དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • འབྲི་གཡག་བཤམས་སྟོན་ཁང་གིས་ཞལ་འདེབས་དང་ལེན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འབྲི་གཡག་ནི་མདོ་དབུས་མཐོ་སྒང་དུ་འཚོ་གནས་བྱེད་པའི་དམིགས་བསལ་གྱི་འོ་འཐུང་སྲོག་ཆགས་ཁྱད་དུ་འཕགས་པ་ཞིག་ཡིན། འབྲོང་གཡུང་དུ་ཕབ་པ་དང་སྒོ་ཕྱུགས་སུ་ཉར་བ། བཀོལ་སྤྱོད་དང་ཁྱབ་རྒྱ་ཆེན་པོས་བེད་སྤྱོད་བྱས་ཏེ། ལོ་ངོ་སྟོང་ཕྲག་རིང་འབྲི་གཡག་དང་བོད་རིགས་མང་ཚོགས་ཕན་ཚུན་མཉམ་གནས་དང་གཅིག་ལ་གཅིག་བརྟེན་ངང་མདོ་དབུས་མཐོ་སྒང་དུ་འཚོ་གནས་བྱེད་བཞིན་ཡོད་དེ། དེས་བོད་མི་རིགས་ཀྱི་ཟས་གོས་འགྲོ་འདུག་དང་། མེ་ཤིང་དབོར་འདྲེན། རྨོ་འདེབས་རིག་གནས། བོད་མི་རིགས་ཀྱི་སེམས་ཁམས་དང་གཤིས་ཀ་སོགས་ལ་ཤུགས་རྐྱེན་ཐེབས་ནས། རིམ་གྱིས་ཐུན་མོང་མ་ཡིན་པའི་འབྲི་གཡག་རིག་གནས་ཤིག་ཆགས་ཡོད། དེ་མིན་འབྲི་གཡག་གི་སྣང་བཪྙན་འདུ་ཤེས་ཅན་དང་སྒྱུ་རྩལ་ཅན་དུ་བསྒྱུར་ཏེ་འགྲོ་བ་མིའི་རིགས་ཀྱི་འཕེལ་རིམ་ཁྲོད་རླབས་ཆེ་བའི་ལོ་རྒྱུས་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།

        མིག་སྔར་བསྐྲུན་བཞིན་པའི་འབྲི་གཡག་བཤམས་སྟོན་ཁང་ནི་པེ་ཅིང་གྲོང་ཁྱེར་གྱིས་ལྷ་སར་རོགས་སྐྱོར་གནང་བའི་རིག་གནས་གསར་གཏོད་ཀྱི་ལས་གྲྭ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཏེ་བོད་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་ཀྱི་གལ་ཆེའི་དཔེ་མཚོན་རང་བཞིན་ལྡན་པའི་རིག་གནས་འཛུགས་སྐྲུན་དང་། ཕྱི་ཕྱོགས་ལ་རིག་གནས་འབྲེལ་འདྲིས་བྱེད་པའི་ཐབས་ལམ་ཉག་ཅིག་ཀྱང་ཡིན། དེ་ནི་ཀྲུང་གོ་དང་ཡང་ན་འཛམ་གླིང་ཐོག་འབྲི་གཡག་དང་དེའི་རིག་གནས་མཚོན་པའི་ཆེད་འགྲེམས་ཁང་དང་སྤྱི་ཚོགས་མི་རིགས་རིག་པའི་ཁྱད་ཆོས་ལྡན་པའི་བཤམས་སྟོན་ཁང་ཞིག་ཡིན།

        འབྲི་གཡག་བཤམས་སྟོན་ཁང་གི་ལས་གྲྭར་པེ་ཅིང་དང་བོད་ལྗོངས་ས་ཆ་གཉིས་ཀྱི་ཏང་སྲིད་དབུ་ཁྲིད་དང་། ཆེད་མཁས་པ། མི་དམངས་མང་ཚོགས་ཀྱིས་གདེང་འཇོག་དང་རྒྱབ་སྐྱོར་ཆེན་པོ་ཐོབ། ཉེ་ཆར། འགྲེམས་ཁང་ཕྱི་ནང་གི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་ཆིག་ཁྲི་ལྷག་ཡོད་ལ། དེ་ལས་སྨི་ངོས་སྙོམས་གྲུ་བཞི་མ་བརྒྱད་སྟོང་ལྷག་ཡོད་པའི་འགྲེམས་ཁང་འཛུགས་སྐྲུན་གྱི་ལས་འགོ་བརྩམས་པ་དང་། སྤྱི་ལོ་2014 ལོར་ལས་གྲྭ་དངོས་སུ་མཇུག་འགྲིལ་གྱི་ཡོད། འབྲི་གཡག་བཤམས་སྟོན་ཁང་ནི་སྤྱི་ཕན་རང་བཞིན་ལྡན་པའི་རིག་གནས་ཚན་ཁག་ཅིག་ཡིན་པས། ནང་དོན་ཇུས་འགོད་ཐད་སྤྱི་ཚོགས་ལས་རིགས་ཁག་གི་འབྲེལ་ཡོད་མི་སྣའི་དགོངས་བཞེས་དང་ལས་ཞུགས་གནང་དགོས་ལ། སྔ་རྗེས་སུ་ལས་རིགས་ཁག་གི་མི་སྣས་འབྲི་གཡག་སྐོར་གྱི་ཅ་དངོས་ཞལ་འདེབས་སུ་འབུལ་མཁན་བྱུང་ཡོད་ལ། རྗེས་སུ་ལས་རིགས་འདི་ལ་ཤ་ཞེན་ཡོད་པའི་མི་སྣས་ཅ་དངོས་རིགས་ཞལ་འདེབས་རྩིས་ལེན་བྱེད་ཕྱོགས་ཀྱི་འབྲེལ་ཡོད་བརྡ་ཐོ་བཏང་བ་གཤམ་གསལ་ཏེ།

        གཅིག ཞལ་འདེབས་རྩིས་ལེན་གྱི་ཁྱབ་ཁོངས།

        དུས་རབས་འདྲ་མིན་ནང་བྱུང་བའི་འབྲི་གཡག་དང་འབྲེལ་བ་ཡོད་པའི་རང་བྱུང་། ལོ་རྒྱུས། སྒྱུ་རྩལ་རིགས་ཀྱི་དངོས་གཟུགས་དང་། དམར་དཔེ། དཔེ་ཪྙིང་དང་ཡིག་ཆ། བཪྙན་གཟུགས (མ་ཡིག་དང་འདྲ་ཅོག )སོགས་ཡིན།

        1.འབྲོང་གཡུང་ལ་ཕབ་པའི་བརྒྱུད་རིམ་གྱི་གནའ་དཔྱད་ཞིབ་འཇུག་གི་གྲུབ་འབྲས།

        2.འབྲི་གཡག་གི་སྐྱེ་དངོས་རིག་པའི་ཚན་རྩལ་ཞིབ་འཇུག་གི་གྲུབ་འབྲས།

        3.རྒྱ་བོད་དཔེ་ཪྙིང་དང་ཕྱི་ཡིག་ཁྲོད་འཁོད་པའི་འབྲི་གཡག་གི་ཡིག་ཆ་ཚད་ལྡན།

        4.འབྲི་གཡག་ལོ་རྒྱུས་ཀྱི་ཞིབ་འཇུག་གྲུབ་འབྲས།

        5.འབྲི་གཡག་དང་འབྲེལ་བ་ཡོད་པའི་ཐོན་སྐྱེད་ལག་ཆ་དང་འཚོ་བའི་ཡོ་བྱད།

        6.འབྲི་གཡག་གི་ཀོ་རྩིད་དང་རུས་པས་བཟོས་པའི་ཐོན་རྫས་སྣ་ཚོགས།

        7.ས་ཁུལ་ཁག་གི་གཡག་གི་རིགས་རྒྱུད་མི་འདྲ་བའི་མགོ་རུས་དང་དམར་དཔེ།

        8.གཡག་གི་སྒྱུ་རྩལ་ཐོན་རྫས། (གཡག་གི་ཀོ་བ་དང་རྩིད་པ་སོགས་ཀྱིས་བཟོས་པའི་བརྩམས་ཆོས་དང་གཡག་གི་ནང་དོན་མཚོན་པའི་དུས་རབས་འདྲ་མིན་གྱི་སྒྱུ་རྩལ་ཐོན་རྫས )

        9.རྒྱལ་ཁབ་ཕྱི་ནང་དུ་འབྲི་གཡག་བརྗོད་བྱར་བཟུང་བའི་སྦྲགས་འཛིན་དང་ཤོག་དངུལ།

        10.འབྲི་གཡག་གིས་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་སུ་ནུས་པ་ཐོན་པའི་དངོས་པོ། ཡིག་ཆ་དང་བཪྙན་གཟུགས་སོགས།

        11.འབྲི་གཡག་དང་འབྲི་གཡག་གི་རིག་གནས་མཚོན་ཐུབ་པའི་དངོས་པོ་གཞན་དག

        12.གལ་ཏེ་ཅ་དངོས་སོགས་མཁོ་འདོན་མ་ཐུབ་ཚེ་འབྲི་གཡག་མཚོན་ཐུབ་པའི་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་བྱེད་ཀྱང་ཆོག

        གཉིས། ཞལ་འདེབས་རྩིས་སྤྲོད་ཀྱི་རེ་འདུན།

        1.ཞལ་འདེབས་གནང་བའི་ཅ་དངོས་ཀྱིས་ངེས་པར་དུ་སྲོག་ཆགས་རིགས་རྒྱུད་གཅིག་དང་འགྲོ་བ་མིའི་རིགས་བར་གྱི་འབྲེལ་བར་སྒྲུབ་བྱེད་གཏོང་ཐུབ་པ།

        2.ཞལ་འདེབས་གནང་བའི་ཅ་དངོས་ཀྱིས་ངེས་པར་དུ་དོན་དངོས་ཀྱི་ལོ་རྒྱུས་དང་དེང་རབས་ཀྱི་ཆ་འཕྲིན་མཚོན་ཐུབ་པ།

        3.ཞལ་འདེབས་གནང་བའི་ཅ་དངོས་ཀྱི་ཡོང་ཁུངས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་མཐུན་དགོས།

        གསུམ། ཞལ་འདེབས་རྩིས་ལེན་གྱི་གོ་རིམ།

        1.ཞལ་འདེབས་འབུལ་མཁན་གྱིས་ཐོག་མར་བཤམས་སྟོན་ཁང་གི་གཞུང་ལས་ཁང་ལ་འབྲེལ་གཏུག་བྱེད་པ་བརྒྱུད་ཞལ་འདེབས་གནང་འདོད་ལ་གསལ་བཤད་དང་། དེ་ནས་ཞལ་འདེབས་ཕུལ་བའི་དོན་དག་ངོ་འཕྲད་ཀྱིས་གྲོས་བསྡུར་བྱ་དགོས།

        2.ཞལ་འདེབས་རྩིས་ལེན་མཁན་གྱིས་ཞལ་འདེབས་ཕུལ་བའི་ཅ་དངོས་ལ་བརྟག་དཔྱད་དང་ཡང་ན་ཆེད་མཁས་པ་གདན་འདྲེན་ཞུས་ནས་ཅ་དངོས་ཀྱི་རིམ་པར་ཆོད་སྡོམ་འཇོག་དགོས།

        3.ཞལ་འདེབས་རྩིས་ལེན་མཁན་གྱིས་ཞལ་འདེབས་འབུལ་མཁན་ལ་ཞལ་འདེབས་དཔང་ཡིག་དང་ཉར་ཚགས་དཔང་ཡིག་སྤྲོད་དགོས།

        4.ཞལ་འདེབས་ནི་མ་སྐུལ་དང་བླངས་ངང་སྤྱི་ལ་ཕན་པ་དང་དགེ་ལས་ཀྱི་ཀུན་སྤྱོད་ཅིག་དང་རིན་མེད་ཞལ་འདེབས་ཀྱི་རྣམ་པ་ཞིག་ཡིན་པས། ཞལ་འདེབས་འབུལ་མཁན་དང་རྩིས་ལེན་མཁན་བར་སྤེལ་བའི་ཚོང་ལས་ཀྱི་བྱ་སྤྱོད་ཞིག་མིན། ཞལ་འདེབས་རྩིས་ལེན་མཁན་གྱིས་ཞལ་འདེབས་འབུལ་མཁན་ལ་ཅ་དངོས་དེ་དག་་བེད་སྤྱོད་ཀྱི་དམིགས་ཡུལ་དང་ཉར་ཚགས་། ཅ་དངོས་འབུལ་མཁན་གྱི་མིང་ཐོ་འགོད་པ་དང་མིང་ཐོ་མི་འགོད་པ། དེ་མིན་བེད་སྤྱོད་ཀྱི་རྩ་དོན་སོགས་ཞལ་འདེབས་འབུལ་མཁན་ལ་གསལ་བཤད་དང་ཁོང་ཚོར་དམིགས་བསལ་གྱི་ཐོབ་ཐང་སོགས་སྤྲོད་རྒྱུར་ཁས་ལེན་བྱ་རྒྱུ་ཡིན།

        5.ཞལ་འདེབས་མཁན་གྱིས་ཞལ་འདེབས་འབུལ་བའི་བརྒྱུད་རིམ་ཁྲོད་བྱུང་བའི་འགྲོ་སོང་ལ་རྩིས་ལེན་མཁན་གྱིས་དགོས་ངེས་ཀྱི་གནས་ཚུལ་འོག་བྱ་དགའ་སྤྲོད་དགོས།

          བཞི། ཞལ་འདེབས་རྩིས་ལེན་མཁན་གྱི་གསལ་བསྒྲགས།

        སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་ཞབས་ཞུ་ཚན་ཁག་ལ་ཅ་དངོས་ཞལ་འདེབས་གནང་བ་ནི་སྤྱི་ཚོགས་ཞབས་ཞུ་དང་མི་རབས་རྗེས་མར་བདེ་སྐྱིད་སྐྲུན་པ། མི་རིགས་ཀྱི་སྤྱོད་བཟང་དར་སྤེལ་དང་རིག་གནས་ལ་ཤ་ཞེན་ཆེ་བའི་དགེ་ལས་ཤིག་ཡིན་པས། སྤྱི་ཚོགས་ཡོངས་ཀྱིས་བརྩི་བཀུར་དང་རྗེས་སུ་ཡི་རངས་བྱ་དགོས་ཞིག་ཡིན། ཞལ་འདེབས་གནང་བའི་ཅ་དངོས་བཤམས་སྟོན་ཁང་དུ་མཛོད་ཉར་བྱས་རྗེས་སྤྱི་ཚོགས་ལ་དབང་བ་ལས་མི་སྒེར་གང་རུང་ལ་ཡང་མི་དབང་བ་དང་། དངོས་པོ་དེ་རིགས་ཉར་ཚགས་གང་ལེགས་ཀྱིས་ཞིབ་འཇུག་དང་། དྲིལ་བསྒྲགས། རྒྱུན་འཛིན་བྱས་ཏེ་སྤྱི་ཚོགས་ཀྱི་རིན་ཐང་མངོན་འགྱུར་བྱ་དགོས། འབྲེལ་ཡོད་ཀྱི་འོས་འགན་དང་འགན་འཁྲི་ནི་རང་མོས་དང་མཛའ་བརྩེ་གྲོས་མོལ་བརྒྱུད་ཐག་གཅོད་བྱ་དགོས། དགོས་ངེས་སྐབས་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་བྱ་དགོས། བཤམས་སྟོན་ཁང་གྲ་སྒྲིག་གཞུང་ལས་ཁང་གི་ཁྲིམས་ལུགས་བློ་འདོན་པ་གདན་ཞུ་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་རྒྱུ།

        ལྔ། ཞལ་འདེབས་རྩིས་ལེན་མཁན་གྱི་འབྲེལ་གཏུག་བྱ་ཡུལ།

        སྡོད་གནས། བོད་རང་སྐྱོང་ལྗོངས་གྲོང་ཁྱེར་ལྷ་སའི་སྣེའུ་གསར་སྤེལ་ཁུལ་སྣེའུ་ཐོག་བརྩེགས།

        སྦྲག་ཨང་། 850000

        ལས་ཁུངས། འབྲི་གཡག་བཤམས་སྟོན་ཁང་གྲ་སྒྲིག་གཞུང་ལས་ཁང་།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།