དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ལྗོངས་ཀྱི“གཞི་རྩའི་ཆ་གཉིས”ལས་དོན་གྱི་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ལྗོངས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་ལོ་དགུའི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་ཁྱབ་གདལ་གཏོང་བ་དང་གཞོན་ནུ་དང་དར་མའི་ཡིག་རྨོངས་གཞི་རྩའི་ཆར་སེལ་བའི (གཤམ་དུ་བསྡུས་མིང་དུ “གཞི་རྩའི་ཆ་གཉིས ”ཞེས་བརྗོད་རྒྱུ )དམིགས་ཚད་དང་ལས་འགན་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་བ་བྱས་ཡོད། 2011ལོའི་ཟླ་9པར་རྒྱལ་ཁབ་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཚོགས་པས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་སློབ་གསོ་པུས་རང་ལྗོངས་སུ “གཞི་རྩའི་ཆ་གཉིས ”ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ་དངོས་སུ་ཁས་ལེན་བྱས་ཡོད། “གཞི་རྩའི་ཆ་གཉིས ”ལས་དོན་གྱི་འགག་སྒྲོལ་བརྒྱུད་རིམ་ཁྲོད་ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོས་ཁྱོན་ཡོངས་ལ་དམིགས་པ་དང་། གཞོགས་འདེགས་དམ་ཟབ་བྱེད་པ། “བོད་སྐྱོད་པ་ཪྙིང་པའི ”སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་རྨང་གཞིའི་སློབ་གསོའི་བྱ་གཞག་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པ་དང་གྲུབ་འབྲས་མངོན་གསལ་དོད་པ་དང་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་འབོར་ཆེན་ཞིག་ཐོན་ཡོད།

        སྔོན་ཐོན་ལ་གཟེངས་བསྟོད་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ནུས་ཤུགས་ཡོད་རྒུས “གཞི་རྩའི་ཆ་གཉིས ”སྲ་བརྟན་མཐོར་གཏོང་དང་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་སྔར་བས་སྐུལ་ལྕག་གཏོང་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་སོགས་ས་ཁུལ་དང (གྲོང་ཁྱེར )7ལ་ལྗོངས་ཡོངས་ཀྱི “གཞི་རྩའི་ཆ་གཉིས ”ལས་དོན་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་བྱ་དགའ་སྤྲོད་རྒྱུ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཁང་སོགས་ཚན་པ་99ལ་ལྗོངས་ཡོངས་ཀྱི “གཞི་རྩའི་ཆ་གཉིས ”ལས་དོན་གྱི་སྔོན་ཐོན་ཚན་པའི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ། དབྱང་པིན་སོགས་བློ་མཐུན་374ལ་ལྗོངས་ཡོངས་ཀྱི “གཞི་རྩའི་ཆ་གཉིས ”ལས་དོན་གྱི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་ཡིན།

        གཟེངས་བསྟོད་ཐོབ་མཁན་གྱི་སྔོན་ཐོན་ཚན་པ་དང་མི་སྒེར་གྱིས་ཁེངས་སྐྱུང་གཟབ་ནན་དང་ཡང་འབད་བསྐྱར་འབད་ཀྱིས་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་འདོན་རྒྱུ་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་མིག་དཔེར་འཛིན་ནས་དད་སེམས་བརྟན་པ་དང་ཁྱོན་ཡོངས་ལ་བསམ་བློ་གཏོང་བའི་ཁོང་ཚོའི་བླ་ན་མེད་པའི་བསམ་བློ་དང་། དཀའ་སྤྱད་འབད་འཐབ་དང་ལེགས་སྐྱེས་འབུལ་ཕོད་པའི་ཁོང་ཚོའི་གཤིས་རྒྱུད་བཟང་པོ། གསར་འབྱེད་གསར་གཏོད་དང་སྙིང་རུས་ལྷོད་མེད་ཀྱི་ཁོང་ཚོའི་ཡར་བརྩོན་སྙིང་སྟོབས། དམ་པ་དོན་གཉེར་དང་རྩེར་སོན་དོན་གཉེར་གྱི་ཁོང་ཚོའི་སྤྱོད་ཚུལ་བཟང་པོ་བཅས་ལ་སློབ་སྦྱོང་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། “གཞི་རྩའི་ཆ་གཉིས ”ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ། སློབ་གསོའི་བྱ་གཞག་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་རྒྱུ་དེ་བོད་ལྗོངས་འཕེལ་རྒྱས་ཀྱི་གཞི་རྩའི་ཇུས་ཆེན་དུ་བརྩི་བ། རྨང་གཞིའི་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་ཆེད་དང་བོད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།