དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་སྟེ་ས་ག་ཟླ་བའི་ཆོས་ཕྱོགས་་ཀྱི་བྱེད་སྒོའི་རིང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་གོང་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཐིང་གིས་བརྡ་ཐོ་བཏང་སྟེ་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་སྒྲིག་ལམ་སྔར་བས་ནན་དུ་བཏང་སྟེ་ས་ག་ཟླ་བའི་ཆོས་ཕྱོགས་བྱེད་སྒོའི་རིང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།

        བརྡ་ཐོའི་ནང་བཏོན་དོན། དེང་སྐབས་རང་ལྗོངས་ཀྱི་སྤྱི་ཚོགས་ཡོངས་སྤྱིར་ན་བརྟན་ལྷིང་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་ཚུལ་བཟང་པོ་ཡོད་ཀྱང་ལྗོངས་ཕྱི་ནང་གི་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཕོག་པར་བརྟེན་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནོན་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད་པ་དང་ལྷག་པར་དུ་ས་ག་ཟླ་བའི་ཆོས་ཕྱོགས་བྱེད་སྒོའི་གཞི་ཁྱོན་ཆེ་བ་དང་། དུས་ཚོད་རིང་བ། མི་མང་བ་བཅས་ཡོད་ལ་ཡུལ་སྐོར་བ་མང་བའི་སྐབས་དང་འཁེལ་སྟབས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ལས་འགན་ལྕི་ཙམ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དེང་སྐབས་ཀྱི་འཐབ་རྩོད་ཐད་འཕྲད་པའི་དུས་བབ་ལ་ངོས་འཛིན་གང་ལེགས་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་རྒྱ་ཆེའི་ལས་བྱེད་པ་ཚོས་དུས་རྟག་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གལ་འགངས་ཤིན་ཏུ་ཆེ་བ་དང་ཁ་ཚ་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་ལས་ཆེ་རུ་གཏོང་བ་དང་། འགན་འཁྲི་ནན་ཏན་འཁུར་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དམ་འཛིན་ཤུགས་ཆེན་བཅས་བྱས་ཏེ་རྣམ་འགྱུར་གསལ་བ་དང་། བྱ་སྤྱོད་གཅིག་གྱུར། བྱ་ཐབས་ཉམས་སད་ཐེག་པ་བཅས་དང་ཏན་ཏིག་ནུས་ལྡན་གྱི་ལས་དོན་ཐོག་ནས་རང་ལྗོངས་ལ་ལས་སླ་པོར་བྱུང་མེད་པའི་རྒྱུན་མཐུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་རྣམ་པ་སྲ་བརྟན་དང་གོང་འཕེལ་བཏང་ནས་ས་ག་ཟླ་བའི་ཆོས་ཕྱོགས་བྱེད་སྒོའི་རིང་ལྗོངས་ཡོངས་སུ་གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་ གནད་དོན་འབྲིང་བ་ཡང་མི་ཐོན་པ་བྱེད་དགོས་པ་དང་གནད་དོན་ཆུང་ངུ་ཡང་མི་ཐོན་པའི་བརྩོན་ལེན་བྱས་ཏེ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།

        བརྡ་ཐོའི་ནང་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་དཔུང་ཁག་ནི་སྤྱིར་ན་ལེགས་པོ་ཡོད་ཀྱང་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་རེ་ཟུང་ལ་ཏང་གི་དྭངས་གཙང་རང་བཞིན་ཐད་ད་དུང་གནད་དོན་ཁ་ཤས་ཡོད་པ་དང་ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱི་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པོ་མེད་པ་དང་ཕུགས་བསམ་དང་དད་སེམས་བརྟན་པོ་མེད་པ། ཡིན་མིན་ཆེན་པོ་དང་ལྷག་པར་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ངོས་འཛིན་རབ་རིབ་དང་རྣམ་འགྱུར་བརྟན་པོ་མེད་པ། ཐ་ན་མངོན་གསལ་ངང་ཏཱ་ལའི་རྗེས་སུ་འབྲངས་པ་བཅས་དང་། ཏང་ཡོན་ལས་བྱེད་པ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་རེ་ཟུང་གིས་ཆོས་ལ་དད་པ་བྱེད་པ་དང་ཐ་ན་ཆོས་ཕྱོགས་བྱེད་སྒོའི་ནང་ཞུགས་པ། ཏང་གི་གཞི་རིམ་རྩ་འཛུགས་རེ་ཟུང་ནུས་མེད་ཁ་ཐོར་དུ་གྱུར་ནས་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་གྱི་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་ནན་པོ་མི་བྱེད་པ་སོགས་ཀྱི་མཚོན་ཚུལ་མངོན་གསལ་དོད་པོ་ཡོད། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་གཏོང་རྒྱུ་དང་དོ་དམ་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཏང་གི་དྭངས་གཙང་རང་བཞིན་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་སྒྲིག་ལམ་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་འགན་སྲུང་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་རིང་ལངས་ཕྱོགས་བརྟན་པོ་དང་། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་མཚུངས་བཅས་ཡོང་བ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གདོང་ལེན་དཔེ་བཟང་དང་རྐང་འཛིན་སྲོག་ཤིང་གི་ནུས་པ་ལེགས་པར་བཏོན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མེས་རྒྱལ་གྱི་གཅིག་གྱུར། མཐའ་མཚམས་ཀྱི་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེའི་གནད་དོན་ཐད་སྟོང་བསམ་གང་རུང་གཏན་ནས་འཆང་མི་ཉན་པ་དང་། ལྷོད་གཡེང་གང་རུང་གཏན་ནས་མི་བྱེད་པ། གཡོ་འགུལ་གང་ཡང་གཏན་ནས་མི་ཐེབས་པ། རབ་རིབ་གཏན་ནས་མི་བྱེད་པ། རང་ཁེ་བློ་མང་གཏན་ནས་བྱ་རྒྱུ་མེད་པར་སྔ་ཕྱི་བར་གསུམ་དུ་དར་ཆ་གསལ་སྟོན་དང་བློ་རྩ་ཧ་ཅང་བརྟན་པོ་ཡོད་དགོས། ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་ལས་བྱེད་པའི་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་ལས་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་རེ་བ་ནན་པོ་འདོན་པ་དང་ཏང་གི་འདུ་ཤེས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཏང་དང་མི་དམངས་ཀྱི་ཆེད་དུ་ཕན་ཡོད་ཀྱི་བྱ་བ་མུ་མཐུད་སྒྲུབ་པ་ལས་ས་ག་ཟླ་བ་སོགས་ཆོས་ཕྱོགས་བྱེད་སྒོའི་ནང་ཞུགས་མི་རུང་། ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་ལས་བྱེད་པ་དང་ཏང་རྩ་འཛུགས་དབར་གྱི་འབྲེལ་བ་དམ་དུ་བཏང་སྟེ་ཁོང་ཚོའི་བསམ་བློའི་འཁོར་ཕྱོགས་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ་ཐོན་སྲིད་པའི་རང་བཞིན་དང་ཕྱོགས་རིས་རང་བཞིན་གྱི་གནད་དོན་ལ་སྔ་ས་ནས་གོ་བརྡ་སྤྲོད་དགོས་པ་དང་སྔ་ས་ནས་དྲན་སྐུལ་བྱེད་དགོས།

        བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་གཙོ་བོར་ཏང་གི་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ལམ་ལུགས་དང་བྱ་ཐབས་ཁག་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱས་ནས་གཙོ་གནད་དུ་ཏང་ཡོན་ལས་བྱེད་པ་རེ་ཟུང་གི་ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་པ་དང་ངོས་འཛིན་རབ་རིབ་ཏུ་གྱུར་པ་དང་། ཆོས་ལ་དད་པ་བྱེད་པ་དང་ཏཱ་ལའི་རྗེས་སུ་འབྲངས་པ། མང་ཚོགས་དང་ཁ་བྲལ་བ། དམངས་དང་ཁེ་ཕན་ཧབ་ཐོབ་རྒྱག་པ། འགན་དབང་གང་བྱུང་དུ་སྤྱོད་པ་དང་དབང་ཆར་བརྟེན་ནས་སྒེར་ཕན་སྒྲུབ་པ་སོགས་ཀྱི་བསམ་བློ་དང་། སྤྱོད་ཚུལ། རྩ་འཛུགས་དྭངས་གཙང་མེད་པ། སྤྱོད་ངན་སྲིད་སྐྱོང་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ཆབ་སྲིད་ལམ་ལུགས་སྲུང་སྐྱོང་དང་ལག་ལེན་བསྟར་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནན་ལ་མྱུར་བའི་ངང་ཏང་ཡོན་ལས་བྱེད་པས་ཏཱ་ལའི་རུ་ཚོགས་ཀྱི་རྗེས་སུ་འབྲངས་བ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། མེས་རྒྱལ་གཅིག་གྱུར་ལ་གནོད་སྐྱེལ་བ་བཅས་ཀྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་པ་དང་ཏང་ཡོན་ལས་བྱེད་པས་ཆོས་ལ་དད་པ་བྱེད་པ་དང་། ས་ཁོངས་ཕྱི་རོལ་དུ་བསྐྱོད་དེ་ཏཱ་ལ་མཇལ་བ། ཆོས་ཕྱོགས་བྱེད་སྒོའི་ནང་ཞུགས་པ་བཅས་ཀྱི་ཆབ་སྲིད་ཀྱི་སྒྲིག་ལམ་དང་འགལ་བའི་བྱ་སྤྱོད་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས། གཙོ་བོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལྷག་དོན་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་དགོན་པར་བཅའ་སྡོད་དོ་དམ་ཨུ་ལྷན་གྱི་མི་སྣ་ཚོས་ལས་ཐོག་འགན་འཁྲི་འཁུར་བ་དང་ལས་དོན་སྒྲུབ་ཚུལ་དང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཚོར་སྣང་ལན་ཆ་མྱུར་བ་དང་འཕྲལ་སྡོམ་ཐག་གཅོད་བྱས་ཚུལ། གཙོ་གནད་མི་སྣ་དང་གཙོ་གནད་ས་ཆའི་སྔོན་འགོག་བཀག་སྡོམ་བྱས་ཚུལ། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ནང་ཁུལ་སྡེ་སྲུང་ལས་དོན་སྒྲུབ་ཚུལ། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པའི་བརྟན་ལྷིང་སྲུང་སྐྱོང་གི་ལས་བགོས་འགན་གཙང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལས་དོན་དོན་ཐོག་ཏུ་མི་འཁྱོལ་བ་དང་བྱ་ཐབས་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་འབྲེལ་ཡོད་སྡེ་ཚན་དང་ལས་བྱེད་པ་ཚོར་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུར་སྐུལ་མ་བཏང་སྟེ་ཏང་གི་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ལས་དོན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས། ཆད་པ་གཅོད་ཚད་ཆེ་རུ་བཏང་སྟེ་ཆབ་སྲིད་ཀྱི་སྒྲིག་ལམ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྒྲིག་ལམ་ལས་འགལ་བའི་གནད་དོན་ཐག་གཅོད་ནན་ཏན་བྱེད་དགོས། གུང་ཁྲན་ཏང་ཡོན་དང་། རྒྱལ་ཁབ་ཀྱི་གཞུང་ཞབས་མི་སྣ། སློབ་མ་བཅས་ཚང་མ་ས་ག་ཟླ་བ་སོགས་ཀྱི་ཆོས་ཕྱོགས་བྱེད་སྒོའི་ནང་ཞུགས་མི་ཆོག རྣམ་པ་གང་ཞིག་གི་ཐོག་ནས་ཞུགས་པ་ཤེས་ཚེ་མི་སྒེར་ལ་ཐག་གཅོད་ནན་པོ་བྱ་རྒྱུ་དང་འབྲེལ་དེ་གནས་སའི་ཚན་པའི་འགོ་ཁྲིད་པ་གཙོ་བོའི་འགན་འཁྲི་རྩད་གཅོད་ཀྱང་བྱ་རྒྱུ་དང་ཆབས་ཅིག་གུང་ཁྲན་ཏང་ཡོན་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་འགན་འཁྲི་ཧུར་ཐག་འཁུར་ནས་ནང་མི་དང་མཐའ་འཁོར་གྱི་མི་སྣ་ཚོར་ས་ག་ཟླ་བ་སོགས་ཆོས་ཕྱོགས་བྱེད་སྒོའི་ནང་ཞུགས་རྒྱུ་མེད་པའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས། 《སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྒྲུབ་རིང་གི་འགོ་ཁྲིད་ལས་བྱེད་པའི་འགན་ཤོར་ལས་འཛོལ་བྱ་སྤྱོད་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུའི་གནས་སྐབས་ལག་བསྟར་གཏན་འབེབས 》ལག་ལེན་ནན་པོ་བསྟར་ནས་ལས་གནས་བརྟན་སྲུང་མི་བྱེད་པ་དང་། འགན་འཁྲི་མི་འཁུར་བ། འགན་ཤོར་ལས་འཛོལ་བྱེད་པ། ལས་དོན་དོན་འཁྱོལ་མི་བྱེད་པ། བྱ་ཐབས་གནས་ལ་མི་འཁེལ་བ། བརྟན་ལྷིང་ཐད་གནད་དོན་ལྷག་པ་བཅས་ཡོད་ན་བྱས་རྗེས་ཆེན་པོ་གང་འདྲ་ཞིག་བཞག་ཡོད་མེད་ལ་མི་བལྟོས་པ་དང་། རིམ་པ་གང་ཞིག་གི་ལས་བྱེད་པ་ཡིན་མིན་ལ་མི་བལྟོས་པ། སྔོན་མ་ལས་ཀ་ཡག་པོ་གང་འདྲ་ཞིག་བྱས་ཡོད་མེད་ལ་མི་བལྟོས་པར་དང་ཐོག་ས་གནས་དེ་གར་གོ་གནས་མེད་པ་བཟོ་རྒྱུ་དང་དེ་རྗེས་སྒྲིག་བཤེར་ལྟ་སྐུལ་དང་རྩ་འཛུགས་མི་དོན་སོགས་སྡེ་ཚན་ལ་བརྟག་དཔྱད་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་རྒྱུ་མ་ཟད་ལྗོངས་ཡོངས་ལ་བརྡ་ཁྱབ་གཏོང་རྒྱུ་དང་གསར་འགྱུར་སྨྱན་སྦྱོར་གཙོ་བོའི་ཐོག་ཏུའང་དམར་རྗེན་དུ་བཏོན་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།