དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པའི་དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        《ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི 〈བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར 〉པར་འགྲེམས་བརྡ་ཐོ 》དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་གཞིགས་ཏེ་ལྗོངས་ཡོངས་སུ་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པའི་དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུ་ཡིན།

        གཅིག      གལ་ཆེའི་དོན་སྙིང་།

        ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པའི་དཔྱད་འདེམས་བྱེད་སྒོ་སྤེལ་བ་ནི་ཏང་གི་ཆོས་ལུགས་ལས་དོན་གྱི་རྩ་བའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་བྱ་ཐབས་གལ་ཆེན་ཞིག་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་ནང་དོན་གལ་ཆེན་ཞིག རྒྱ་ཆེའི་གྲྭ་བཙུན་ཚོའི་རྒྱལ་གཅེས་ཁྲིམས་སྲུང་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་བྱ་སྤྱོད་གལ་ཆེན་ཞིག རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་དང་དགོན་སྡེའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་ལེན་གལ་ཆེན་ཞིག་བཅས་རེད།

        གཉིས།     མཛུབ་ཁྲིད་བསམ་བློ།

        ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ནང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་ཞུགས་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་བྱེད་པ་དང་ཏང་གི་ཆོས་ལུགས་ལས་དོན་གྱི་རྩ་བའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་རྩ་བའི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ངོས་འཛིན་གཅིག་གྱུར་དང་། རྣམ་པ་གསར་གཏོད། སྒྲིག་འཛུགས་ཞིབ་ཚགས། དངོས་ཕན་ལ་མཐོང་ཆེན། སྐུལ་མ་གཏོང་རྒྱུ་གལ་ཆེར་འཛིན་པ་བཅས་བྱས་ནས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པའི་དཔྱད་འདེམས་བྱེད་སྒོ་ཏན་ཏན་ཏིག་ཏིག་ངང་ལེགས་པར་སྤེལ་ཐོག་རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་ལ་སྲུང་སྐྱོང་གིས་དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱེད་དགོས།

        གསུམ།     སྤྱིའི་དམིགས་ཚད་།

        ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པའི་དཔྱད་འདེམས་བྱེད་སྒོ་སྤེལ་ནས་ཁྲིམས་ལུགས་དྲིལ་བསྒྲགས་དང་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། དགོན་སྡེའི་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྒྲིག་སྲོལ་ལམ་ལུགས་འཛུགས་པ། ཁྲིམས་ལྟར་དགོན་སྡེར་དོ་དམ་བྱེད་པ། དགོན་སྡེའི་བྱེད་སྒོ་ཚད་ལྡན་ཡོང་བ་བྱེད་པ། དགོན་སྡེའི་རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ། གྲྭ་བཙུན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། དགོན་སྡེའི་ཕྱི་ནས་ཡོང་མཁན་ལ་དོ་དམ་ནན་པོ་བཅས་བྱས་ཏེ་དགོན་སྡེའི་ཞི་མཐུན་བརྟན་ལྷིང་འགན་སྲུང་བྱེད་དགོས། དགོན་སྡེ་དང་གྲྭ་བཙུན་རྣམས་དགོན་སྡེའི་དོ་དམ་གསར་གཏོད་ནང་ཞུགས་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་བཏང་སྟེ་དགོན་སྡེར་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་སྲུང་ཁྲིམས་སྲུང་གི་ཁོར་ཡུག་བཟང་པོ་ཞིག་སྔར་བས་གཏོད་དགོས་པ་དང་། གྲྭ་བཙུན་ཆེས་མང་ཆེ་བར་མཐུན་སྒྲིལ་གྱིས་ཁ་ཕྲལ་རིང་ལུགས་པ་ཉུང་ཤས་གྲོགས་མེད་ཁེར་རྐྱང་དུ་འཇོག་པའམ་དེར་རྡུང་རྡེག་བཏང་ནས་དགོན་སྡེའི་གྲྭ་བཙུན་རྣམས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཀྱི་ཤེས་ཡོན་བྱང་ཆུབ་པ། ཀུན་སྤྱོད་ཐད་ཀུན་གྱིས་གུས་བཀུར་ཐོབ་པ་བཅས་ཀྱི་ཆོས་ལུགས་ལས་དོན་མི་སྣ་སྔར་བས་གཏོད་ནས་དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

        བཞི།     དཔྱད་འདེམས་ཀྱི་ཁྱབ་ཁོངས་དང་ཆ་རྐྱེན།

        (གཅིག ) དཔྱད་འདེམས་ཀྱི་ཁྱབ་ཁོངས།

        ལྗོངས་ཡོངས་ཀྱི་ཐོ་འགོད་བྱས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་མི་སྣའི་ལག་ཁྱེར་དང་སྤྲུལ་སྐུའི་ལག་ཁྱེར་ཡོད་པའི་ཆོས་ལུགས་ལས་དོན་མི་སྣ་དེའི་ཁྱབ་ཁོངས་ཡིན་ཞིང་། གསར་གཏོད་དང་དཔྱད་འདེམས་བྱེད་སྒོའི་ཐད་སྤ་སེ་གཅིག་གིས་ཕྲུ་སློག་ལམ་ལུགས་ལག་ལེན་བསྟར་རྒྱུ་དང་དགོན་སྡེའི་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་དོན་རྐྱེན་དང་རང་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་དོན་རྐྱེན་ཐོན་པ་དང་། ཚོགས་པའི་རང་བཞིན་གྱི་དོན་རྐྱེན་ནང་གྲྭ་བཙུན་ཞུགས་ཕྱིན་དོན་རྐྱེན་ཐོན་པའི་ཉིན་ནས་བཟུང་ལོ་3ནང་དཔྱད་འདེམས་ནང་ཞུགས་མི་ཆོག བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཚབས་ཆེན་ཐོན་པ་དང་མཇུག་འབྲས་ངན་པ་བཟོས་ཕྱིན་ལོ་1ནང་དཔྱད་འདེམས་ནང་ཞུགས་མི་ཆོག དགོན་སྡེ་དང་གྲྭ་བཙུན་ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་གཏོར་བཤིག་བྱེད་སྤྱོད་ནང་ཞུགས་ཕྱིན་དཔྱད་འདེམས་ནང་གཏན་ནས་ཞུགས་མི་ཆོག

        (གཉིས ) ཞི་མཐུན་དཔེ་བཟང་གི་དགོན་སྡེ་དཔྱད་འདེམས་ཀྱི་ཆ་རྐྱེན།

        1.ཏང་དང་སྲིད་གཞུང་དང་སེམས་པ་གཅིག་མཐུན་ཡིན་དགོས་ཤིང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། སྲིད་ཇུས་བཅས་ལ་རང་རྟོགས་ངང་སྲུང་བརྩི་ཞུ་བ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་བ་དང་།

        2.དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་ཡོད་དགོས་ཤིང་། ས་ཁོངས་དོ་དམ་གྱི་འགན་འཁྲི་གཙོ་མི་ཁ་གསལ་དང་། དགོན་སྡེའི་དོ་དམ་གྱི་རྩ་འཛུགས་ལས་དོན་ལམ་ལུགས་འཐུས་སྒོ་ཚང་བ། དགོན་སྡེའི་དོ་དམ་སྒྲིག་སྲོལ་ལམ་ལུགས་ཆ་ཚང་ལ་དོན་འཁྱོལ་ནན་པོ་ཡོད་པ།

        3.རྒྱལ་གཅེས་མི་སྣའི་ནུས་པ་འདོན་སྤེལ་ཐུབ་དགོས་ཤིང་། སྤྲུལ་སྐུ་དང་། མཁན་པོ། དཔེ་ཆ་བའི་དགེ་རྒན། དགེ་བསྐོས། དབུ་མཛད་སོགས་མི་སྣས་དགོན་སྡེའི་བདག་གཉེར་ཨུ་ལྷན་གྱི་ལས་དོན་ལ་རང་འགུལ་ངང་རྒྱབ་སྐྱོར་བྱེད་པ་དང་རྒྱ་ཆེའི་གྲྭ་བཙུན་ཚོས་དགོན་སྡེའི་བདག་གཉེར་ཨུ་ལྷན་གྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱེད་པ།

        4.སློབ་སྦྱོང་གི་ལམ་ལུགས་འཐུས་ཚང་ཞིག་ཡོད་དགོས་ཤིང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་བཏང་ནས་གྲྭ་བཙུན་ཚོའི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ།

        5.དགོན་སྡེའི་གྲྭ་བཙུན་གྱི་དོ་དམ་དོན་ཐོག་ཏུ་འཁྱོལ་དགོས་ཤིང་། སྤྲུལ་སྐུ་དང་གྲྭ་བཙུན་གྱི་ཐོ་འགོད་དོ་དམ་ལམ་ལུགས་དང་གྲྭ་བཙུན་གྱི་བཅད་གྲངས་ལག་ལེན་ནན་པོ་བསྟར་ཏེ་དགོན་སྡེར་སྡོད་མཁན་ལ་ལག་ཁྱེར་ཡོད་པ་དང་། དགོངས་པ་ཞུ་འཐུས་ཀྱི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། གྲྭ་བཙུན་བསྡུ་བའི་ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུགས་ཚད་ལྡན་ནན་པོ་ཡོད་པ། ཁྲིམས་འགལ་ངང “སྤྲུལ་སྐུ ”ངོས་འཛིན་བྱས་མེད་པ།

        6.དགོན་སྡེའི་བདེ་སྲུང་མ་ལག་འཐུས་ཚང་ཡོད་དགོས་ཤིང་། རིག་དངོས་སྲུང་སྐྱོབ་དང་། བདེ་འཇགས། མེ་ཟོན། འཕྲོད་བསྟེན་རིམས་འགོག་བཅས་ལས་དོན་གྱི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། དགོན་སྡེར་གནས་མཇལ་དང་ལྟ་སྐོར་དུ་ཡོང་མཁན་ཚོའི་བདེ་འཇགས་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། རྒྱུན་སྡོད་དང་གནས་གཡར་བ་དང་། བོགས་གཏོང་ཁང་པ་བཅས་ཐོ་འགོད་ལག་ཁྱེར་གཉེར་ནས་དགོན་སྡེའི་ནང་ལས་ཀ་ངེས་གཏན་མེད་མཁན་འཇོག་མི་རུང་།

        7.རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་བཙུགས་དགོས་ཤིང་། དགོན་སྡེས་ཆོས་ཕྱོགས་བྱེད་སྒོ་ཆེ་གྲས་སྤེལ་བར་ཆོས་ལུགས་ལས་དོན་སྡེ་ཚན་གྱི་ཞིབ་མཆན་མཆན་འགོད་ཀྱི་དོ་དམ་རང་རྟོགས་ངང་དང་ལེན་བྱེད་པ་དང་ཆོས་ཕྱོགས་བྱེད་སྒོའི་ནང་དོན་ཁྲིམས་མཐུན་ཚད་ལྡན་དང་བརྒྱུད་རིམ་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་ཡོད་པ་དང་དཔེ་ཆ་བའི་འཛིན་གྲྭའི་དོ་དམ་ཚད་ལྡན་ནན་པོ་ཡོད་པ།

        8.རྒྱུ་ནོར་དོ་དམ་ལམ་ལུགས་འཐུས་ཚང་ཞིག་ཡོད་དགོས་ཤིང་། དགོན་སྡེའི་རྒྱུ་ནོར་ཕྱོགས་ཡོངས་ནས་ཐོ་འགོད་དང་དོ་དམ་ནན་པོ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འབྲེལ་ཡོད་གོ་རིམ་དང་གཏན་འབེབས་ལ་ནན་པོ་གཞིགས་ཏེ་བྱེད་པ། ནོར་དོན་ལམ་ལུགས་འཐུས་ཚང་དང་། ཐོན་སྐྱེད་གཉེར་སྐྱོང་ཁྲིམས་མཐུན། ཡོང་འབབ་བགོ་འགྲེམས་ལུགས་མཐུན་དང་། ཡོངས་བསྒྲགས། ཕྱི་གསལ་ནང་གསལ་བཅས་ཡོད་པ། རྩིས་བཤེར་རང་རྟོགས་ངང་དང་ལེན་བྱེད་པ།

        9.གཞི་རྩའི་སྤྱི་པའི་ཞབས་ཞུར་སྐུལ་འདེད་ནུས་ལྡན་གཏོང་དགོས་ཤིང་། སྲིད་གཞུང་ལ་གཞོགས་འདེགས་ཀྱིས་གྲྭ་བཙུན་གྱི་རྒན་གསོ་དང་། སྨན་བཅོས་འགན་བཅོལ། མ་མཐའི་འཚོ་བ་འགན་ལེན་སོགས་སྤྱི་ཚོགས་ཀྱི་འགན་སྲུང་དོན་འཁྱོལ་བྱེད་པ་དང་རྒན་རྒོན་དང་། ལུས་སྟོབས་ཞན་པ། ནད་པ། དབང་པོ་སྐྱོན་ཅན་བཅས་ཀྱི་གྲྭ་བཙུན་གྱི་འཚོ་བའི་དཀའ་ངལ་ཐག་གཅོད་འོས་འཚམས་བྱེད་པ།

        10.དགོན་སྡེར་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་བསྐྱར་གསོ་བྱེད་མི་ཆོག་ཅིང་། དགོན་སྡེས་སྲིད་འཛིན་དང་། ཁྲིམས་འཛིན། སློབ་གསོ་བཅས་དང་དེ་བཞིན་སྤྱི་ཚོགས་ལས་དོན་གྱི་དོ་དམ་ལ་ཐེ་གཏོགས་བྱེད་མི་ཆོག མེད་པར་བཟོས་ཟིན་པའི་ཆོས་ལུགས་དང་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་དང་གཉའ་གནོན་བཤུ་གཞོག་ལམ་ལུགས་དགོན་སྡེར་བསྐྱར་གསོ་བྱེད་མི་ཆོག་པ་དང་དགོན་སྡེའི་ཁོངས་གཏོགས་འབྲེལ་བ་བསྐྱར་གསོ་བྱེད་མི་ཆོག དགོན་སྡེས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆབ་སྲིད་ཀྱི་ཆ་རྐྱེན་ཟུར་སྣོན་བྱས་མེད་པའི་ཞལ་འདེབས་དང་ལེན་བྱེད་ཆོག་ཀྱང་བཙན་བཤེད་དམ་ཆ་བགོས་བྱེད་མི་ཆོག

        11.དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོད་དགོས་ཤིང་། དགོན་སྡེར་བདེ་འཇགས་ལ་གནོད་པའི་གྱོད་གཞི་དང་ཉེས་དོན་གྱོད་གཞི་ཐོན་མེད་པ་དང་། དགོན་སྡེའི་གྲྭ་བཙུན་མེས་རྒྱལ་ཁ་ཕྲལ་གྱི་བྱེད་སྤྱོད་ནང་ཞུགས་མེད་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བའི་བྱེད་སྤྱོད་ནང་ཞུགས་མེད་པ། དགོན་སྡེའི་བྱ་བར་ས་ཁོངས་ཕྱི་རོལ་གྱི་རྩ་འཛུགས་དང་མི་སྒེར་གང་ཞིག་ཡིན་རུང་ཐེ་ཇུས་དང་བཀོད་སྒྲིག་བྱེད་དུ་མི་འཇུག་པ་དང་དགོན་སྡེའི་གྲྭ་བཙུན་ས་ཁོངས་ཕྱི་ནང་གི་ཁ་ཕྲལ་སྟོབས་ཤུགས་དང་འབྲེལ་བ་མེད་པ་བཅས་སོ།

        (གསུམ ) རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་ཆ་རྐྱེན།

        1.ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་བ་དང་རྒྱལ་གཅེས་ཆོས་གཅེས་བྱས་ཏེ་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་འབྱེད་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་།

        2.རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ནང་ཧུར་ཐག་ཞུགས་ཏེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་རྟོགས་ངང་སྲུང་བརྩི་ཞུས་ནས་ཁྲིམས་འགལ་གྱི་ཆོས་ཕྱོགས་བྱེད་སྒོ་མི་སྤེལ་བ།

        3.སྲིད་གཞུང་དང་དགོན་སྡེའི་བདག་གཉེར་ཨུ་ལྷན་གྱི་དོ་དམ་ལ་དཔེ་བཟང་ངང་བརྩི་བཀུར་ཞུ་བ་དང་རང་རྟོགས་ངང་སྒྲིག་སྲོལ་དང་སྡོམ་ཁྲིམས་སྲུང་བ།

        4.ཐོས་བསམ་ལ་གཞོལ་བ་དང་དགོན་སྡེའི་ཆོས་ཕྱོགས་བྱེད་སྒོའི་ནང་ཧུར་ཐག་ཞུགས་ལ་ཀུན་སྤྱོད་ཀྱི་བློ་སྦྱོང་བཟང་པོ་ཞིག་ལྡན་དགོས་པ་བཅས་སོ།

        ལྔ།     དཔྱད་འདེམས་དང་བྱ་དགའ་སྤྲོད་ཐབས།

        (གཅིག ) དཔྱད་འདེམས་ཀྱི་དུས་ཚོད།

        རང་སྐྱོང་ལྗོངས་ཀྱིས་ལོ་གཅིག་ལ་དཔྱད་འདེམས་ཐེངས་རེ་དང་ས་ཁུལ (གྲོང་ཁྱེར )དང་རྫོང (གྲོང་ཁྱེར་དང་ཆུས )གྱི་ལོ་ཕྱེད་ལ་དཔྱད་འདེམས་ཐེངས་རེ་བྱས་ཏེ་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་རྒྱུ་ཡིན།

        (གཉིས ) དཔྱད་འདེམས་བྱེད་ཐབས།

        བསམ་འཆར་འདི་གཤམ་སྤེལ་བྱས་རྗེས་དགོན་སྡེ་དང་གྲྭ་བཙུན་གྱི་དངོས་ཡོད་མཚོན་ཚུལ་གཞི་འཛིན་སར་བྱས་ཏེ་དཔྱད་འདེམས་བྱེད་དགོས།

        1.རྫོང་རིམ་པའི་དཔྱད་འདེམས་བྱེད་ཐབས། རྫོང་རིམ་པའི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དཔྱད་འདེམས་ཐད་རྩ་དོན་ཐོག་བྱ་དགའ་ཐོབ་མཁན་དགོན་སྡེའི་བསྡུར་གྲངས་དེ་རྫོང (གྲོང་ཁྱེར་དང་ཆུས )དེ་ཡོངས་ཀྱི་དགོན་སྡེའི་བསྡོམས་འབོར་གྱི་30%ཡིན་པ་དང་། ཞི་མཐུན་དཔེ་བཟང་དགོན་སྡེའི་ལག་ཁྱེར་ཡོད་པའི་གྲྭ་བཙུན་ཚང་མ་རྫོང་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཡིན་དགོས། དཔེ་བཟང་གི་དགོན་སྡེར་དཔྱད་འདེམས་བྱེད་ཐུབ་མེད་ན་ལག་ཁྱེར་ཡོད་པའི་གྲྭ་བཙུན་རྣམས་30%ཡི་བསྡུར་གྲངས་ལྟར་རྫོང་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་དཔྱད་འདེམས་བྱེད་ཆོག དཔྱད་འདེམས་ཀྱི་འབྲས་བུ་དེ་ས་ཁུལ (གྲོང་ཁྱེར )ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་ལ་ཐོ་འགོད་ཞུ་དགོས།

        2.ས་ཁུལ་དང་གྲོང་ཁྱེར་རིམ་པའི་དཔྱད་འདེམས་བྱེད་ཐབས། ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དཔྱད་འདེམས་ཐད་རྫོང་རིམ་པའི་ཞི་མཐུན་དཔེ་བཟང་གི་དགོན་སྡེའི་ཁྲོད་ནས་30%ཡི་བསྡུར་གྲངས་དང་དེ་བཞིན་ས་ཁུལ་དང་གྲོང་ཁྱེར་གྱིས་དོ་དམ་བྱེད་པའི་དགོན་སྡེའི་ཁྲོད་ནས་ཐོན་རྒྱུ་དང་། ཞི་མཐུན་དཔེ་བཟང་གི་དགོན་སྡེའི་ལག་ཁྱེར་ཡོད་པའི་གྲྭ་བཙུན་ཚང་མ་ས་ཁུལ་དང་གྲོང་ཁྱེར་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཡིན་དགོས། རྫོང་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཞན་དག་ཁྲོད་ནས་30%ཡི་བསྡུར་གྲངས་ལྟར་ས་ཁུལ་དང་གྲོང་ཁྱེར་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་འདེམས་ཆོག དཔྱད་འདེམས་ཀྱི་འབྲས་བུ་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་ལ་ཐོ་འགོད་ཞུ་དགོས།

        3.རང་སྐྱོང་ལྗོངས་རིམ་པའི་དཔྱད་འདེམས་བྱེད་ཐབས། རང་སྐྱོང་ལྗོངས་རིམ་པའི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དཔྱད་འདེམས་ཐད་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཞི་མཐུན་དཔེ་བཟང་གི་དགོན་སྡེའི་ཁྲོད་ནས་30%ཡི་བསྡུར་གྲངས་ལྟར་ཐོན་རྒྱུ་དང་། ཞི་མཐུན་དཔེ་བཟང་གི་དགོན་སྡེའི་ལག་ཁྱེར་ཡོད་པའི་གྲྭ་བཙུན་ཚང་མ་རང་སྐྱོང་ལྗོངས་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཡིན་དགོས། ས་ཁུལ་དང་གྲོང་ཁྱེར་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཞན་དག་ཁྲོད་ནས་30%ཡི་བསྡུར་གྲངས་ལྟར་རང་སྐྱོང་ལྗོངས་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་འདེམས་ཆོག་པ་བཅས་སོ།

         (གསུམ )བྱ་དགའ།

        1.ཞི་མཐུན་དཔེ་བཟང་གི་དགོན་པར་འདེམས་ཐོན་བྱུང་བ་རྣམས་ལ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བྱང་བུ་སྤྲོད་དགོས་པ་དང་དགོན་སྡེ་དེ་ཡོངས་ཀྱི་སྤྲུལ་སྐུ་དང་གྲྭ་བཙུན་ལ་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་དང་བྱ་དགའི་དངུལ་སྤྲོད་དགོས། རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་འདེམས་ཐོན་བྱུང་བ་རྣམས་ལ་གཟི་བརྗིད་མཚན་སྙན་ལག་ཁྱེར་དང་བྱ་དགའི་དངུལ་སྤྲོད་དགོས། བྱ་དགའི་ཚད་གཞི་ནི་རང་སྐྱོང་ལྗོངས་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་རེར་སྒོར་4000དང་། ས་ཁུལ་དང་གྲོང་ཁྱེར་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་རེར་སྒོར་2000 རྫོང་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་རེར་སྒོར་1000བཅས་ཡིན། དགོན་སྡེའི་གྲྭ་བཙུན་ཚོར་ལོ་འཁོར་ལ་རིམ་པ་མཐོ་ཤོས་ཀྱི་བྱ་དགའ་ཐོབ་པའི་རྣམ་གྲངས་ལྟར་བྱ་དགའ་སྤྲོད་དགོས།

        2.བྱ་དགའ་ཐོབ་མཁན་སྤྲུལ་སྐུ་དང་དགོན་སྡེའི་བདག་གཉེར་ཨུ་ལྷན་གྱི་གྲྭ་བཙུན་གྱི་འགན་འཁུར་བ་གཙོ་བོའི་བྱ་དགའི་ཚད་གཞི་མཐོ་རུ་གཏོང་དགོས། ཞི་མཐུན་དཔེ་བཟང་གི་དགོན་སྡེ་ཡིན་ཕྱིན་དགོན་སྡེའི་རིག་དངོས་ཉམས་གསོ་སོགས་ཀྱི་ཐད་སྔོན་ལ་བཀོད་སྒྲིག་བྱེད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཡིན་ཕྱིན་མ་མཐའི་འཚོ་བ་འགན་ལེན་སོགས་སྤྱི་ཚོགས་ཀྱི་འགན་སྲུང་སྔོན་ལ་གཉེར་དགོས་པ་མ་ཟད་སྲིད་གཞུང་གིས་མི་སྒེར་གྱིས་འཁུར་དགོས་པའི་རྒན་གསོ་དང་སྨན་བཅོས་འགན་བཅོལ་དངུལ་ཁག་གཅིག་ཚབ་འཇལ་བྱེད་དགོས།

        3.བྱ་དགའི་མ་དངུལ་རྣམས་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་གཅིག་གྱུར་ཐག་གཅོད་བྱ་རྒྱུ་ཡིན།

        (བཞི )དགོན་སྡེ་དང་གྲྭ་བཙུན་ལ་གཟེངས་བསྟོད་ཐོབ་རྗེས་ཏཱ་ལའི་རུ་ཚོགས་ཀྱི་མེས་རྒྱལ་ཁ་ཕྲལ་གྱི་བྱེད་སྤྱོད་ནང་ཞུགས་པ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བའི་བྱེད་སྤྱོད་ནང་ཞུགས་པ་ཤེས་ན་གཟི་བརྗིད་མཚན་སྙན་མེད་པ་བཟོ་བ་དང་། བྱང་བུ་དང་ལག་ཁྱེར་བསྡུ་བ། བྱ་དགའི་དངུལ་ཚུར་ལེན་དགོས།

        དྲུག      རྩ་འཛུགས་ཀྱི་འགོ་ཁྲིད།

        ལྗོངས་ཡོངས་ཀྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པའི་དཔྱད་འདེམས་བྱེད་སྒོ་དེ་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་གཅིག་གྱུར་མཐུན་སྦྱོར་བྱེད་པ་དང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་སྣེ་ཁྲིད་བྱེད་པ་དང་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་དང་། སྤྱི་བདེ། བདེ་འཇགས། ནོར་སྲིད། ནང་བསྟན་མཐུན་ཚོགས་སོགས་སྡེ་ཚན་ཞུགས་པའི་གསར་གཏོད་དཔྱད་འདེམས་བྱེད་སྒོའི་གཞུང་དོན་ཁང་བཙུགས་ཏེ་ལས་ཀ་དེར་ཆེད་མངགས་འགན་འཁུར་དགོས། ས་ཁུལ (གྲོང་ཁྱེར )དང་རྫོང (གྲོང་ཁྱེར་དང་ཆུས )ཁག་གི་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཁོངས་གཏོགས་ཁུལ་ནང་ཁུལ་གྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པའི་དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུའི་ལས་དོན་ཁག་གི་འགན་འཁུར་དགོས།

        ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པའི་དཔྱད་འདེམས་བྱེད་སྒོའི་ཞིབ་ཕྲའི་དཔྱད་ཞིབ་བྱེད་ཐབས་དེ་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་བཟོ་དགོས།

        དབྱི་སི་ལམ་ཕྱག་ཁང་དང་གནམ་བདག་ཆོས་ལུགས་ཆོས་ཁང་དང་དེའི་ཆོས་ལུགས་ལས་དོན་མི་སྣ་ཚོས་ལྟ་བསྡུར་བྱས་ནས་ལག་ལེན་བསྟར་ཆོག

        བསམ་འཆར་འདི་གཤམ་སྤེལ་བྱས་པའི་ཉིན་ནས་བཟུང་ལག་ལེན་བསྟར་དགོས། འབྲེལ་ཡོད་བསམ་འཆར་དང་འདིའི་དབར་ཧེ་བག་ཡོད་པ་ཞིག་ཡིན་ཕྱིན་བསམ་འཆར་འདི་ཚད་གཞིར་འཛིན་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།