་རྐྱེན་སྤྱད་ནས་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་ལ་ཁ་གཡར་ནས་རྒྱུ་ནོར་ལེན་པའི་བྱེད་སྤྱོད་རྒྱ་ཡན་དུ་བཏང་ནས་བཀག་འགོག་མི་བྱེད་པ་དང་ཞིབ་བཤེར་ཐག་གཅོད་མ་བྱས་པའི་དབང་གིས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་པའི་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ལ 《ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་གཏན་འབེབས 》ལྟར་འབྲེལ་ཡོད་འགོ་ཁྲིད་པའི་འགན་འཁྲི་བདའ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།