དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆེད་དངུལ་དོ་དམ་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལེའུ་དང་པོ། སྤྱིའི་རྩ་དོན།

        དོན་ཚན་དང་པོ། རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆེད་དངུལ (གཤམ་དུ་ཆེད་དངུལ་ཞེས་བརྗོད་རྒྱུ )ལ་དོ་དམ་ཡག་པོ་བྱས་ནས་ཆེད་དངུལ་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་ལྗོངས་ཀྱི་རིག་གནས་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་ནོར་སྲིད་པུས་འགྲེམས་སྤེལ་བྱས་པའི 《རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆེད་དངུལ་དོ་དམ་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས 》(2010 ལོའི་ནོར་སློབ་ཀྱི་ཡིག་ཨང་81པ )ལྟར་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་འདི་བཟོས་པ་ཡིན།

        དོན་ཚན་གཉིས་པ། ཆེད་དངུལ་དེ་ཀྲུང་དབྱང་ནོར་སྲིད་དང་རང་སྐྱོང་ལྗོངས་ནོར་སྲིད་ནས་བཀོད་སྒྲིག་བྱས་ཏེ་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བར་ཆེད་མངགས་སྤྱོད་རྒྱུ་ཡིན།

        དོན་ཚན་གསུམ་པ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དང་མཐུན་པ་བྱས་ནས་ཆེད་དངུལ་སྤྱོད་པ་དང་དོ་དམ་བྱེད་དགོས་པ་དང “ ཡིག་ཐོག་སྙན་ཞུ་དྲང་པོ་འབུལ་བ་དང་། ཚན་རིག་དང་མཐུན་པའི་ངང་དོ་དམ་བྱེད་པ། ཡོངས་བསྒྲགས་ཁ་གསལ་ཡོང་བ་བྱེད་པ། ལེགས་འདེམས་རོགས་སྐྱོར་བྱེད་པ ”བཅས་ཀྱི་རྩ་དོན་ལྟར་སྒྲིག་ལམ་ནན་གཏོང་དང་བཀོལ་སྤྱོད་ཚད་ལྡན་ཡོང་བ་བྱས་ཏེ་ཆེད་དངུལ་ཆེད་སྤྱོད་དང་ཆེད་མངགས་ཞིབ་རྩིས་རྒྱག་དགོས།

        དོན་ཚན་བཞི་པ། ལྗོངས་ནོར་སྲིད་ཐིང་གིས་ཆེད་དངུལ་སྔོན་རྩིས་དོ་དམ་བྱེད་པ་དང་། བགོ་བཤའ་རྒྱག་པ། གཏོང་སྤྲོད་བྱེད་པ་བཅས་ཀྱི་འགན་འཁུར་ནས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ལོ་འཁོར་གྱི་ཆེད་དངུལ་གཏོང་བར་རོགས་སྐྱོར་བྱེད་པའི་ཁ་ཕྱོགས་གཏན་འཁེལ་བྱེད་པ་དང་སྦྲགས་ལྗོངས་ཡོངས་ཀྱི་རིག་གནས་སྒྲིག་གཞི་སྒྱུར་བཅོས་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་ལ་སྙན་སེང་ཞུ་དགོས།

        ལེའུ་གཉིས་པ། རོགས་སྐྱོར་བྱེད་པའི་ཁྱབ་ཁོངས་དང་རོགས་སྐྱོར་བྱ་ཐབས།

        དོན་ཚན་ལྔ་པ། ཆེད་དངུལ་གཏོང་བའི་རོགས་སྐྱོར་བྱེད་པའི་ཁྱབ་ཁོངས།

        (གཅིག )རིག་གནས་གསར་གཏོད་ཀྱི་སྐྱེད་སྲིང་རྣམ་གྲངས་དང་།

        (གཉིས )དྲ་ཚིགས་དང་སྒུལ་བཪྙན་སོགས་གསར་དར་རིག་གནས་འཕེལ་རྒྱས་གཏོང་བའི་རྣམ་གྲངས།

        (གསུམ )གློག་བཪྙན་དང་བཪྙན་འཕྲིན་པར་རྒྱག་བྱེད་པ་དང་དཔེ་སྐྲུན་འགྲེམས་སྤེལ་ཐོན་ལས་ཅན་དུ་གཉེར་སྐྱོང་བྱེད་པའི་རྣམ་གྲངས།

        (བཞི )སྤྱི་ཕན་རང་བཞིན་མིན་པའི་གསར་རྩོམ་བྱས་པའི་བརྩམས་ཆོས་ཀྱི་འཁྲབ་རྩལ་རྣམ་གྲངས།

        (ལྔ )ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་བརྩམས་ཆོས་ཞིབ་བཟོའི་རྣམ་གྲངས།

        (དྲུག )རང་སྐྱོང་ལྗོངས་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་རྒྱལ་ཁབ་ཕྱི་ནང་གི་རིག་གནས་བརྩམས་ཆོས་ཀྱི་དངོས་མང་སྟོན་ཚོགས་ནང་ཞུགས་པའི་རྣམ་གྲངས།

        (བདུན )རང་བདག་གི་ཤེས་བྱའི་ཐོན་དབང་ལྡན་པའི་རིག་གནས་བརྩམས་ཆོས་དང་རིག་གནས་ཞབས་ཞུའི་ཕྱིར་གཏོང་རྣམ་གྲངས་ཆེ་གྲས།

        (བརྒྱད )ཚོང་གཉེར་རང་བཞིན་ལྡན་པའི་རིག་གནས་ཚན་པའི་སྒྲིག་གཞི་སྒྱུར་བཅོས་བྱས་ནས་ཁེ་ལས་སུ་སྒྱུར་བ་དང་རིག་གནས་དང་ཁེ་ལས་ཟླ་སྒྲིལ་བཏང་ནས་བསྐྱར་འཛུགས་བྱེད་རིང་ཐོན་པའི་མཚམས་སྦྱོར་འགྲོ་སོང་གི་རྣམ་གྲངས།

        (དགུ )རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་གླིང་ཁུལ་དང་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞིའི་སྤྱི་པའི་ཞབས་ཞུ་བྱ་ཡུལ་བསྐྲུན་པའི་རྣམ་གྲངས།

        (བཅུ )དཔེ་མཚོན་དང་ནུས་པ་འདོན་སྤེལ་བྱེད་པའི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་རྣམ་གྲངས་གཞན་དག་བཅས་ཡིན།

        དོན་ཚན་དྲུག་པ། ཆེད་དངུལ་གཏོང་བའི་རོགས་སྐྱོར་བྱ་ཐབས་དེ་རྐང་དངུལ་མ་འཇོག་བྱེད་པ་དང་རིན་ཚབ་མེད་པར་སྤྱོད་པ་དེ་གཉིས་པོ་ཡིན་ཞིང་། རིན་ཚབ་མེད་པར་སྤྱོད་པའི་བྱ་ཐབས་དེའི་ནང་སྐྱེད་འཇལ་བུན་གཏོང་དང་། སྒྲིག་གཞི་སྒྱུར་བཅོས་བྱས་ནས་ཁ་གསབ་སྤྲོད་པ། རྣམ་གྲངས་ཐད་རོགས་སྐྱོར་བྱེད་པ། འགན་བཅོལ་གྱི་ཁ་གསབ་རྒྱག་པ། གཞུང་དངུལ་ཁ་གསབ་སྤྲོད་པ་བཅས་ཁག་ལྔ་ཚུད་ཡོད།

        (གཅིག )སྐྱེད་འཇལ་བུན་གཏོང་ཡིན་ཞིང་། རོགས་སྐྱོར་གྱི་ཆ་རྐྱེན་འཛོམས་པའི་རིག་གནས་ཁེ་ལས་ལ་དངུལ་ཁང་བརྒྱུད་དངུལ་བུན་བཏང་ནས་འཕེལ་རྒྱས་རྣམ་གྲངས་གཙོ་བོར་ཐོན་པའི་སྐྱེད་ཀར་ཁ་གསབ་རྒྱག་དགོས། རྣམ་གྲངས་རེའི་སྐྱེད་འཇལ་གྱི་ལོ་ཚད་དེ་ལོ་གསུམ་ནས་བརྒལ་མི་ཆོག་པ་དང་། ལོའི་སྐྱེད་འཇལ་བྱེད་ཚད་དེ་ལོ་དེ་རང་དུ་དངུལ་བུན་གཡར་སྐབས་ཀྱི་གཞི་རྩའི་སྐྱེད་ཚད་ལས་བརྒལ་མི་ཆོག་པ། སྐྱེད་འཇལ་བྱེད་ཚད་མཐོ་ཤོས་དེ་སྐྱེད་ཀ་ངོ་མའི་ཚད་གཞིའི་90% ལས་བརྒལ་མི་ཆོག་པ་བཅས་ཡིན།

        (གཉིས )སྒྲིག་གཞི་སྒྱུར་བཅོས་བྱས་ནས་ཁ་གསབ་སྤྲོད་རྒྱུ་དེ་ཡིན་ཞིང་། རང་སྐྱོང་ལྗོངས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་སྒྱུར་བཅོས་བྱས་ནས་ཁེ་ལས་སུ་སྒྱུར་བའི་རིག་གནས་ཚན་པར་རྒྱུ་ནོར་དཔྱད་དཔོག་བྱེད་པ་དང་། ཞིབ་རྩིས་རྒྱག་པ། བཅའ་ཁྲིམས་ཀྱི་ཞབས་ཞུ་བྱེད་པ། ནོར་དོན་ཇུས་འདྲི་བྱེད་པ་སོགས་ལ་ཐོན་པའི་མཚམས་སྦྱོར་གྱི་འགྲོ་སོང་ལ་ཁ་གསབ་རྒྱག་དགོས།

        (གསུམ )རྣམ་གྲངས་ཀྱི་ཁ་གསབ་ཡིན་ཞིང་། རོགས་སྐྱོར་གྱི་ཆ་རྐྱེན་འཛོམས་པའི་རིག་གནས་ཁེ་ལས་ཀྱིས་རང་ཡོད་ཀྱི་མ་དངུལ་ལ་བརྟེན་ནས་མ་འཇོག་གཙོ་བོ་བྱེད་པའི་རིག་གནས་འཕེལ་རྒྱས་གཏོང་བའི་རྣམ་གྲངས་གལ་ཆེན་ལ་མཁོ་བའི་མ་དངུལ (ཕྱི་རྒྱལ་དུ་མ་འཇོག་བྱེད་པའི་རྣམ་གྲངས་ཚུད་མེད་པ )ཁ་གསབ་རྒྱག་དགོས། རོགས་སྐྱོར་བྱེད་ཚད་དེ་རྣམ་གྲངས་ལ་མ་དངུལ་འཇོག་པའི་50%ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པ་མ་ཟད་རྣམ་གྲངས་རེ་རེའི་ཁ་གསབ་དེ་སྒོར་ཁྲི་400ལས་བརྒལ་མི་ཆོག

        རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་གླིང་ཁུལ་དང་དཔེ་སྟོན་རྟེན་གཞིའི་སྤྱི་པའི་ཞབས་ཞུ་བྱ་ཡུལ་བསྐྲུན་པར་མཁོ་བའི་མ་དངུལ་དང་དེ་བཞིན་གླིང་ཁུལ་གཅིག་གམ་ཡང་ན་རྟེན་གཞིའི་སྤྱི་པའི་ཞབས་ཞུ་བྱ་ཡུལ་བསྐྲུན་པའི་ཁ་གསབ་སྤྲོད་ཚད་དེ་སྒོར་ཁྲི་500ནས་སྒོར་ཁྲི་1000བར་ཚོད་འཛིན་བྱེད་དགོས།

        (བཞི )འགན་བཅོལ་ཁ་གསབ་རྒྱག་རྒྱུ་དེ་ཡིན་ཞིང་། ལོ་འཁོར་གྱི་རྒྱལ་ཁབ་ཀྱི་རིག་གནས་ཕྱིར་གཏོང་གི་གཙོ་གནད་ཁེ་ལས་གྲས་སུ་ཚུད་པའི་རིག་གནས་ཕྱིར་གཏོང་གི་གཙོ་གནད་རྣམ་གྲངས་ལ་ཐོན་པའི་རྒྱུ་ནོར་གྱི་འགན་བཅོལ་དང་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་འགྲོ་སོང་དེ་འགན་བཅོལ་གྱི་གན་རྒྱ་དང་འགན་བཅོལ་འགྲོ་སོང་གི་འཛིན་ཤོག་སོགས་གོ་ཆོད་དཔང་འཛིན་ལ་བརྟེན་ནས་ཁ་གསབ་འོས་འཚམ་རྒྱག་དགོས། འགན་བཅོལ་འགྲོ་སོང་གི་ཁ་གསབ་རྒྱག་ཚད་དེ་འགན་བཅོལ་འགྲོ་སོང་ངོ་མའི་80%མན (རྒྱལ་ཁབ་ཀྱི་འགན་བཅོལ་འགྲོ་སོང་གི་ཁ་གསབ་ཚད་གཞི་གསལ་པོ་ཡོད་པ་ཕུད )དུ་ཚོད་འཛིན་བྱེད་དགོས།

        (ལྔ )གཞུང་དངུལ་ཁ་གསབ་རྒྱག་དགོས་ཤིང་། གཞུང་ཁོངས་ཀྱི་མ་རྐང་ཚོད་འཛིན་གྱི་རིག་གནས་ཐོན་ལས་ལ་མ་རྐང་ལམ་ལུགས་སྒྱུར་བཅོས་བྱེད་པའམ་ཡང་ན་ས་ཁོངས་ལས་བརྒལ་ནས་བསྡུ་སྒྲིལ་བྱས་པར་གཞུང་དངུལ་འོས་འཚམ་སྤྲོད་དགོས།

        (དྲུག )རྐང་དབང་མ་འཇོག་ཡིན་ཞིང་། རིག་གནས་ཐོན་ལས་ལ་ཁྲོམ་ར་ཅན་གྱི་གཉེར་སྐྱོང་བྱེད་པའི་རིག་གནས་ཐོན་ལས་ཀྱི་རྣམ་གྲངས་ལག་ལེན་བསྟར་དགོས་པ་དང་ལྗོངས་ནོར་སྲིད་ཐིང་གིས་ཆེད་ལས་ཀྱི་མ་འཇོག་གཉེར་སྐྱོང་བྱེད་པའི་ཐོབ་ཐང་ལྡན་པའི་མ་འཇོག་དོ་དམ་ཀུང་སིར (གཤམ་དུ་མངགས་བཅོལ་དང་ལེན་ཀུང་སི་ཞེས་བརྗོད )མངགས་བཅོལ་བྱས་ནས་དུས་མཚམས་རང་བཞིན་གྱི་རྐང་དངུལ་ལ་བརྟེན་ནས་མ་འཇོག་བྱེད་དགོས། རྐང་དབང་མ་འཇོག་གིས་མ་འཇོག་ཁེ་ལས་ཀྱི་རྐང་དབང་བསྡུར་ཚད་ཀྱི་བཟུང་ཚད་དེ་50%ལས་བརྒལ་མི་ཆོག་པ་དང་མ་འཇོག་བྱེད་ཚད་མཐོ་ཤོས་དེ་སྒོར་ཁྲི་2000ལས་བརྒལ་མི་ཆོག

        མངགས་བཅོལ་དང་ལེན་ཀུང་སིས་རྐང་དབང་མ་འཇོག་གི་ཆ་རྐྱེན་ཚང་བའི་ཁེ་ལས་དང་རྐང་དབང་མ་འཇོག་གི་གྲོས་ཡིག་བཞག་རྗེས་མ་འཇོག་བྱ་ཡུལ་གྱི་དེ་སྔའི་རྐང་བདག་གིས 《ཀུང་སིའི་བཅའ་ཁྲིམས 》གཞིར་བཟུང་ཁྲིམས་མིའི་བཅོས་སྒྲིག་གི་གྲུབ་ཆ་བསྐྱར་སྒྲིག་བྱས་ནས་ཐུན་མོང་ཐོག་ཀུང་སིའི་སྒྲིག་ཡིག་འཛུགས་དགོས། རྩིས་བཤེར་དང་རྒྱུ་ནོར་དཔྱད་དཔོག་བྱེད་པའི་རྨང་གཞིའི་ཐོག་རྐང་དབང་གི་ལག་བསྟར་ཇུས་གཞི་བཟོས་ནས་མ་འཇོག་གི་གྲོས་ཡིག་དང་ཀུང་སིའི་སྒྲིག་ཡིག་ལྟར་ལག་བསྟར་བྱེད་དགོས་པ་མ་ཟད། གཞུང་ཁོངས་རྐང་བདག་གི་དབང་ཆ་དང་འོས་འགན་ཁག་ལག་བསྟར་བྱེད་དགོས།

        རྐང་དབང་མ་འཇོག་གི་རྣམ་གྲངས་དེ་ཁེ་ལས་སུ་ཡོངས་བསྒྲགས་ངང་ཁྲོམ་འགྲེམས་བྱེད་པའམ་ཡང་ན་གོམ་སྟབས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་དུས་སུ་སླེབས་རྗེས་མངགས་བཅོལ་དང་ལེན་ཀུང་སིས་གཞུང་ཁོངས་རྐང་དབང་ནང་བཤུག་གཏོང་བའི་ཇུས་གཞི་བཟོས་ནས་ནོར་སྲིད་སྡེ་ཚན་གྱིས་ཞིབ་བཤེར་ཆོག་མཆན་དང་མོས་མཐུན་བྱས་རྗེས་ལག་བསྟར་བྱེད་ཆོག་པའམ་ཡང་ན་ནོར་སྲིད་སྡེ་ཚན་གྱིས་ཞིབ་འཇུག་གཏན་འབེབས་བྱས་པའི་བསམ་འཆར་ལྟར་གཞུང་ཁོངས་རྐང་དབང་ནང་བཤུག་གཏོང་དགོས། མངགས་བཅོལ་དང་ལེན་ཀུང་སིས་གཞུང་ཁོངས་རྐང་དབང་ནང་བཤུག་བཏང་བའི་ཁེ་གཙང་ཡོང་འབབ་འཐེན་པ་དང་མངགས་བཅོལ་དང་ལེན་ཀུང་སིའི་དོ་དམ་འགྲོ་གྲོན་རྩིས་བརྒྱབ་རྗེས་ཚང་མ་རྒྱལ་མཛོད་ལ་གོང་འབུལ་ཞུ་དགོས་པ་མ་ཟད། ནོར་སྲིད་སྡེ་ཚན་གྱིས་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཐད་འོས་འཚམ་བཀོད་སྒྲིག་བྱེད་དགོས།

        ལེའུ་གསུམ་པ། ཡིག་ཐོག་སྙན་ཞུ་འབུལ་བའི་ཆ་རྐྱེན།

        དོན་ཚན་བདུན་པ། ཡིག་ཐོག་སྙན་ཞུ་འབུལ་བའི་ཆེད་དངུལ་རྣམ་གྲངས་ལ་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་དེ་དག་ལྡན་དགོས་པ་སྟེ།

        (གཅིག )རང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ཁྲིམས་ལྟར་ཐོ་འགོད་བྱས་པའི་རང་ཚུགས་ཁྲིམས་མིའི་ཐོབ་ཐང་ཡོད་པའི་རིག་གནས་ཁེ་ལས་ཡིན་པ་དང་།

        (གཉིས )ནོར་སྲིད་དོ་དམ་ལམ་ལུགས་དང་རྩིས་པའི་ཞིབ་རྩིས་མ་ལག་འཐུས་ཚང་ཡིན་པ།

        (གསུམ )རྩིས་པའི་ཡིད་རྟོན་དང་ཁྲལ་འཇལ་གྱི་ཡིད་རྟོན་བཟང་པོ་ཞིག་ཡོད་དགོས་པ།

        (བཞི )ཡིག་ཐོག་སྙན་ཞུ་འབུལ་བའི་རྣམ་གྲངས་ལ་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་དང་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པོ་ཞིག་ཡོད་དགོས་པ།

        (ལྔ )དོ་དམ་ཚོགས་པའི་བྱང་ཚད་མཐོ་ཙམ་ཡོད་དགོས་ལ་རྣམ་གྲངས་ལེགས་སྒྲུབ་བྱེད་པ་དང་འཚམ་པའི་གཉེར་སྐྱོང་དོ་དམ་གྱི་ནུས་པ་ངེས་ཅན་ཞིག་ལྡན་དགོས་པ་བཅས་ཡིན།

        དོན་ཚན་བརྒྱད་པ། ཆེད་དངུལ་རེ་ཞུ་བྱེད་སྐབས་རེ་ཞུའི་སྙན་སེང་དང་རྣམ་གྲངས་ཀྱི་བྱེད་འཐུས་རང་བཞིན་འབུལ་དགོས་པ་མ་ཟད། ཁེ་ལས་ཀྱི་ཁྲིམས་མིར་ལས་གཉེར་ལག་ཁྱེར་དང་། ཁྲལ་དོན་ཐོ་འགོད་ལག་ཁྱེར་གྱི་འདྲ་དཔེ། མཚམས་སྦྱོར་སྒྲིག་གཞིས་ཞིབ་རྩིས་བྱས་པའི་ལོ་འཁོར་གྱི་ཁྲལ་དོན་གྱི་རྩིས་པའི་ཞུ་ཐོ་བཅས་མཁོ་འདོན་བྱེད་དགོས་པ་ཕུད་ད་དུང་གཤམ་གསལ་གྱི་ཡིག་ཆ་རྣམས་མཁོ་འདོན་བྱེད་དགོས།

        (གཅིག )སྐྱེད་འཇལ་དངུལ་བུན་རེ་ཞུ་བྱེད་མཁན་གྱིས་འབྲེལ་ཡོད་དངུལ་ཁང་གི་དངུལ་བུན་གྱི་གན་རྒྱ་དང་། དངུལ་བུན་སྤྱད་ནས་འཕེལ་རྒྱས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཚུལ་གྱི་གསལ་བཤད། སྐྱེད་འཇལ་དངུལ་བུན་སྤྲད་ཟིན་པའི་དཔང་འཛིན་སོགས་ཀྱི་འདྲ་དཔེ་བཅས་མཁོ་འདོན་བྱེད་དགོས་པ་དང་།

        (གཉིས )སྒྲིག་གཞི་སྒྱུར་བཅོས་བྱེད་པའི་ཁ་གསབ་རེ་ཞུ་བྱེད་སྐབས་དྲིལ་བསྒྲགས་རིག་གནས་སྡེ་ཚན་གྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་ཞིབ་བཤེར་ཆོག་མཆན་གྱི་ཡིག་ཆ་དང་། འབྲེལ་ཡོད་མཚམས་སྦྱོར་ཞབས་ཞུའི་ལས་སྒོའི་ཁ་ཆད་ཡིག་ཆ། ཐོག་མའི་དངུལ་སྤྲད་པའི་དཔང་འཛིན་དང་དེ་བཞིན་འཛིན་ཤོག་གི་འདྲ་དཔེ་བཅས་མཁོ་འདོན་བྱེད་དགོས་པ།

        (གསུམ )རྣམ་གྲངས་ཀྱི་ཁ་གསབ་རེ་ཞུ་བྱེད་སྐབས་རྣམ་གྲངས་ལག་བསྟར་བྱེད་པའི་འབྲེལ་ཡོད་གན་རྒྱའི་འདྲ་དཔེ་མཁོ་འདོན་བྱེད་དགོས་པ།

        (བཞི )འགན་བཅོལ་འགྲོ་གྲོན་གྱི་ཁ་གསབ་རེ་ཞུ་བྱེད་སྐབས་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་རིག་གནས་ཕྱིར་གཏོང་གི་གཙོ་གནད་ཁེ་ལས་ཀྱི་དཀར་ཆག་ཡོངས་བསྒྲགས་དང་། འགན་བཅོལ་གན་རྒྱ། འགན་བཅོལ་འགྲོ་གྲོན་འཛིན་ཤོག་བཅས་ཀྱི་འདྲ་དཔེ་མཁོ་འདོན་བྱེད་དགོས་པ་བཅས་ཡིན།

        (ལྔ )རྒྱལ་ཁབ་ཀྱི་མ་དངུལ་ཁ་གསབ་སྤྲོད་རྒྱུའི་ཡིག་ཐོག་སྙན་ཞུ་འབུལ་མཁན་གྱིས་འབྲེལ་ཡོད་དཔལ་འབྱོར་བྱ་སྤྱོད་ཀྱི་ཞིབ་མཆན་ཡིག་ཆ་དང་། ཁེ་ལས་ནང་ཁུལ་གྱི་འབྲེལ་ཡོད་དཔལ་འབྱོར་བྱ་སྤྱོད་ཀྱི་ཐབས་ཇུས་གཏན་འབེབས་ཡིག་ཆ། འོས་བབ་ཐོབ་ཐང་ཡོད་པའི་མཚམས་སྦྱོར་སྒྲིག་གཞིས་སྤྲད་པའི་རྩིས་བཤེར་སྙན་ཞུ་དང་རྒྱུ་ནོར་དཔྱད་དཔོག་སྙན་ཞུ་སོགས་འདྲ་ཡིག་མཁོ་འདོན་བྱེད་དགོས་པ།

        (དྲུག )རྐང་དབང་མ་འཇོག་གི་ཡིག་ཐོག་སྙན་ཞུ་འབུལ་མཁན་གྱིས་ཁེ་ལས་ཀྱི་དབང་བའི་ལམ་ལུགས་སྒྱུར་བཅོས་དང་དེ་བཞིན་གནས་གཏན་འཁེལ་གྱི་མ་དངུལ་མང་དུ་གཏོང་བ་དང་རྐང་དངུལ་མང་དུ་གཏོང་རྒྱུའི་སྐོར་གྱི་ཁེ་ལས་ཀྱི་རྐང་བདག་ལྷན་ཚོགས་སམ་ཡང་ན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་ལྗོངས་ནོར་སྲིད་ཐིང་གིས་ཆོག་མཆན་སྤྲད་དེ་བཙུགས་པའི་རྒྱུ་ནོར་དཔྱད་དཔོག་སྒྲིག་གཞིས་སྤྲད་པའི་ཁེ་ལས་ཀྱི་ནོར་དོན་དཔྱད་དཔོག་སྙན་ཞུ་མཁོ་འདོན་བྱེད་དགོས་པ།

        དོན་ཚན་དགུ་པ། ཁེ་ལས་ལ་གཤམ་གསལ་གྱི་གནས་ཚུལ་ལྡན་ཚེ་ཆེད་དངུལ་ཐད་རྒྱབ་སྐྱོར་མི་བྱེད་རྒྱུ་སྟེ།

        (གཅིག )ཡིག་ཐོག་སྙན་ཞུའི་རྣམ་གྲངས་ལ་བཅའ་ཁྲིམས་ཀྱི་རྩོད་གཞི་ཆེན་པོ་ལྡན་པ་དང་།

        (གཉིས )ཁྲིམས་འགལ་བྱ་སྤྱོད་དབང་གིས་ཁྲིམས་འཛིན་སྡེ་ཚན་གྱིས་ཆད་པ་བཅད་ནས་ལོ་གཉིས་འཁོར་མེད་པ།

        (གསུམ )བྱེད་ཐབས་འདིའི་གཏན་འབེབས་ལས་འགལ་ནས་འབྲེལ་ཡོད་སྡེ་ཚན་གྱི་བརྟག་དཔྱད་དང་ལེན་བྱེད་བཞིན་པ།

        (བཞི )འབྲེལ་ཡོད་དཔལ་འབྱོར་བྱ་སྤྱོད་ལ་ད་དུང་ཆོག་མཆན་ཐོབ་མེད་པ་བཅས་ཡིན།

        ལེའུ་བཞི་པ། ཡིག་ཐོག་སྙན་ཞུ་འབུལ་བའི་བརྒྱུད་རིམ།

        དོན་ཚན་བཅུ་པ། ནོར་དོན་གྱི་འབྲེལ་བ་ནོར་སྲིད་ཐིང་དུ་ཡོད་པའི་ལྗོངས་ཐད་གཏོགས་རིག་གནས་ཁེ་ལས་ཀྱིས་ནོར་སྲིད་ཐིང་དང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ལ་ཐད་ཀར་སྙན་འབུལ་ཞུ་དགོས་པ་དང་།

        དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་སྡེ་ཚན་ཁག་གིས་རིགས་ཁུངས་དོ་དམ་བྱེད་པའི་རིག་གནས་ཁེ་ལས་རྣམས་གཙོ་གཉེར་སྡེ་ཚན་གྱིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་ལྗོངས་ནོར་སྲིད་ཐིང་དང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ལ་སྙན་འབུལ་ཞུ་དགོས་པ།

        དོན་ཚན་བཅུ་གཉིས་པ། ས་ཁུལ (གྲོང་ཁྱེར )དང་རྫོང་གི་རིག་གནས་ཁེ་ལས་རྣམས་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྡེ་ཚན་གྱིས་ས་ཁུལ (གྲོང་ཁྱེར )གྱི་དྲིལ་བསྒྲགས་རིག་གནས་སྡེ་ཚན་དང་མཉམ་དུ་ཞིབ་བཤེར་གཏན་འབེབས་བྱས་རྗེས་ལྗོངས་ནོར་སྲིད་ཐིང་དང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ལ་སྙན་འབུལ་ཞུ་དགོས་པ།

        དོན་ཚན་བཅུ་གསུམ་པ། སྲིད་འཛིན་གཙོ་གཉེར་སྡེ་ཚན་མེད་པའི་རྣམ་གྲངས་གཉེར་འགན་འཁུར་མཁན་ཚན་པ་རྣམས་ལྗོངས་ནོར་སྲིད་ཐིང་དང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ལ་ཐད་ཀར་སྙན་འབུལ་ཞུ་ཆོག་པ།

        དོན་ཚན་བཅུ་བཞི་པ། ཆེད་དངུལ་གྱི་ཡིག་ཐོག་སྙན་ཞུའི་ཡིག་ཆ་ལོ་རེའི་ཟླ་3ཚེས་31ཉིན་གྱི་གོང་དུ་ལྗོངས་ནོར་སྲིད་ཐིང་དང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ལ་འབུལ་དགོས་པ་དང་དུས་ཚོད་ཡོལ་ཚེ་བདག་སྤྲོད་མི་བྱེད་རྒྱུ།

        དོན་ཚན་བཅོ་ལྔ་པ། ལྗོངས་ནོར་སྲིད་ཐིང་གིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་མཉམ་དུ་ལྗོངས་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་ཀྱིས་ཆེད་དངུལ་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་བཙུགས་ནས་རྣམ་གྲངས་ཡིག་ཐོག་སྙན་ཞུ་འབུལ་བའི་ཐོབ་ཐང་དང་ཡིག་ཐོག་སྙན་ཞུ་འབུལ་བའི་ཡིག་ཆ་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆར་ཞིབ་དཔྱད་བྱེད་པའི་འགན་འཁུར་དགོས་པ་དང་འབྲེལ་རོགས་སྐྱོར་རྣམ་གྲངས་ཀྱི་མ་དངུལ་བཀོད་སྒྲིག་བྱེད་པའི་གྲོས་འགོ་འདོན་དགོས་པ།

        དོན་ཚན་བཅུ་དྲུག་པ། ལྗོངས་ནོར་སྲིད་ཐིང་གིས་ཆེད་དངུལ་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་གྲོས་འགོར་གཞིགས་ནས་མ་དངུལ་བགོ་བཤའི་འཆར་གཞི་བཟོ་དགོས་པ་དང་འབྲེལ་སྔོན་རྩིས་དང་རྒྱལ་མཛོད་དོ་དམ་གྱི་གཏན་འབེབས་གཞིར་བཟུང་ཆེད་དངུལ་དུས་ཐོག་ཏུ་སྤྲོད་དགོས་པ།

        དོན་ཚན་བཅུ་བདུན་པ། རྐང་དབང་མ་འཇོག་རྣམ་པའི་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་ཐད་ལྗོངས་ནོར་སྲིད་ཐིང་གིས་དུས་ཐོག་ཏུ་མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིར་རྣམ་གྲངས་ཡིག་ཐོག་སྙན་ཞུ་དང་ཞིབ་དཔྱད་ཀྱི་དཔྱད་གཞིའི་ཡིག་ཆ་རྩིས་སྤྲོད་བྱེད་པའི་འགན་འཁུར་དགོས་པ་དང་། མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིར་རྩིས་སྤྲོད་ཡིག་ཆ་འབྱོར་པའི་ཉིན་ནས་བཟུང་གི་ཟླ་1ནང་ཚུན་དུ་གཏན་འབེབས་ལྟར་རྣམ་གྲངས་ལག་བསྟར་བྱེད་མཁན་ཚན་པའི་ཡིད་རྟོན་དང་ཉེན་ཁའི་ཐད་ཀྱི་དཔྱད་དཔོག་བྱེད་པ་དང་འབྲེལ་དཔྱད་དཔོག་བྱས་པའི་འབྲས་བུ་དང་མངགས་བཅོལ་དང་ལེན་བྱས་པའི་བསམ་འཆར་ལྗོངས་ནོར་སྲིད་ཐིང་ལ་སྙན་སེང་ཞུ་དགོས་པ་དང་། མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིས་མངགས་བཅོལ་ལྟར་དོ་དམ་བྱེད་པའི་རྣམ་གྲངས་གཏན་འཁེལ་བྱེད་སྐབས་རྣམ་གྲངས་ཚན་པ་དང་ཁྲིམས་ལྟར་རྐང་ཞུགས་མ་འཇོག་གི་གྲོས་ཡིག་འཇོག་དགོས་པ་དང་འབྲེལ་ལྗོངས་ནོར་སྲིད་ཐིང་ལ་ཆེད་དངུལ་སྤྲོད་རྒྱུའི་ཡིག་ཐོག་སྙན་ཞུ་འབུལ་དགོས། ལྗོངས་ནོར་སྲིད་ཐིང་གིས་ལས་ཀའི་ཉིན་མོ་10ཡི་ནང་ཚུན་དུ་ཆེད་དངུལ་མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིར་སྤྲོད་པ་དང་མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིས་ལས་ཀའི་ཉིན་མོ་5ཡི་ནང་ཚུན་དུ་ཆེད་དངུལ་གྲོས་ཡིག་བཞག་ཟིན་པའི་རྣམ་གྲངས་ཚན་པར་སྤྲོད་དགོས་པ།

        རྣམ་གྲངས་ཚན་པས་མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིའི་དོ་དམ་བླང་བྱ་དང་མཐུན་མ་ཐུབ་ཚེ་མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིས་རྣམ་གྲངས་ལྗོངས་ནོར་སྲིད་ཐིང་ལ་ཕྱིར་སློག་བྱེད་པ་དང་འབྲེལ་ཡིག་ཐོག་ནས་ཕྱིར་སློག་བྱས་པའི་རྒྱུ་མཚན་གསལ་བཤད་བྱེད་དགོས་པ།

        དོན་ཚན་བཅོ་བརྒྱད་པ། ཆེད་དངུལ་ལ་སྔོན་རྩིས་ཀྱི་མཆན་བཀོད་བཀའ་ལན་ཐོབ་མ་ཐག་ལག་བསྟར་ནན་པོ་བྱེད་དགོས་པ་དང་། དམིགས་བསལ་རྒྱུ་རྐྱེན་དབང་གིས་ལེགས་སྒྲིག་བྱེད་དགོས་རིགས་རྣམ་གྲངས་ཚན་པས་ཡིག་ཐོག་སྙན་ཞུ་འབུལ་དགོས་པ་དང་འབྲེལ་གཙོ་གཉེར་སྡེ་ཚན་གྱི་མོས་མཐུན་ཐོབ་རྗེས་ལྗོངས་ནོར་སྲིད་ཐིང་ལ་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུར་འབུལ་དགོས། མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིས་མངགས་བཅོལ་ལྟར་དོ་དམ་བྱེད་པའི་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་རིགས་མ་དངུལ་གྱི་སྤྱོད་སྒོ་སྒྱུར་དགོས་ངེས་རྣམ་གྲངས་ཚན་པས་ཡིག་ཐོག་སྙན་ཞུ་ཕུལ་བ་དང་མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིས་ནོར་སྲིད་ཐིང་ལ་ཆོག་མཆན་སྤྲོད་རྒྱུར་སྙན་འབུལ་ཞུ་དགོས།

        ཕྱིར་འཐེན་བྱེད་རྒྱུར་ཆོག་མཆན་ཐོབ་པའི་རྣམ་གྲངས་ཀྱི་རིགས་རྣམ་གྲངས་ཚན་པས་རྣམ་གྲངས་ཕྱིར་འཐེན་བྱེད་པའི་ཆོག་མཆན་ཐོབ་པའི་ཉིན་ནས་བཟུང་གི་ཉིན་བཅུའི་ནང་ཚུན་དུ་མ་དངུལ་སྤྱོད་ཚུལ་གྱི་ངེས་རྩིས་ལྗོངས་ནོར་སྲིད་ཐིང་ལ་སྙན་འབུལ་ཞུ་བ་དང་འབྲེལ་མ་དངུལ་ལྷག་མ་རྣམས་ཇི་མ་ཇི་བཞིན་ཕྱིར་སློག་བྱེད་དགོས།

        ལེའུ་ལྔ་པ། ལྟ་སྐུལ་དོ་དམ།

        དོན་ཚན་བཅུ་དགུ་པ། ལྗོངས་ནོར་སྲིད་ཐིང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཆེད་དངུལ་བེད་སྤྱོད་བྱས་ཚུལ་དང་རོགས་སྐྱོར་རྣམ་གྲངས་ལག་བསྟར་བྱས་ཚུལ་ལ་དཔེ་འཐེན་ཞིབ་བཤེར་བྱེད་དགོས་པ་དང་འབྲེལ་སྐབས་དང་བསྟུན་ནས་རྣམ་གྲངས་འགའ་ཞིག་བདམས་ཏེ་ལས་རྗེས་གདེང་འཇོག་བྱེད་པ་དང་། དཔེ་འཐེན་ཞིབ་བཤེར་དང་གདེང་འཇོག་འབྲས་བུ་དེ་སླད་ཕྱིན་ལོ་འཁོར་གྱི་ཆེད་དངུལ་བཀོད་སྒྲིག་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས།

        དོན་ཚན་ཉི་ཤུ་པ། ས་ཁུལ (གྲོང་ཁྱེར )ཁག་གི་ནོར་སྲིད་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་ཁུལ་དེ་གའི་ཆེད་དངུལ་བེད་སྤྱོད་བྱས་ཚུལ་དང་རིག་གནས་འཕེལ་རྒྱས་རྣམ་གྲངས་ལག་བསྟར་བྱས་ཚུལ་ལོ་རེའི་ཟླ་1ཚེས་31ཉིན་གྱི་གོང་དུ་ལྗོངས་ནོར་སྲིད་ཐིང་ལ་ཡིག་ཐོག་སྙན་སེང་འབུལ་དགོས།

        དོན་ཚན་ཉེར་གཅིག་པ། རྣམ་གྲངས་ཚན་པས་འབྲེལ་ཡོད་ཐོག་མའི་འཛིན་ཤོག་དང་དཔང་ཡིག་དང་དེ་བཞིན་འབྲེལ་ཡོད་ཡིག་ཆ་དང་དཔྱད་གཞིའི་ཡིག་ཆ་ཉར་ཚགས་ལེགས་པོ་བྱེད་པ་དང་འབྲེལ་རྒྱལ་ཁབ་ཀྱི་ནོར་སྲིད་དང་ནོར་དོན་གྱི་སྒྲིག་སྲོལ་ལམ་ལུགས་དང་ནོར་དཔལ་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུས་ནས་རང་རྟོགས་ངང་ནོར་སྲིད་དང་རྩིས་བཤེར་སོགས་སྡེ་ཚན་གྱི་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་དགོས།

        དོན་ཚན་ཉེར་གཉིས་པ། རིན་ལྡན་བེད་སྤྱོད་བྱེད་ཐབས་ལག་བསྟར་བྱེད་པའི་ཆེད་དངུལ་རིགས་མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིས་ཐེབས་རྩ་དོ་དམ་བྱེད་ཐབས་ལ་གཞིགས་ཏེ་རྐང་དབང་མ་འཇོག་བྱེད་པ་དང་ཕྱིར་བསྡུ་བའི་དོ་དམ་གྱི་འགན་འཁུར་དགོས་པ་དང་འབྲེལ་ཆེད་དངུལ་གྱི་རིན་ཐང་འགན་ལེན་དང་དེ་འཕར་བའི་འགན་འཁུར་དགོས།

        དོན་ཚན་ཉེར་གསུམ་པ། མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིས་མངགས་བཅོལ་ལྟར་དོ་དམ་བྱེད་པའི་ཆེད་དངུལ་ཐད་ཀྱི་མ་འཇོག་ཕན་འབྲས་དེ་སྐྱེད་ཀའི་ཡོང་འབབ་དང་དེ་བཞིན་རྐང་དངུལ་གྱི་སྐྱེད་ཀའི་30% དང་རྐང་དབང་ནང་བཤུག་གི་ཡོང་འབབ་ཁེ་གཙང་གི་10%ཡི་ཆ་བགོས་ཐོག་ནས་མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིའི་དོ་དམ་གྲོན་དངུལ་དུ་བྱེད་དགོས་པ་དང་འབྲེལ་ལོ་རེར་ངེས་རྩིས་རྒྱག་དགོས།

        དོན་ཚན་ཉེར་བཞི་པ། མངགས་བཅོལ་ལྟར་དོ་དམ་བྱེད་པའི་ཆེད་དངུལ་ཐད་ད་དུང་མ་འཇོག་ཕན་འབྲས་ཐོན་མེད་རིགས་ཀྱི་ལོ་དེ་གའི་དོ་དམ་གྲོན་དངུལ་དེ་ལྗོངས་ནོར་སྲིད་ཐིང་གིས་ཆེད་དངུལ་ཁྲོད་ནས་མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིའི་མངགས་བཅོལ་ལྟར་དོ་དམ་བྱེད་པའི་ཆེད་དངུལ་བསྡོམས་འབོར་གྱི་1.5%ཚད་གཞི་ལྟར་མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིར་སྤྲོད་དགོས་པ་དང་། མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིའི་དོ་དམ་གྲོན་དངུལ་དེ་རྣམ་གྲངས་རྐྱང་པ་ཁག་རྩིས་བརྒྱབ་རྗེས་ཀྱི་བསྡོམས་འབོར་ལྟར་གཏན་འབེབས་བྱེད་དགོས།

        དོན་ཚན་ཉེར་ལྔ་པ། མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིས་ཁེ་ལས་ཀྱི་འོས་བབ་ཡིད་རྟོན་དང་མ་འཇོག་ཉེན་ཁར་དཔྱད་དཔོག་འོས་འཚམ་མ་བྱུང་བ་དང་རྣམ་གྲངས་ལག་བསྟར་ཁྲོད་དོ་དམ་གྱི་འགན་འཛོལ་བྱུང་བ་སོགས་འགོག་ཐབས་བྲལ་བ་མ་ཡིན་པའི་རྒྱུ་རྐྱེན་དབང་གིས་མ་འཇོག་ཐད་གྱོང་གུན་བྱུང་རིགས་ལ་མ་འཇོག་ཐད་ཀྱི་གྱོང་གུན་བསྡོམས་འབོར་གྱི་50%ཚད་གཞི་ལྟར་ལྕགས་ཐག་ལག་སྦྲེལ་གྱི་འགན་འཁྲི་འཁུར་ནས་རང་གཉེར་ལས་སྒོའི་ཁེ་སྤོགས་ནས་ཁ་གསབ་བྱེད་དགོས།

        མངགས་བཅོལ་དང་ལེན་བྱེད་མཁན་ཀུང་སིས་མངགས་བཅོལ་ལྟར་དོ་དམ་བྱེད་པའི་ཆེད་དངུལ་ལ་ཆེད་ཐོ་བཙུགས་ནས་ལོགས་སུ་དོ་དམ་བྱས་ནས་རང་ལ་ཡོད་པའི་མ་དངུལ་དང་རྩིས་ཁྲ་ལོགས་སུ་དབྱེ་ནས་ཞིབ་རྩིས་རྒྱག་དགོས་པ་དང་ནོར་སྲིད་ཐིང་གི་ཆོག་མཆན་མ་ཐོབ་པར་ཆེད་དངུལ་རང་དགར་སྤྱོད་མི་ཆོག

        དོན་ཚན་ཉེར་དྲུག་པ། རྣམ་གྲངས་ཚན་པས་བྱེད་ཐབས་འདིའི་གཏན་འབེབས་དང་འགལ་ནས་གཤམ་གསལ་གྱི་བྱ་སྤྱོད་ཡོད་རིགས་ལ་གཤམ་སྤྲོད་ཟིན་པའི་ཆེད་དངུལ་ཕྱིར་འཐེན་བྱེད་པ་མ་ཟད། ལོ་གསུམ་ནང་ཆེད་དངུལ་རོགས་སྐྱོར་རྣམ་གྲངས་ཀྱི་ཡིག་ཐོག་སྙན་ཞུ་འབུལ་མི་ཆོག་པ་དང་། ཉེས་གསོག་དོགས་ཡོད་རིགས་ཁྲིམས་ལྟར་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲོད་དགོས་པ་སྟེ།

        ﹙གཅིག ﹚དཔྱད་གཞི་དང་དཔང་ཡིག་རྫུས་མ་སྤྱད་དེ་ཆེད་དངུལ་གཡོ་ལེན་བྱས་རིགས་དང་།

        ﹙གཉིས ﹚ཆེད་དངུལ་བེད་སྤྱོད་བྱེད་པའི་ཐད་ཀྱི་གཏན་འབེབས་དང་འགལ་ནས་སྤྱོད་སྒོ་རང་དགར་བསྒྱུར་རིགས།

        ﹙གསུམ ﹚ཆེད་དངུལ་སོར་ཉར་དང་། བཀག་ཉར། རང་སྤྱོད། གཞན་སྤྱོད་བཅས་བྱས་རིགས།

        ﹙བཞི ﹚ཁྲལ་སྐུང་ཁྲལ་ཆད་ཀྱི་བྱ་སྤྱོད་ཡོད་པར་ཞིབ་བཤེར་ཐག་གཅོད་བྱས་རིགས།

        ﹙ལྔ ﹚རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་གཏན་འབེབས་གཞན་དག་དང་འགལ་རིགས་བཅས་ཡིན།

        ལེའུ་དྲུག་པ། ཞར་བྱུང་།

        དོན་ཚན་ཉེར་བདུན་པ། རིག་གནས་ཁེ་ལས་ལ་ཆེད་དངུལ་ཐོབ་རྗེས་དེའི་ནོར་དོན་བཀོད་སྒྲིག་ཐད་ནོར་སྲིད་པུས་བཏོན་པའི 《ཁེ་ལས་ནོར་དོན་གྱི་ཀུན་འཕྲོད་སྒྲིག་སྲོལ 》གྱི་དོན་ཚན་ཉི་ཤུ་པའི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

        དོན་ཚན་ཉེར་བརྒྱད་པ། བྱེད་ཐབས་འདིར་ལྗོངས་ནོར་སྲིད་ཐིང་གིས་འགྲེལ་བཤད་རྒྱག་རྒྱུའི་འགན་འཁུར་དགོས།

        དོན་ཚན་ཉེར་དགུ་པ། ས་ཁུལ ﹙གྲོང་ཁྱེར ﹚ཁག་གིས་བྱེད་ཐབས་འདིར་གཞིགས་ནས་དེ་མཚུངས་ཀྱི་དོ་དམ་བྱེད་ཐབས་བཟོ་ཆོག

        དོན་ཚན་སུམ་ཅུ་པ། བྱེད་ཐབས་འདི་བཏོན་པ་ནས་བཟུང་ལག་བསྟར་བྱེད་དགོས་པ་དང་། བྱེད་ཐབས་འདི་དང་གཅིག་མཐུན་མིན་པའི་བཟོས་ཟིན་པའི་སྲིད་ཇུས་དང་གཏན་འབེབས་ཚང་མ་བྱེད་ཐབས་འདི་ཚད་གཞིར་འཛིན་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།