དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུའི་ཚོགས་འདུ་ཐེངས་བཅུ་བདུན་པ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་6ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་ལྔ་པའི་གྲ་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་སྐུལ་སློང་ཚོགས་འདུ་འཚོགས་ནས་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་དགོངས་དོན་དང་ལྗོངས་སྲིད་གྲོས་ཀྱི་ཞིབ་ཕྲའི་བླང་བྱ་བརྒྱུད་བསྒྲགས་དང་ལག་བསྟར་བྱས་པ་དང་གྲ་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་འཁོར་སྐྱོད་མཐུན་སྦྱོར་ལམ་སྲོལ་སྤྱོད་འགོ་ཚུགས་པ་དང་གྲ་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་བཏང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་པ་སངས་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པ་འཚོག་རྒྱུར་མོས་མཐུན་བྱས་པའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲ་སྒྲིག་ཚོགས་ཆུང་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ་སྒྲོག་སྦྱངས་གནང་བ་རེད།

        མགོན་པོ་བཀྲ་ཤིས་ཀྱིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པ་ནི་རང་ལྗོངས་སུ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུར་སྒོ་ཀུན་ནས་སྐུལ་འདེད་གཏོང་བ། ཚན་རིག་དང་མཐུན་པའི་གོང་འཕེལ་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་སུ་གཏོང་བ་བཅས་ཀྱི་རྣམ་པ་ཧུར་ཐག་གཏོད་པ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགག་རྩའི་དུས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ད་རེས་ཀྱི་ཚོགས་འདུ་ཡག་པོ་འཚོག་རྒྱུར་གལ་ཧ་ཅང་ཆེ་བའི་དོན་སྙིང་ལྡན་ཡོད་པ་རེད་ཅེས་མཛུབ་སྟོན་གནང་བ་རེད།

        མགོན་པོ་བཀྲ་ཤིས་ཀྱིས་ཚོགས་འདུའི་གྲ་སྒྲིག་གི་ལས་འགན་འཁུར་མཁན་ལྗོངས་སྲིད་གྲོས་གཞུང་དོན་ཐིང་དང་ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་བླང་བྱ་གསར་པ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་པ་དང་ཚོགས་འདུ་གཉེར་བའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས། ཚོགས་འདུའི་གྲ་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ལས་འགན་གསལ་པོ་བཟོ་བ་དང་བླང་བྱ་ནན་དུ་གཏོང་བ་དང་གྲ་སྒྲིག་ལྷུ་ཚིགས་ཁག་གི་ལས་དོན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱས་ནས་གཞུང་དོན་སྒྲུབ་པའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

        མགོན་པོ་བཀྲ་ཤིས་ཀྱིས་སྲིད་གྲོས་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་ལྔ་པ་གྲ་སྒྲིག་བྱ་རྒྱུ་དེས་ཕྱོགས་ཁག་དང་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་པ་དང་འབྲེལ་ཡོད་འགན་འཁྲིའི་ཚན་པ་དང་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་དམིགས་ནས་གཅིག་གྱུར་གྱི་བཀོད་འདོམས་ལ་བརྩི་བཀུར་ཞུ་བ་དང་། སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་ལེགས་འདེམས་བྱས་ནས་གྲ་སྒྲིག་ལས་དོན་གྱི་སྟོབས་ཤུགས་ཧྲག་པོ་ཡོང་བ་བྱེད་དགོས་པ། ཕན་ཚུན་འབྲེལ་བ་བྱེད་པ་དང་མཐུན་སྦྱོར་དང་གཞོགས་འདེགས་བྱས་ནས་ཐུན་མོང་ཐོག་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་པ་བྱེད་དགོས་པ། ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་པ་དང་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་གྲ་སྒྲིག་ཚོགས་འདུ་དང་མིག་སྔའི་ལས་དོན་གཉིས་ཀ་འཐུས་ཤོར་མི་ཡོང་བ་དང་། གཉིས་ཀར་སྐུལ་འདེད་གཏོང་བ། གཉིས་ཀ་མཐོར་གཏོང་བཅས་བྱས་ནས་གྲ་སྒྲིག་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུའི་བརྩོན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།