དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 《ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་དངོས་ཐོ་འགོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》 ཐད་གསར་འགོད་པའི་དྲི་བར་ལན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་24ཉིན་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔའི་ཐོག 《ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་དངོས་ཐོ་འགོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས 》གྲོས་འཆམ་བྱུང་བ་རེད། རང་ལྗོངས་སུ་ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་དངོས་ཐོ་འགོད་ལག་བསྟར་བྱེད་ཉེར་ཡོད་པའི་འབྲེལ་ཡོད་གནད་དོན་ཐད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཚེ་རིང་རྡོ་རྗེས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད།

        1.གསར་འགོད་པ། ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་དངོས་ཐོ་འགོད་ལག་བསྟར་བྱེད་པའི་དམིགས་ཡུལ་དང་དོན་སྙིང་གང་ཡིན་པ་ངོ་སྤྲོད་གནང་རོགས།

        ཚེ་རིང་རྡོ་རྗེ། ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་དངོས་ཐོ་འགོད་ལག་བསྟར་བྱ་རྒྱུ་དེ་ཕན་མེད་འཕྲིན་ཐུང་དང་ཁྲིམས་འགལ་འཕྲིན་ཐུང་བཀག་འགོག་བྱས་ཏེ་འཛད་སྤྱོད་པའི་འཕྲིན་གཏོང་ཁོར་ཡུག་གཙང་བཟོ་བྱེད་པ་དང་ཁྲིམས་འགལ་དང་གནོད་ཡོད་ཆ་འཕྲིན་བརྒྱུད་གཏོང་བྱ་རྒྱུར་དོགས་ཟོན་བྱས་ཐོག་དྲ་སྦྲེལ་ཆ་འཕྲིན་དང་ནང་དོན་བདེ་འཇགས་འགན་ལེན་བྱས་ནས་སྤྱི་པའི་བདེ་འཇགས་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ་ཁ་དན་ཚིག་གནས་ཀྱི་སྤྱི་ཚོགས་བསྐྲུན་པར་སྐུལ་འདེད་གཏོང་བའི་ལམ་ལུགས་འགངས་ཆེན་ཞིག་རེད།

        ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་དངོས་ཐོ་འགོད་བྱེད་པ་དེས་ཁ་པར་དང་དྲ་སྦྲེལ་གྱི་ཚད་ལྡན་དོ་དམ་ཐད་ཤུགས་སྣོན་རྒྱག་པ་དང་། རྒྱ་ཆེའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཁ་པར་དང་དྲ་སྦྲེལ་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དྲ་སྦྲེལ་ཆ་འཕྲིན་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

        2.གསར་འགོད་པ། ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་དངོས་ཐོ་འགོད་ལག་བསྟར་བྱེད་པའི་ནང་དོན་ཞིབ་ཕྲ་གང་དག་ཡོད་དམ།

        ཚེ་རིང་རྡོ་རྗེ། ཁ་པར་སྤྱོད་མཁན་གྱི་ཐོབ་ཐང་དངོས་ཐོ་འགོད་བྱེད་པ་ཞེས་པ་ནི་ཁ་པར་སྤྱོད་མཁན་གྱིས་སྒུལ་བདེའི་ཁ་པར་(གཞི་གྲངས་དྲ་ཞུགས་གཱ་ཚུད་པ )དང་གཏན་འཇགས་ཁ་པར་གྱི་དྲ་ཞུགས་དང་། བདག་པོའི་མིང་བརྗེ་བ། ཁ་པར་བཙུགས་པ། ཁ་པར་སྤོ་བ། བསྒྱུར་བ་སོགས་གློག་འཕྲིན་ལས་སྒོ་གཉེར་སྐབས་གློག་འཕྲིན་གཉེར་སྐྱོང་ཁེ་ལས་ལ་དངོས་འབྲེལ་དང་ནུས་ལྡན་གྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་མཁོ་འདོན་བྱེད་དགོས་པ་དེར་བརྗོད། གློག་འཕྲིན་གཉེར་སྐྱོང་ཁེ་ལས་ཀྱིས་འཛད་སྤྱོད་པའི་མིང་དང་། སྡོད་གནས། ལག་ཁྱེར་རིགས་དང་དེ་བཞིན་ཁ་པར་ཨང་གྲངས་སོགས་ཆ་འཕྲིན་གྱི་ནང་དོན་ཇི་མ་ཇི་བཞིན་ཐོ་འགོད་བྱེད་དགོས།

        དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་དངོས་ཐོ་འགོད་བྱེད་པ་ཞེས་པ་ནི་དྲ་སྦྲེལ་མཐུད་འཇུག་ཞབས་ཞུ་བྱེད་མཁན་དང་དྲ་སྦྲེལ་ཆ་འཕྲིན་ཞབས་ཞུ་བྱེད་མཁན་དང་དེ་བཞིན་མགྲོན་ཁང་དང་ཨར་ཁང་སོགས་དྲ་ཞུགས་ཞབས་ཞུ་བྱེད་མཁན་དང་དྲ་དམངས་ལ་ཐོབ་ཐང་དངོས་ཐོ་འགོད་བྱེད་དགོས་པ་དེར་བརྗོད།

        3.གསར་འགོད་པ། 《ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་དངོས་ཐོ་འགོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས 》ཀྱི་ནང་དོན་གཙོ་བོ་གང་དག་ཡོད་དམ།

        ཚེ་རིང་རྡོ་རྗེ། 《གཏན་འབེབས 》ནང་དོན་ཚན་བཅུ་དྲུག་འཁོད་ཡོད། གཙོ་བོ་རང་ལྗོངས་ཀྱི་ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་དངོས་ཐོ་འགོད་པའི་ནང་དོན་དང་ཁྱབ་ཁོངས་དང་། ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་གྱི་འོས་འགན། གློག་འཕྲིན་གཉེར་སྐྱོང་ཁེ་ལས་ཀྱི་འགན་འཁྲི། ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་དངོས་ཐོ་འགོད་བྱེད་པའི་ལག་རྩལ་འགན་ལེན། འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི། འཛད་སྤྱོད་པའི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་། བཅའ་ཁྲིམས་ཀྱི་འགན་འཁྲི། ལག་བསྟར་བྱེད་པའི་དུས་ཚོད་སོགས་ཀྱི་ནང་དོན་ཚུད་ཡོད།

        4.གསར་འགོད་པ། 《ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་དངོས་ཐོ་འགོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས 》བཟོ་བའི་གཞི་འཛིན་ས་གང་ཡིན་ནམ།

        ཚེ་རིང་རྡོ་རྗེ། སྤྱི་དམངས་དང་ཁྲིམས་མི་དང་རྩ་འཛུགས་གཞན་དག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ། རང་ལྗོངས་ཀྱི་གློག་འཕྲིན་ལས་རིགས་དང་དྲ་སྦྲེལ་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས 》དང 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་སྲོལ་ཡིག 》《དྲ་སྦྲེལ་གྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས 》《དྲ་སྦྲེལ་གྱི་ཆ་འཕྲིན་ཞབས་ཞུ་དོ་དམ་བྱེད་ཐབས 》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་གཞིགས་ནས 《ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་དངོས་ཐོ་འགོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས 》བཟོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།