དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2012ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་ཀྱི་རིང་སྤྱོད་གཙང་རང་འདོམས་ཀྱི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པའི་སྐོར་གྱི་བརྡ་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ས་ཁུལ (གྲོང་ཁྱེར )ཁག་གི་སྒྲིག་ཨུད་དང་ལྟ་ཞིབ་ཅུས་དང་། ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཐིང་གིས་མངགས་གཏོང་བྱས་པའི་སྒྲིག་བཤེར་ཚོགས་ཆུང་དང་ལྟ་ཞིབ་ཁང་། ལྗོངས་ཐད་གཏོགས་སྒྲིག་ཁྲིམས་ལས་དོན་ཨུ་ལྷན། ལྗོངས་སློབ་གསོ་སྒྲིག་ཁྲིམས་ལས་དོན་ཨུ་ལྷན་བཅས་ལ།

        2012ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་འཆར་ཉེར་ཡོད་པས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་2012ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་རིང་གི་སྤྱོད་གཙང་རང་འདོམས་ཀྱི་ལས་དོན་ལེགས་པར་སྒྲུབ་ཆེད་ད་ལྟ་རེ་བ་འདོན་རྒྱུ་གཤམ་གསལ།

        གཅིག ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ནས་དུས་ཆེན་རིང་གི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལེགས་པར་སྒྲུབ་དགོས།

        དུས་ཆེན་ཆེན་པོ་གསུམ་རིང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགན་འཁྲི་ལྕི་བ་དང་ལས་འགན་དཀའ་ཚེགས་ཆེན་པོ་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཟླ་12ཚེས་2ཉིན་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་དེང་སྐབས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤྱི་ཡོངས་དུས་བབ་ཐད་སྤྱད་པའི་ལྗོངས་ཏང་ཨུད་ཀྱི་བརྡར་ཤའི་ཐོག་གཅིག་གྱུར་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་དེང་སྐབས་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་གྱི་ཛ་དྲག་དང་ཪྙོག་འཛིང་གི་དུས་བབ་ལ་ངོས་འཛིན་གང་ལེགས་བྱེད་པ་དང་ ཐོག་མཐའ་བར་གསུམ་དུ་རིགས་པ་དྭངས་གསལ་ཡོང་བ་བྱས་ཏེ་བག་གཡེང་སྣང་མེད་ཀྱི་བསམ་བློ་དང་ལྷོད་གཡེང་དམག་སུན་གྱི་བསམ་ཚུལ་མཐའ་གཅིག་ཏུ་བསལ་ཏེ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་བཟུང་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། ཉེན་བསམ་གྱི་འདུ་ཤེས། ཉེན་ཁའི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཆེ་རུ་ཏན་ཏིག་བཏང་སྟེ་སྔ་ཕྱི་བར་གསུམ་དུ་ལངས་ཕྱོགས་བརྟན་པོ་དང་། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། གོམ་སྟབས་གཅིག་གྱུར་བཅས་ཡོང་བ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི “སྔ་ཙམ་དམ་འཛིན་བྱེད་པ་དང་། ཆུང་ཙག་ནས་དམ་འཛིན་བྱེད་པ། དམ་འཛིན་མགྱོགས་པོ་བྱེད་པ། དམ་འཛིན་ཡག་པོ་བྱེད་པ ”བཅས་ཀྱི་སྤྱི་ཡོངས་ཀྱི་བླང་བྱ་ལྟར་སེམས་ནུས་མི་ཉམས་པ་དང་། ཤུགས་སྣོན་རྒྱག་ཚད་ཆུང་དུ་མི་གཏོང་བ། ལས་དོན་ཟང་ཟིང་མི་ཡོང་བ་བཅས་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཆད་ལུས་མེད་པར་དོན་འཁྱོལ་བྱེད་དགོས། ལྗོངས་ཏང་ཨུད་གཞུང་ལས་ཐིང་དང་སྲིད་གཞུང་གཞུང་ལས་ཐིང་གིས་ཉེ་ཆར་པར་འགྲེམས་བྱས་པའི 《བརྟན་ལྷིང་སྲུང་སྐྱོང་ལས་དོན་ནང་གི་འགོ་ཁྲིད་ལས་བྱེད་པའི་འགན་ཤོར་དང་། འགན་འཛོལ་བྱེད་སྤྱོད་ཀྱི་འགན་འཁྲི་བདའ་འདེད་གཏོང་བའི་གནས་སྐབས་ལག་བསྟར་གཏན་འབེབས 》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་དམ་འཛིན་ལེགས་པར་བྱས་ནས་འགོ་ཁྲིད་ལས་བྱེད་པས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལེགས་པར་སྒྲུབ་པའི་འགན་འཁྲིའི་སེམས་པ་དང་དགོས་གཏུགས་ཀྱི་སེམས་པ་མཐོ་རུ་ཏན་ཏིག་གཏོང་དགོས། ལས་དོན་དོན་འཁྱོལ་མི་བྱུང་བ་དང་འགན་ཤོར་འགན་འཛོལ་གྱིས་རྐྱེན་པས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་དོན་རྐྱེན་གལ་ཆེན་ཐོན་པའི་འགོ་ཁྲིད་ལས་བྱེད་པར་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་འབྲེལ་གནས་ཚུལ་ལྟར་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་ཡང་གཅོད་དགོས།

        གཉིས། སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་འདོམས་ལ་སྐུལ་མ་གཏོང་དགོས།

        ཏང་ཤིས་དང་། ཏང་སྲོལ། ཏང་སྒྲིག་བཅས་ཀྱི་སློབ་གསོ་གཏིང་ཟབ་བཏང་ནས་ཏང་ཡོན་ལས་བྱེད་པའི་གྲོན་ཆུང་བསྲི་ཚགས་དང་དཀའ་སྤྱད་འབད་འཐབ་ཀྱི་རང་རྟོགས་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་རང་འདོམས་ཀྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་གཏན་འབེབས་ཁག་བརྩི་སྲུང་ནན་པོ་ཞུ་བ་དང 《སྲིད་གཙང་བསྲུང་བྱ 》དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས “གཏན་འགོག་8དང ”“བྱེད་མི་ཆོག་པ་52”ལ་གཞིགས་ནས་ལྟ་བསྡུར་བྱེད་དགོས། གཞུང་དངུལ་སྤྱད་ནས་འབུལ་དངུལ་དང་། དངོས་རྫས་ཉོ་བའི་གཱ རིན་ལྡན་ཤོག་འཛིན་བཅས་སྤྲོད་རྒྱུ་གཏན་འགོག་བྱེད་པ་དང་། གཞུང་དངུལ་སྤྱད་ནས་ཟ་རྒྱགས་སྤྱོད་གསུམ་དང་། རི་སྐོར་ཀླུང་སྐོར། རྒྱལ་ཁབ (ས་མཚམས )ཕྱི་རོལ་དུ་ཡུལ་སྐོར་དུ་འགྲོ་བ། འཛད་སྤྱོད་མཐོ་བའི་རོལ་རྩེད་བྱེད་སྒོ་སྤེལ་བ་བཅས་གཏན་འགོག་བྱེད་པ། བག་མ་བསུ་ ལེན་དང་གཤིན་པོ་དུར་སྐྱེལ་སོགས་རྒྱ་ཆེན་པོ་གཉེར་ནས་རྒྱུ་དངུལ་ལེན་ཐབས་བྱེད་པ་གཏན་འགོག་བྱེད་པ། བྱ་ཐབས་གང་རུང་གི་རྒྱན་པོ་འགྱེད་རྒྱུ་གཏན་འགོག་བྱེད་པ། མིང་སྣ་ཚོགས་ཀྱི་ཐོག་ནས་ལོ་མཇུག་ཏུ་འཕྲལ་དུ་དངུལ་གཏོར་བ་དང་ཕོགས་སྣོན་དང་། རོགས་དངུལ། བྱ་དགའི་དངུལ། དངོས་པོ་བཅས་གང་བྱུང་དུ་འགྲེམས་པ་དང་མིང་ཙམ་བསྒྱུར་ནས་འགྲེམས་རྒྱུ་གཏན་འགོག་བྱེད་པ། གཏན་འབེབས་ལས་འགལ་ཏེ་གཞུང་འཁོར་སྒེར་གཏོང་དང་། གཞུང་འཁོར་སྒེར་སྤྱོད། གཤམ་འོག་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ་ནས་རླངས་འཁོར་གཡར་བ་སོགས་ཀྱི་བྱེད་སྤྱོད་གཏན་འགོག་བྱེད་དགོས། ལོ་མཇུག་ཏུ་དཔྱད་བསྡུར་ཚད་ལོན་དང་གཟེངས་བསྟོད་ཀྱི་བྱེད་སྒོ་སྣ་ཚོགས་ཚོད་འཛིན་ནན་པོ་བྱེད་པ་དང་ཞིབ་བསྡུར་ཚོགས་འདུ་དང་། གླེང་སྟེགས། རྟེན་འབྲེལ་མཛད་སྒོ་བཅས་ཀྱི་བྱེད་སྒོ་ཚོད་འཛིན་ནན་པོ་བྱེད་དགོས།

        གསུམ། སྤྱོད་ཚུལ་འགྱུར་ལྡོག་ཏན་ཏིག་བཏང་སྟེ་མི་དམངས་མང་ཚོགས་ཀྱི་གནད་དོན་དངོས་ནན་ཏན་ངང་ཐག་གཅོད་བྱེད་དགོས།

        རིམ་ཁག་ཏང་སྲིད་ལས་ཁུངས་དང་ལས་དོན་མི་སྣས་སྤྱོད་ཚུལ་འགྱུར་ལྡོག་ཏན་ཏིག་བཏང་ནས་དཔོན་ཉམས་རིང་ལུགས་དང་ཕྱི་ཚུལ་རིང་ལུགས་ཁྱད་བསད་བྱས་ཏེ་ནུས་ཆོད་ཆེར་བསྐྱེད་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མི་དམངས་ལ་ཞབས་འདེགས་ཞུ་དགོས། རོགས་སྐྱོར་རོགས་སྐྱོབ་དང་དྲོ་སྐྱིད་སྦྱིན་པ་དང་གཅེས་སེམས་མཚོན་པའི་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་ཏུ་སྤེལ་ནས་གཞི་རིམ་དང་མང་ཚོགས་ཁྲོད་དུ་ཟབ་སྐྱོད་བྱས་ནས་མང་ཚོགས་ཀྱི་རེ་འབོད་ཉན་པ་དང་མང་ཚོགས་ཀྱི་བདེ་སྡུག་ཤེས་པར་བྱས་ཏེ་དམངས་འདོད་དང་མཐུན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་མིག་མཐོང་ལག་ཟིན་གྱི་བྱ་བ་ལེགས་པར་སྒྲུབ་དགོས། ངོ་བཅར་དང་གཤམ་གཏོང་གི་བྱེད་སྒོ་ནན་ཏན་ངང་སྤེལ་ཏེ་མང་ཚོགས་ཚོའི་ཞུ་འབོད་ཆེ་བའི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་ཏན་ཏིག་བྱེད་དགོས། དུས་ཆེན་རིང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་ཟོག་རྫུས་མ་དང་སྤུས་ཞན་དང་ལྷག་པར་དུ་ཟ་བཅའ་དང་སྨན་རྫས་རྫུས་མ་དང་སྤུས་ཞན་བཟོ་ཚོང་དང་ཟོག་གོང་ཧམ་སྤོར་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས། བྱ་ཐབས་ནུས་ལྡན་སྤྱད་ནས་ཁེ་ལས་ཀྱི་ལམ་ལུགས་སྒྱུར་བ་དང་། ས་བསྡུ་སྤོ་བཤིག ཞིང་འབྲེལ་གྱི་ཁེ་ཕན། སློབ་གསོ་སྨན་བཅོས། ཁོར་ཡུག་སྲུང་སྐྱོང་། ངལ་རྩོལ་རྩོད་གཞི་སོགས་ཐད་ཀྱི་མང་ཚོགས་ཀྱི་ཞུ་འབོད་ཆེ་བའི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་ལེགས་པར་བྱས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། ཁེ་ལས་ཀྱིས་ལས་བཟོའི་གླ་ཆ་ཆད་འགྱངས་དང་འཛུགས་སྐྲུན་ཚན་པས་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་བྱེད་པའི་གནད་དོན་ཐག་གཅོད་ནན་ཏན་བྱས་ནས་དུས་ཆེན་གྱི་གོང་དུ་ཁོང་ཚོར་ཐོབ་འོས་པའི་ཐོབ་ཆ་དུས་ཐོག་ཏུ་ཐོབ་རྒྱུའི་འགན་ལེན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀར་ཚད་མཐོའི་མཐོང་ཆེན་བྱས་ནས་དུས་ཆེན་གོང་དུ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བཅོས་སྐྱོང་གི་བྱ་སྤྱོད་གཅིག་སྡུད་ཐོག་ལེགས་པར་སྤེལ་དགོས། དུས་ཆེན་རིང་མང་ཚོགས་རང་བཞིན་གྱི་རིག་གནས་རོལ་རྩེད་བྱེད་སྒོ་ཆེ་གྲས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གོ་རིམ་ལྟར་བཀའ་འཁྲོལ་སྙན་སེང་ཞུ་བ་དང་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་ལས་འཛོལ་སྣ་ཚོགས་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་ཀ་དང་འཚོ་བར་སེམས་ཁུར་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིའི་འཚོ་བ་དང་ཁྱིམ་ཚང་གི་དཀའ་ངལ་ཐག་གཅོད་ལེགས་པར་བྱེད་དགོས།

        བཞི། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས།

        རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ནན་ཏན་ངང་དོན་འཁྱོལ་བྱས་ནས་དུས་ཆེན་རིང་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་། ལྟ་སྐུལ། དོ་དམ་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མངོན་གསལ་དོད་པོར་བཞག་ནས་དམ་འཛིན་ནན་པོ་བྱེད་དགོས། རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་རང་འདོམས་ཀྱི་གཏན་འབེབས་ཁག་སྣེ་ཁྲིད་དེ་བརྩི་སྲུང་ཞུ་བ་དང་རང་དཔེ་གཞན་སྟོན་བྱེད་དགོས། རིམ་ཁག་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང་དགོན་སྡེའི “འཛུགས་སྐྱོང་དྲུག ”ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་འགྲོའི་གྲྭ་བཙུན་གྱི་དོ་དམ་དང་གྲོང་ཁྱེར་དྲ་སྦྲེལ་ཅན་གྱི་དོ་དམ་སོགས་ཀྱི་ལས་དོན་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་བསྒོས་ཀྱང་མི་སྒུལ་བ་དང་བཀག་ཀྱང་མི་ཉན་པའི་བྱ་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་ལྗོངས་ཏང་ཨུད་ཀྱིས་གཏན་ལ་ཕབ་པ་དང་ལག་ལེན་བསྟར་བའི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་དོན་འཁྱོལ་ཐུབ་རྒྱུའི་འགན་ལེན་བྱེད་དགོས། ཏང་ཡོན་ལས་བྱེད་པར་ཆབ་སྲིད་དང་སྒྲིག་ལམ་གྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་ཏང་ཡོན་ལས་བྱེད་པར་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་སྒྲིག་བཀུར་ཁྲིམས་སྲུང་གི་དཔེ་བཟང་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས། རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་སྒྲིག་ལམ་བརྩི་སྲུང་དང་ལག་ལེན་བསྟར་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཀྱི་སྒྲིག་ལམ་ལས་འགལ་བའི་གྱོད་གཞི་ནན་ཞིང་མྱུར་བའི་སྒོ་ནས་ཞིབ་བཤེར་ཐག་གཅོད་བྱེད་དགོས། དུས་ཆེན་རིང་གཙོ་གནད་འཐེན་བཤེར་དང་མངོན་ལྡོག་གཉིས་སུ་ཞིབ་བཤེར་བྱས་ནས་སྒྲིག་སྲོལ་ལས་འགལ་བའི་བྱ་སྤྱོད་དུས་ཐོག་དུ་ཤེས་པ་དང་ཡོ་བསྲང་བྱས་ནས་ཏང་ཡོན་ལས་བྱེད་པའི་སྤྱོད་གཙང་རང་འདོམས་ཀྱི་གཏན་འབེབས་ལས་འགལ་བའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས།

        ཀྲུང་གུང་བོད་རང་སྐྱོང་ལྗོངས་དང་སྒྲིག་ཨུད་དང་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཐིང་ནས།

        2011ལོའི་ཟླ་12ཚེས་7ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།