དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་དུད་ཚང་གི་ཐོབ་ཐང་ངོ་མ་འགོད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        དྲ་སྦྲེལ་དང་ཆ་འཕྲིན་གྱི་བདེ་འཇགས་དོ་དམ་ལ་ཤུགས་བརྒྱབ་སྟེ་སྤྱི་དམངས་དང་། ཁྲིམས་ཚན་པ། རྩ་འཛུགས་གཞན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་རང་ལྗོངས་ཀྱི་གློག་འཕྲིན་ལས་རིགས་དང་དྲ་སྦྲེལ་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གཤམ་གསལ་གྱི་གཏན་འབེབས་བྱས་པ་སྟེ།

        གཅིག རང་སྐྱོང་ལྗོངས་ཀྱིས་ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་དུད་ཚང་ལ་ཐོབ་ཐང་ངོ་མ་འགོད་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ།

        གཉིས། ཁ་པར་སྤྱོད་མཁན་དུད་ཚང་གིས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ཁུལ་དུ་ལག་ཁྱེར་ཁ་པར (གྲངས་གཞིའི་དྲ་འཇུག་གཱ་ཚུད་པ )དང་གཏན་འཇགས་ཁ་པར་དྲ་འཇུག་དང་། བདག་པོ་བརྗེ་བ། འཕྲུལ་ཆས་སྒྲིག་སྦྱོར་བྱེད་པ། ཁ་པར་སྤོ་བ། སྒྱུར་བ་སོགས་ཀྱི་གློག་འཕྲིན་ལས་སྒོ་གཉེར་སྐབས་གློག་འཕྲིན་ལས་གཉེར་ཁེ་ལས་ལ་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར་ངོ་མ་མཁོ་འདོན་བྱེད་དགོས་པ་དང་། གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་སྤྱོད་མཁན་དུད་ཚང་གི་མིང་དང་། སྡོད་གནས། ལག་ཁྱེར་གྱི་རིགས་དང་ཨང་གྲངས་སོགས་ཆ་འཕྲིན་ཐོ་འགོད་ཇི་མ་ཇི་བཞིན་བྱེད་དགོས།

        རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ཁུལ་དུ་གནས་ཡུལ་ཐོ་འགོད་བྱེད་པ་དང་། IPས་གནས་བགོ་བཤའ་རྒྱག་པ། དྲ་ཚུགས་ཐོ་འགོད་སྙན་སེང་བྱེད་པ་བཅས་བྱེད་སྐབས་གོ་ཆོད་པའི་ཆ་འཕྲིན་ངོ་མ་མཁོ་འདོན་བྱེད་དགོས། དྲ་སྦྲེལ་སྤྱོད་མཁན་དུད་ཚང་གིས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ཁུལ་དུ་ཐོ་འགོད་བྱས་པའི་དྲ་ཚུགས་ཀྱིས་མཁོ་འདོན་བྱས་པའི་འཕྲལ་གཏོང་འཕྲིན་གཏོང་དང་། གློག་རྡུལ་སྦྲག་ཐོག་བསྐུར་བྱ། གློག་རྡུལ་སྤྱི་བསྒྲགས། དྲ་བའི་རོལ་རྩེད་སོགས་ཀྱི་ལས་སྒོ་སྤྱོད་སྐབས་རང་སོ་སོའི་གོ་ཆོད་པའི་ཐོབ་ཐང་གི་ཆ་འཕྲིན་ངོ་མ་མཁོ་འདོན་བྱེད་དགོས།

        གསུམ། གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་2012ལོའི་ཟླ་1ཚེས་1ཉིན་གྱི་གོང་དུ་ཐོབ་ཐང་ངོ་མ་ཐོ་འགོད་བྱས་མེད་པའི་ཁ་པར་སྤྱོད་མཁན་དུད་ཚང་ལ་2012ལོའི་ཟླ་1ཚེས་1ཉིན་ནས་བཟུང་གི་ཉིན་60ཡི་ནང་ཚུན་དུ་གློག་འཕྲིན་ལས་གཉེར་ཁེ་ལས་ལ་ཐོབ་ཐང་ངོ་མ་ཐོ་འགོད་བྱེད་པའི་འགྲོ་ལུགས་གསབ་གཉེར་བྱེད་དགོས་པའི་སྤྱི་བསྒྲགས་སྤེལ་དགོས་པ་དང་། སྤྱོད་མཁན་དུད་ཚང་གིས་རྒྱུ་མཚན་ཡང་དག་མེད་པར་དུས་ཚད་ལས་བརྒལ་ནས་ཐོབ་ཐང་ངོ་མ་ཐོ་འགོད་བྱེད་པའི་འགྲོ་ལུགས་གསབ་གཉེར་མི་བྱེད་མཁན་ལ་གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་དེར་གློག་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་གནས་སྐབས་མཚམས་འཇོག་བྱེད་དགོས་པ་དང་དེའི་ནང་ཛ་དྲག་གི་སྐྱོབ་ཞུའི་ཞབས་ཞུ་ཚུད་མེད། ཞབས་ཞུ་གནས་སྐབས་མཚམས་འཇོག་བྱས་ནས་ཉིན་30ལོན་པའི་སྤྱོད་མཁན་དུད་ཚང་གིས་སྔར་བཞིན་འགྲོ་ལུགས་གསབ་གཉེར་མ་བྱས་ཚེ་གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་དེར་གློག་འཕྲིན་གྱི་ཞབས་ཞུ་མཁོ་འདོན་བྱེད་མཚམས་འཇོག་དགོས།

        གཏན་འཁེལ་བྱས་པའི་དུས་ཚད་ནང་འགྲོ་ལུགས་གསབ་གཉེར་བྱེད་པའི་ལས་ཀ་ལེགས་གྲུབ་བྱུང་མེད་པའི་གློག་འཕྲིན་ལས་གཉེར་ཁེ་ལས་ལ་དེའི་གཙོ་གཉེར་སྡེ་ཚན་གྱིས་ཁེ་ལས་དང་འབྲེལ་ཡོད་འགན་ཡོད་མི་སྣར་ཆད་པ་གཅོད་དགོས།

        བཞི། གློག་འཕྲིན་ལས་གཉེར་ཁེ་ལས་སམ་ཡང་ན་དེའི་མངགས་བཅོལ་ལས་གཉེར་པས་ཁ་པར་སྤྱོད་མཁན་དུད་ཚང་གི་ཐོབ་ཐང་ངོ་མ་ཐོ་འགོད་བྱེད་པའི་འགྲོ་ལུགས་གཉེར་སྐབས་སྤྱོད་མཁན་དུད་ཚང་ལ་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར་ངོ་མ་བསྟན་དུ་བཅུག་ནས་ལག་ཁྱེར་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་ཇི་མ་ཇི་བཞིན་ཐོ་འགོད་བྱེད་དགོས་པ་དང་འབྲེལ་སྤྱོད་མཁན་དུད་ཚང་གི་གོ་ཆོད་པའི་ལག་ཁྱེར་གྱི་པར་སློག (གློག་རྡུལ་གྱི་པར་སློག་ཚུད་པ )ཉར་འཇོག་བྱེད་དགོས།

        གློག་འཕྲིན་ལས་གཉེར་ཁེ་ལས་ཀྱི་མངགས་བཅོལ་ལས་གཉེར་པས་སྤྱོད་མཁན་དུད་ཚང་གི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་གི་བླང་བྱ་སྐོང་མི་ཐུབ་མཁན་ལ་གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་དེར་འབྲེལ་ཡོད་ལས་སྒོ་ཚབ་གཉེར་བྱེད་པའི་མངགས་བཅོལ་བྱེད་མི་རུང་། ཁ་པར་སྤྱོད་མཁན་དུད་ཚང་ལ་ཐོབ་ཐང་ལག་ཁྱེར་མེད་པའམ་ཡང་ན་ཐོབ་ཐང་ངོ་མ་ཐོ་འགོད་མི་བྱེད་པར་རྫུས་མ་དང་རྫུན་བཟོ་བྱས་པའི་ལག་ཁྱེར་སྤྱོད་མཁན་རིགས་ལ་གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་དེར་གློག་འཕྲིན་ཞབས་ཞུའི་འགྲོ་ལུགས་སམ་ཡང་ན་གློག་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མི་ཆོག ལག་ཁྱེར་རྫུས་མ་དང་རྫུན་བཟོ་བྱས་པའི་ལག་ཁྱེར་སྤྱད་པའི་སྣང་ཚུལ་ཤེས་རྟོགས་བྱུང་ཚེ་གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་དུས་ཐོག་ཏུ་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་ལ་སྙན་སེང་ཞུ་དགོས།

        ལྔ། གློག་འཕྲིན་ལས་གཉེར་ཁེ་ལས་ཀྱིས་གློག་འཕྲིན་ཞབས་ཞུ་བྱེད་མཚམས་བཞག་རྗེས་ཞབས་ཞུ་བྱེད་མཚམས་བཞག་པའི་ཁ་པར་སྤྱོད་མཁན་དུད་ཚང་གི་ཐོ་འགོད་ཆ་འཕྲིན་ཉར་ཚགས་འོས་འཚམ་བྱེད་དགོས་པ་དང་ཉར་ཚགས་བྱེད་པའི་དུས་ཚད་ལོ་གཅིག་ཡིན།

        དྲུག དྲ་སྦྲེལ་སྦྲེལ་མཐུད་ཞབས་ཞུ་མཁོ་འདོན་བྱེད་མཁན་དང་། དྲ་སྦྲེལ་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན། དྲ་སྦྲེལ་གྱི་སྤྱི་པའི་དྲ་འཇུག་ཞབས་ཞུ་མཁོ་འདོན་བྱེད་མཁན། དྲ་སྦྲེལ་གྱི་གྲངས་གཞིའི་ལྟེ་གནས། དྲ་སྦྲེལ་གྱི་གནས་མིང་ཐོ་འགོད་སྒྲིག་གཞི་སོགས་ཀྱིས་དྲ་སྦྲེལ་གྱི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་སྐབས་སྤྱོད་མཁན་དུད་ཚང་གི་གོ་ཆོད་པའི་ཐོབ་ཐང་གི་ཆ་འཕྲིན་ངོ་མ་ཇི་མ་ཇི་བཞིན་ཐོ་འགོད་བྱེད་དགོས།

        བདུན། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ཁུལ་དུ་ཐོ་འགོད་བྱས་ནས་གླེང་སྟེགས་དང་། དཔོད་ཁུག དཔོད་ཆུང་། འཚོལ་ཞིབ་འཕྲུལ་འཁོར་སོགས་གསར་འགྱུར་གླེང་ཕྱོགས་དང་སྤྱི་ཚོགས་སྐུལ་སློང་གི་ནུས་པ་ལྡན་པའི་དྲ་སྦྲེལ་དང་ལག་ཁྱེར་ཁ་པར་སོགས་གསར་དར་བཪྙན་སྦྱོར་ལས་སྒོ་མཁོ་འདོན་བྱེད་མཁན་གྱིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་ལ་ཆེད་དོན་ལས་སྒོའི་ཡིག་ཐོག་སྙན་ཞུ་འབུལ་དགོས།

        ཆེད་དམིགས་ལས་སྒོའི་རེ་ཞུ་འདོན་མཁན་སྒྲིག་གཞི་དང་། རྩ་འཛུགས། མི་སྒེར་བཅས་གང་རུང་གིས་གོ་ཆོད་པའི་ཆ་འཕྲིན་ངོ་མ་མཁོ་འདོན་བྱེད་དགོས།

        བརྒྱད། དྲ་སྦྲེལ་སྤྱོད་མཁན་དུད་ཚང་གིས་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་དྲ་ཁང་དང་། གསོལ་མགྲོན་ཁང་། ཨར་ཁང་སོགས་སྤྱི་པའི་དྲ་ཞུགས་ཞབས་ཞུ་བྱ་ཡུལ་དུ་དྲ་ཐོག་ཏུ་ཞུགས་སྐབས་ཀྱི་ཐོབ་ཐང་ངོ་མའི་ཆ་འཕྲིན་མཁོ་འདོན་བྱེད་དགོས་པ་དང་། གཉེར་སྐྱོང་མཁན་གྱིས་དྲ་ཞུགས་མཁན་གྱི་ཐོབ་ཐང་ལག་ཁྱེར་སོགས་གོ་ཆོད་པའི་ལག་ཁྱེར་ལ་ཞིབ་བསྡུར་དང་ཐོ་འགོད་བྱེད་དགོས།

        དགུ གསར་འགྱུར་དང་། དཔེ་སྐྲུན། གློག་རྡུལ་བརྡ་ཁྱབ་སོགས་ཀྱི་ལས་ཀ་བྱེད་པའི་ཞབས་ཞུའི་རྣམ་གྲངས་ཀྱི་དྲ་སྦྲེལ་ཆ་འཕྲིན་གྱི་ཞབས་ཞུ་མཁོ་འདོན་པས་མཁོ་འདོན་བྱས་པའི་ཆ་འཕྲིན་ནང་དོན་དང་དེ་བཞིན་ཡོངས་བསྒྲགས་ཀྱི་དུས་ཚོད་དང་། དྲ་སྦྲེལ་གྱི་ས་གནས། ཁོངས་མིང་བཅས་ཐོ་འགོད་བྱེད་དགོས། དྲ་སྦྲེལ་མཐུད་འཇུག་ཞབས་ཞུ་མཁོ་འདོན་པས་དྲ་ཞུགས་མཁན་གྱི་དྲ་ཞུགས་དུས་ཚོད་དང་། སྤྱོད་མཁན་གྱི་རྩིས་ཐོའི་ཨང་གྲངས། དྲ་སྦྲེལ་གྱི་ས་མིང་དང་ཁོངས་མིང་། ཁ་པར་རྒྱག་མཁན་གྱི་ཨང་གྲངས་སོགས་ཆ་འཕྲིན་ཐོ་འགོད་བྱེད་དགོས།

        དྲ་སྦྲེལ་གྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་པ་དང་དྲ་སྦྲེལ་མཐུད་འཇུག་ཞབས་ཞུ་མཁོ་འདོན་པས་ཐོ་འགོད་གྲབས་ཉར་ཉིན་60ཉར་ཚགས་བྱེད་དགོས་པ་མ་ཟད་འབྲེལ་ཡོད་ལས་ཁུངས་ཀྱིས་ཁྲིམས་ལྟར་འདྲི་རྩད་བྱེད་སྐབས་མཁོ་འདོན་བྱེད་དགོས།

        བཅུ། སྤྱི་བདེ་སྡེ་ཚན་གྱིས་ཁ་པར་སྤྱོད་མཁན་དུད་ཚང་དང་དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་ཆ་འཕྲིན་རྩད་ཞིབ་ཀྱི་ཞབས་ཞུའི་སྟེགས་བུ་བཙུགས་ནས་བཟོ་ཚོང་དང་སྤུས་ཚད་ལྟ་ཞིབ་སོགས་སྡེ་ཚན་ལ་འབྲེལ་ཡོད་ཆ་འཕྲིན་གྱི་གཞི་གྲངས་མཐུད་ཁ་མཁོ་འདོན་བྱས་ཏེ་ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་དུད་ཚང་གི་ཐོབ་ཐང་ངོ་མ་རྩད་ཞིབ་བྱེད་རྒྱུར་ལག་རྩལ་གྱི་འགན་སྲུང་བྱེད་དགོས།

        བཅུ་གཅིག གློག་འཕྲིན་ལས་གཉེར་ཁེ་ལས་དང་དེའི་མངགས་བཅོལ་གཉེར་སྐྱོང་པ་དང་། དྲ་སྦྲེལ་མཐུད་འཇུག་ཞབས་ཞུ་མཁོ་འདོན་པ། དྲ་སྦྲེལ་གྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་པ། དྲ་སྦྲེལ་གྱི་སྤྱི་པའི་དྲ་ཞུགས་ཞབས་ཞུ་མཁོ་འདོན་པ། དྲ་སྦྲེལ་གྱི་གཞི་གྲངས་ལྟེ་གནས། དྲ་སྦྲེལ་གྱི་ཁོངས་མིང་ཐོ་འགོད་སྒྲིག་གཞི་བཅས་ཀྱིས་ཁྲིམས་ལྟར་སྤྱོད་མཁན་དུད་ཚང་གི་ཆ་འཕྲིན་སྲུང་སྐྱོང་བྱ་ཐབས་དོན་འཁྱོལ་བྱས་ནས་གསང་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱོད་མཁན་དུད་ཚང་གི་ཆ་འཕྲིན་བདེ་འཇགས་འགན་ལེན་བྱེད་དགོས་པ། སྤྱོད་མཁན་དུད་ཚང་གི་ཆ་འཕྲིན་ཁྲིམས་འགལ་ངང་རྩ་འཛུགས་དང་མི་སྒེར་གཞན་ལ་མཁོ་འདོན་བྱེད་མི་ཆོག

        བཅུ་གཉིས། ཆ་འཕྲིན་བདེ་འཇགས་ཀྱི་ལས་འཛོལ་ཐོན་ནས་སྤྱོད་མཁན་དུད་ཚང་གི་ཆ་འཕྲིན་ཕྱིར་བསྒྲགས་པའི་གནས་ཚུལ་བཟོས་པའམ་བཟོ་སྲིད་ཚེ་གློག་འཕྲིན་ལས་གཉེར་ཁེ་ལས་དང་དེའི་མངགས་བཅོལ་གཉེར་སྐྱོང་པ་དང་། དྲ་སྦྲེལ་མཐུད་འཇུག་ཞབས་ཞུ་མཁོ་འདོན་པ། དྲ་སྦྲེལ་ཆ་འཕྲིན་ཞབས་ཞུ་མཁོ་འདོན་པ། དྲ་སྦྲེལ་གྱི་སྤྱི་པའི་དྲ་ཞུགས་ཞབས་ཞུ་མཁོ་འདོན་པ། དྲ་སྦྲེལ་གྱི་གཞི་གྲངས་ལྟེ་གནས། དྲ་སྦྲེལ་གྱི་ཁོངས་མིང་ཐོ་འགོད་སྒྲིག་གཞི་སོགས་འབྲེལ་ཡོད་འགན་འཁུར་ཚན་པས་འཕྲལ་མར་ཁ་གསབ་ཀྱི་བྱ་ཐབས་སྤྱོད་དགོས་པ། མཇུག་འབྲས་ངན་པ་ཚབས་ཆེན་བཟོས་པའམ་ཡང་ན་བཟོ་སྲིད་ཚེ་འཕྲལ་མར་གཙོ་གཉེར་དོ་དམ་སྡེ་ཚན་ལ་སྙན་སེང་ཞུ་དགོས་པ་མ་ཟད་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་བརྟག་དཔྱད་བྱེད་པ་དང་ཐག་གཅོད་བྱེད་དགོས་པ། གྱོང་གུན་བཟོས་པ་དང་ཉེས་པ་བསགས་ཚེ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས།

        བཅུ་གསུམ། གློག་འཕྲིན་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་གློག་འཕྲིན་ལས་གཉེར་ཁེ་ལས་ལ་ཁ་པར་སྤྱོད་མཁན་དུད་ཚང་གི་ཐོབ་ཐང་ངོ་མ་འགོད་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་དོན་འཁྱོལ་བྱེད་དགོས་པ། དྲ་སྦྲེལ་གྱི་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱིས་རང་ངོས་ཀྱི་འགན་འཁྲི་ལྟར་དྲ་སྦྲེལ་མཐུད་འཇུག་གི་ཞབས་ཞུ་མཁོ་འདོན་པ་དང་། དྲ་སྦྲེལ་ཆ་འཕྲིན་ཞབས་ཞུ་མཁོ་འདོན་པ། དྲ་སྦྲེལ་གྱི་སྤྱི་པའི་དྲ་ཞུགས་ཞབས་ཞུ་མཁོ་འདོན་པ། དྲ་སྦྲེལ་གྱི་གཞི་གྲངས་ལྟེ་གནས། དྲ་སྦྲེལ་གྱི་ཁོངས་མིང་ཐོ་འགོད་སྒྲིག་གཞི་སོགས་ལ་དྲ་སྦྲེལ་སྤྱོད་མཁན་དུད་ཚང་གི་ཐོབ་ཐང་ངོ་མ་འགོད་པའི་ཐོ་འགོད་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

        གློག་འཕྲིན་གཙོ་གཉེར་དོ་དམ་སྡེ་ཚན་དང་། དྲ་སྦྲེལ་གྱི་འབྲེལ་ཡོད་གཙོ་གཉེར་དོ་དམ་སྡེ་ཚན། སྤྱི་བདེ་སོགས་སྡེ་ཚན་གྱིས་རང་ངོས་ཀྱི་འགན་འཁྲི་འཁུར་བ་དང་གཞོགས་འདེགས་དམ་ཟབ་བྱས་ནས་ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་དུད་ཚང་གི་ཐོབ་ཐང་ངོ་མ་འགོད་པའི་ལས་དོན་དོན་འཁྱོལ་བྱ་རྒྱུ་འགན་ལེན་བྱེད་དགོས།

        བཅུ་བཞི། གཏན་འབེབས་འདིའི་ནང་གཏན་ལ་ཕབ་པ་དང་འགལ་བའི་བྱ་སྤྱོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་དང་འབྲེལ་རིགས་ལ་དེ་དག་གི་གཏན་འབེབས་དང་བསྟུན་དགོས། ཉེས་པ་གསོག་མཁན་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།

        བཅོ་ལྔ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་འབེབས་འདི་གཞིར་བཟུང་ཞིབ་ཕྲའི་ལག་བསྟར་བྱ་ཐབས་བཟོ་དགོས།

        བཅུ་དྲུག གཏན་འབེབས་འདི་2012ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།