དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 《བརྟན་ལྷིང་སྲུང་སྐྱོང་ལས་དོན་ནང་གི་འགོ་ཁྲིད་ལས་བྱེད་པའི་འགན་ཤོར་དང་འགན་འཛོལ་བྱེད་སྤྱོད་ཀྱི་འགན་འཁྲི་བདའ་འདེད་གཏོང་བའི་གནས་སྐབས་ལག་བསྟར་གཏན་འབེབས》པར་འགྲེམས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་12ཚེས་1ཉིན་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས 《བརྟན་ལྷིང་སྲུང་སྐྱོང་ལས་དོན་ནང་གི་འགོ་ཁྲིད་ལས་བྱེད་པའི་འགན་ཤོར་དང་འགན་འཛོལ་བྱེད་སྤྱོད་ཀྱི་འགན་འཁྲི་བདའ་འདེད་གཏོང་བའི་གནས་སྐབས་ལག་བསྟར་གཏན་འབེབས 》པར་འགྲེམས་བྱས་ནས་ས་གནས་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        《བརྟན་ལྷིང་སྲུང་སྐྱོང་ལས་དོན་ནང་གི་འགོ་ཁྲིད་ལས་བྱེད་པའི་འགན་ཤོར་དང་འགན་འཛོལ་བྱེད་སྤྱོད་ཀྱི་འགན་འཁྲི་བདའ་འདེད་གཏོང་བའི་གནས་སྐབས་ལག་བསྟར་གཏན་འབེབས 》ཆ་ཚང་གཤམ་གསལ།

        ལེའུ་དང་པོ། སྤྱིའི་རྩ་དོན།

        དོན་ཚན་དང་པོ། བརྟན་ལྷིང་སྲུང་སྐྱོང་ནང་གི་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་ཆེ་རུ་གཏོང་བ་དང་ཏང་སྲིད་སྒྲིག་ལམ་ནན་དུ་གཏོང་ཆེད 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག 》དང་། 《ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པའི་གནས་སྐབས་ལག་བསྟར་གཏན་འབེབས 》《སྲིད་འཛིན་ལས་ཁུངས་ཀྱི་གཞུང་ལས་པའི་ཆད་གཅོད་སྲོལ་ཡིག 》སོགས་ཀྱི་གཏན་འབེབས་ལ་གཞིགས་པ་དང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏན་འབེབས་འདི་བཟོས་པ་ཡིན།

          དོན་ཚན་གཉིས་པ། གཏན་འབེབས་འདི་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེའི་ཁོངས་གཏོགས་སྒྲིག་གཞིའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་འགོ་ཁྲིད་པ་གཞན་དག་ལ་སྤྱོད་གོ་ཆོད་ཀྱི་ཡོད།

           དོན་ཚན་གསུམ་པ། བརྟན་ལྷིང་སྲུང་སྐྱོང་ལས་དོན་ནང་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་འགན་ཤོར་དང་། འགན་འཛོལ་བྱེད་སྤྱོད་ཀྱི་འགན་འཁྲི་བདའ་འདེད་གཏོང་བར་དངོས་ཐོག་བདེན་འཚོལ་དང་། སྒྲིག་ཁྲིམས་ལ་གཞིགས་པ། ནོར་འཁྲུལ་ཡོད་ན་ངེས་པར་དུ་བདའ་འདེད་གཏོང་བ། སྐྱོན་ཐོ་འགོད་པ་དང་ཆད་པ་གཅོད་ཚད་རན་པ། སློབ་གསོ་དང་གཅུན་འདོམས་ཟུང་དུ་འབྲེལ་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ།

        དོན་ཚན་བཞི་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པས “བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི ”བསམ་བློ་བརྟན་པོ་འཛུགས་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་ཞིག་ཏུ་བརྩི་བ། “སྔ་ཙམ་དམ་འཛིན་བྱེད་པ་དང་། ཆུང་ས་ནས་དམ་འཛིན་བྱེད་པ། དམ་འཛིན་མགྱོགས་པོ་བྱེད་པ། དམ་འཛིན་ཡག་པོ་བྱེད་པ ”བཅས་ཀྱི་བླང་བྱར་ནན་པོར་གཞིགས་ནས་འགན་འཁྲི་ནན་པོ་བསྒྲུབས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་ཡོང་བ་བཅས་ཏན་ཏིག་བྱེད་དགོས་པ།

           དོན་ཚན་ལྔ་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཐད “ལས་གནས་གཅིག་ལ་འགན་འཁྲི་གཉིས ”ལག་བསྟར་བྱེད་པ་དང་། འགོ་ཁྲིད་པ་གཙོ་བོ་ནི་འགན་འཁྲི་འཁུར་མཁན་དང་པོ་ཡིན་པས་དེའི་འགན་འཁྲིའི་ཁྱབ་ཁོངས་ནང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་འགོ་ཁྲིད་པ་གཙོ་བོའི་འགན་འཁྲི་འཁུར་དགོས་པ་དང་། འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་དག་གིས་ལས་ཀའི་ལས་བགོས་ལ་གཞིགས་ནས་འགན་འཁྲིའི་ཁྱབ་ཁོངས་ནང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་འགོ་ཁྲིད་པ་གཙོ་བོའི་འགན་འཁྲི་འཁུར་དགོས། འགོ་ཁྲིད་ལས་བྱེད་པས་དེའི་འགན་འཁྲིའི་ཁྱབ་ཁོངས་ནང་འགན་འཁྲི་མི་སྒྲུབ་པའམ་ཡང་ན་འགན་འཁྲི་ཡང་དག་མ་བསྒྲུབས་པར་བརྟེན་ནས་སྤྱི་ཚོགས་བརྟན་ལྷིང་གི་དུས་བབ་ལ་འགོག་རྐྱེན་དང་གཏོར་བཤིག་བཟོས་ཚེ་ཐད་ཀའི་འགན་འཁྲི་འཁུར་དགོས།

          ལེའུ་གཉིས་པ། འགན་འཁྲི་བདའ་འདེད་གཏོང་བའི་གནས་བབ།

         དོན་ཚན་དྲུག་པ། གཤམ་གསལ་བྱེད་སྤྱོད་ཀྱི་གྲས་ཤིག་ཡོད་ཚེ་འགོ་ཁྲིད་ལས་བྱེད་པར་འགན་འཁྲི་བདའ་འདེད་གཏོང་དགོས་པ་སྟེ།

        (གཅིག ) བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བརྒྱུད་བསྒྲགས་དང་ལག་བསྟར་མཐར་ཕྱིན་མི་བྱེད་པ་དང་དོན་འཁྱོལ་བྱེད་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་མི་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགན་འཁྲི་གསལ་པོ་མེད་པ་དང་། ལམ་ལུགས་འཐུས་སྒོ་ཚང་པོ་མེད་པ། བྱེད་ཐབས་དོན་འཁྱོལ་མ་བྱུང་བ་བཅས་ཀྱིས་རྐྱེན་པས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ཕོག་པ་དང་། གཏུམ་སྤྱོད་ཉེས་གསོག་ཚབས་ཆེན་ཐོན་པ། མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་ཆེ་ཙམ་ཐོན་པ་སོགས་བརྟན་ལྷིང་སྲུང་སྐྱོང་ལ་ཤུགས་རྐྱེན་ཐེབས་པའི་གྱོད་གཞི (གནས་ཚུལ )ཐོན་རིགས་དང་།

        (གཉིས ) ཏང་གི་མཛད་ཕྱོགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ནས་མུན་འཐོམས་ངང་ཐབས་ཇུས་བཟོ་བའམ་ཡང་ན་སྲིད་ཇུས་གལ་ཆེན་མ་བཟོས་གོང་དང་ལས་གྲྭ་གལ་ཆེན་འཛུགས་སྐྲུན་གྱི་རྣམ་གྲངས་ལས་འགོ་མ་བཙུགས་གོང་དུ་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁའི་ཚོད་སྐོར་བྱས་མེད་པ་དང་ལག་བསྟར་བྱས་འཐུས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་སྔོན་ཇུས་མ་བཟོས་པར་མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་དང་ཚབས་ཆེའི་དོན་རྐྱེན་གཞན་དག་ཐོན་རིགས།

        (གསུམ ) ཆོག་མཆན་མ་ཐོབ་པར་ཆོས་ལུགས་དང་། རིག་གནས་རོལ་རྩེད། རྟེན་འབྲེལ་མཛད་སྒོ་སོགས་བྱེད་སྒོ་ཆེ་གྲས་གཉེར་བའམ་ཡང་ན་ཆོག་མཆན་ཐོབ་ཀྱང་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁའི་ཚོད་སྐོར་མ་བྱས་པ་དང་བདེ་འཇགས་དོ་དམ་གྱི་སྔོན་ཇུས་མ་བཟོས་པའམ་ཡང་ན་སྒྲིག་འཛུགས་དང་དོ་དམ་དོན་ཐོག་ཏུ་མ་འཁྱོལ་བའི་རྐྱེན་གྱིས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་གྱོད་གཞི (གནས་ཚུལ )ཐོན་རིགས།

        (བཞི )ཐོན་བཟོ་ཡོད་པ་དང་ཕྱོགས་ལྷུང་རང་བཞིན་ལྡན་པའི་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་དུས་ཐོག་ཏུ་གྲལ་བཤེར་འདུམ་འགྲིག་མ་བྱས་པ་དང་། མང་ཚོགས་ཀྱིས་བསམ་འཆར་ཡུན་རིང་བཏོན་པའི་ལུགས་མཐུན་གྱི་རེ་བ་རྣམས་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་ཆོག་འཐུས་ཁྱབ་ཁོངས་ནང་ཐག་གཅོད་བྱེད་དགོས་ཀྱང་ཐག་གཅོད་མ་བྱས་པ་དང་ཐ་ན་ནར་འགྱངས་དང་རང་ཁག་གཞན་འགེལ་བྱས་པའི་རྐྱེན་གྱིས་རྒྱུན་གཏན་མིན་པའི་གོང་ཞུ་བྱེད་པ་སོགས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་གྱོད་གཞི (གནས་ཚུལ )ཐོན་རིགས།

        (ལྔ )ལས་ཀའི་འགན་ཤོར་བ་དང་འགན་འཛོལ་བའི་རྐྱེན་གྱིས་ཚབས་ཆེན་ཡན་གྱི་སྤྱི་པའི་བདེ་འཇགས་ཀྱི་ལས་འཛོལ་ཐོན་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་པ་དང་སྤྱི་ཚོགས་ཀྱི་རྒྱུན་གཏན་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་ཕོག་རིགས།

        (དྲུག )འགན་འཁྲིའི་ཁྱབ་ཁོངས་ནང་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་དོན་རྐྱེན་ཐག་གཅོད་ཡག་པོ་མ་བྱུང་བའམ་ཡང་ན་ཐག་གཅོད་ནར་འགྱངས་བྱས་སྟབས་འགལ་བ་ཚབས་ཆེར་གྱུར་པ་དང་གནས་ཚུལ་ཚབས་ཆེ་རུ་ཕྱིན་ཏེ་རྒྱལ་ཁབ་ལས་ཁུངས་ཀྱི་མཐའ་བསྐོར་བ་དང་གདོང་མཆོང་བྱེད་པ་དང་། གཞུང་དོན་རླངས་འཁོར་འགོག་པའམ་ཡང་ན་འགྲིམ་འགྲུལ་གཅོད་པ་དང་སྤྱི་པའི་རྒྱུ་ནོར་ལ་གནོད་འཚེ་གཏོང་བ་སོགས་ཁྲིམས་འགལ་བྱེད་སྤྱོད་བཟོས་རིགས།

        (བདུན ) བརྟན་ལྷིང་གྱི་གནད་དོན་དང་འབྲེལ་བ་ཡོད་པའི་དོན་རྐྱེན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་ལས་གནས་ནས་རང་དགར་ཁ་བྲལ་བ་མ་ཟད་ཐ་ན་གནས་ཚུལ་ཐོན་སྐབས་བྲོས་འགྲོ་བའམ་ཡང་ན་ཐག་གཅོད་ཀྱི་བྱེད་ཐབས་དང་ཐག་གཅོད་ཀྱི་བསམ་འཆར་སོགས་ལས་ཀའི་གསང་བ་ཕྱིར་ཤོད་པ་མ་ཟད་ཐ་ན་དོ་བདག་ལ་ནང་གཏམ་ཕྱིར་བཤད་བྱས་རིགས།

        (བརྒྱད )བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་གནས་ཚུལ་དང་ཆ་འཕྲིན་གལ་ཆེན་ནམ་ཡང་ན་དོན་རྐྱེན་གལ་ཆེན་སྦ་གསང་བྱེད་པ་དང་། རྫུན་ཞུ་བྱེད་པ། སྙན་སེང་ཞུ་རྒྱུ་འགྱངས་པ། སྙན་སེང་ཆད་ལུས་ཤོར་བ་བཅས་ཀྱི་རྐྱེན་པས་ཇུས་ཐག་གཅོད་ནོར་ཤོར་ནས་ཐག་གཅོད་བྱ་རྒྱུར་ཕན་པའི་གོ་སྐབས་ཤོར་རིགས།

        (དགུ )འགན་འཁྲི་བདའ་འདེད་གཏོང་དགོས་རིགས་ཀྱི་གནས་ཚུལ་གཞན་དག་བཅས་སོ།

        ལེའུ་གསུམ་པ། འགན་འཁྲི་བདའ་འདེད་གཏོང་སྟངས།

        དོན་ཚན་བདུན་པ། འགོ་ཁྲིད་ལས་བྱེད་པར་འགན་འཁྲི་བདའ་འདེད་གཏོང་སྟངས་ནི་རྩ་འཛུགས་ཀྱི་ཐག་གཅོད་དང་། སྒྲིག་ལམ་གྱི་ཆད་པ། ཉེས་དོན་འགན་འཁྲི་བདའ་འདེད་བཅས་ལ་དབྱེ་ཡོད་པ་དང་།

        དོན་ཚན་བརྒྱད་པ། གཏན་འབེབས་འདིའི་དོན་ཚན་དྲུག་པའི་ནང་འཁོད་པའི་གནས་ཚུལ་གྱི་རིགས་ཐོན་ནས་རྩ་འཛུགས་ཀྱི་ཐག་གཅོད་བྱེད་དགོས་ཚེ་ལས་བྱེད་པའི་དོ་དམ་གྱི་དབང་ཚད་དང་གོ་རིམ་ལྟར་གནས་ཚུལ་ལ་གཞིགས་ཏེ་སྐྱོན་བརྗོད་སློབ་གསོ་གཏོང་བ་དང་། དྲན་སྐུལ་སློབ་གསོ་གཏོང་བ་དང་གླེང་མོལ་བྱེད་པ། ཡོངས་བསྒྲགས་སུ་དགོངས་དག་ཐུགས་བདེན་ཞུ་འཇུག་པ་དང་། ལས་གནས་མཚམས་འཇོག་བྱས་ནས་ཞིབ་བཤེར་བྱེད་པ། ལས་གནས་བརྗེ་པོ་རྒྱག་པ། འགན་འཛོལ་རང་དཀྲི་བྱས་ནས་ལས་གནས་དགོངས་ཞུ་བྱེད་པ། བཀའ་ཕབ་ནས་ལས་གནས་དགོངས་ཞུ་བྱེད་བཅུག་པ། གནས་དབྱུག་གཏོང་བ། གོ་གནས་འབེབས་པ་བཅས་ཀྱི་ཐག་གཅོད་བྱེད་དགོས།

         དོན་ཚན་དགུ་པ། གཏན་འབེབས་འདིའི་དོན་ཚན་དྲུག་པའི་ནང་འཁོད་པའི་གནས་ཚུལ་གྱི་རིགས་ཐོན་པ་མ་ཟད་སྒྲིག་ལམ་དང་འགལ་ཚེ 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག 》དང 《སྲིད་འཛིན་ལས་ཁུངས་ཀྱི་གཞུང་ལས་པའི་ཆད་གཅོད་སྲོལ་ཡིག 》གྱི་འབྲེལ་ཡོད་དོན་ཚན་ལ་གཞིགས་ནས་ཐད་ཀའི་འགན་འཁུར་བ་དང་། གཙོ་འགན་འགན་འཁུར་མཁན། འགོ་ཁྲིད་གལ་ཆེན་གྱི་འགན་འཁུར་མཁན་བཅས་ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་ཁག་སོ་སོར་གཅོད་དགོས།

         དོན་ཚན་བཅུ་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནང་འགོ་ཁྲིད་ལས་བྱེད་པའི་འགན་ཤོར་དང་འགན་འཛོལ་གྱི་བྱེད་སྤྱོད་དེ་ཁྲིམས་དང་འགལ་ནས་ཉེས་གསོག་གི་དོགས་པ་ཡོད་མཁན་ཁྲིམས་འཛིན་ལས་ཁུངས་སུ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་དགོས།

        ལེའུ་བཞི་པ། འགན་འཁྲི་བདའ་འདེད་གཏོང་བའི་བརྒྱུད་རིམ།

         དོན་ཚན་བཅུ་གཅིག་པ། གཏན་འབེབས་འདིའི་དོན་ཚན་དྲུག་པའི་ནང་འཁོད་པའི་འགན་འཁྲི་གཏན་འཁེལ་བྱེད་རྒྱུའི་ཐད་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་འགོ་ཁྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་བྱེད་པ་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་མི་དོན་སྡེ་ཚན་ཞུགས་པའི་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་གིས་བརྟག་དཔྱད་ཞིབ་དཔྱད་བྱས་རྗེས་གཏན་འཁེལ་བྱེད་དགོས། འགན་འཁྲི་གཏན་འཁེལ་བྱས་རྗེས་དོ་དམ་གྱི་དབང་ཆ་ཡོད་པའི་སྡེ་ཚན་ལ་བསྐྱལ་ནས་གོ་རིམ་གཞིར་བཟུང་འགན་འཁྲི་བདའ་འདེད་གཏོང་དགོས།

          དོན་ཚན་བཅུ་གཉིས་པ། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་བདམས་པའམ་ཡང་ན་བསྐོ་གཞག་བྱས་པའི་མི་སྣར་འགན་འཁྲི་བདའ་འདེད་གཏོང་སྐབས་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་ཀྱི་གོ་རིམ་གཞིར་བཟུང་གཉེར་དགོས།

        དོན་ཚན་བཅུ་གསུམ་པ། འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་བདའ་འདེད་གཏོང་བའི་ཐད་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་དང་། རྩ་འཛུགས་མི་དོན་སྡེ་ཚན། ཁྲིམས་འཛིན་ལས་ཁུངས་བཅས་ཀྱིས་རང་ངོས་ཀྱི་འགན་འཁྲི་དང་དབང་ཚད་ལ་གཞིགས་ནས་ལག་བསྟར་བྱེད་དགོས།

        དོན་ཚན་བཅུ་བཞི་པ། རྩ་འཛུགས་ཀྱི་ཐག་གཅོད་དང་སྒྲིག་ཁྲིམས་ཀྱི་ཆད་པ་ཁེར་རྐྱང་དུ་སྤྱོད་ན་འགྲིག་ལ་ཟླ་སྒྲིལ་བཏང་ནས་སྤྱོད་ནའང་འགྲིག

        དོན་ཚན་བཅོ་ལྔ་པ། འགན་འཁྲི་བདའ་འདེད་བཏང་བའི་འགོ་ཁྲིད་ལས་བྱེད་པའི་ལོ་དེའི་ལོ་འཁོར་གྱི་དཔྱད་ཞིབ་བཟང་འདེམས་དང་རིགས་ཁག་གི་སྔོན་ཐོན་ལ་འདེམས་པའི་ཐོབ་ཐང་མེད་པ་བཟོ་དགོས། བཀའ་ཕབ་ནས་གོ་གནས་དགོངས་ཞུ་བྱས་པ་དང་གནས་དབྱུང་བཏང་བའི་འགོ་ཁྲིད་ལས་བྱེད་པར་འགན་འཁྲི་བདའ་འདེད་གཏོང་རྒྱུའི་གཏན་འབེབས་གོ་ཆོད་པའི་ཉིན་ནས་བཟུང་གི་ལོ་གཅིག་ནང་དེ་སྔའི་གོ་གནས་དང་ཧ་ལམ་མཚུངས་པའི་འགོ་ཁྲིད་ཀྱི་གོ་གནས་སླར་ཡང་འཁུར་མི་ཆོག

        ལེའུ་ལྔ་པ། ཞར་བྱུང་།

           དོན་ཚན་བཅུ་དྲུག་པ། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ལས་ཁུངས་དང་། སྲིད་གྲོས་ལས་ཁུངས། འདྲི་གཅོད་ལས་ཁུངས་། ཞིབ་དཔྱོད་ལས་ཁུངས། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པའི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནང་འགན་ཤོར་དང་འགན་འཛོལ་གྱི་བྱེད་སྤྱོད་ཐོན་རིགས་བྱེད་ཐབས་དེ་བཞིན་ལག་བསྟར་བྱེད་དགོས།

        དོན་ཚན་བཅུ་བདུན་པ། གཏན་འབེབས་འདི་འགྲེལ་བཤད་རྒྱག་པའི་འགན་དེ་རང་སྐྱོང་ལྗོངས་སྒྲིག་ཨུད་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའུ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན། རང་སྐྱོང་ལྗོངས་ལྟ་ཞིབ་ཐིང་། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་བཅས་ལ་ཡོད།

        དོན་ཚན་བཅོ་བརྒྱད་པ། གཏན་འབེབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།