དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཀྲུང་གུང་གཞིས་རྩེ་ས་ཨུད་དང་གཞིས་རྩེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        2011ལོའི་ཟླ་9ཚེས་18ཉིན་གྱི་ཆུ་ཚོད་20དང་སྐར་མ་40ཡི་ཐོག་རྒྱ་གར་གྱི་འབྲས་ལྗོངས་མངའ་སྡེའི་རིམ་པ་6.8ཀྱི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ནས་གཞིས་རྩེ་ས་ཁུལ་གྱི་གྲོ་མོ་དང་གཏིང་སྐྱེས་སོགས་རྫོང (གྲོང་ཁྱེར )15ལ་ཚད་མི་འདྲ་བའི་གེགས་བར་བྱུང་ནས་མི་དམངས་མང་ཚོགས་ཀྱི་ལུས་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད།

        གེགས་བར་བྱུང་རྗེས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་ཧུའུ་ཅིན་ཐའོ་དང་། དབུན་ཅ་པའོ། ཅ་ཆིང་ལིན། ཧུའེ་ལེའང་ཡུས་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་གལ་ཆེའི་མཆན་འགོད་མཛུབ་སྟོན་དུས་ཐོག་ཏུ་གནང་བ་དང་། ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སྐུ་ངོ་མ་གེགས་ཁུལ་དུ་ཕེབས་ཏེ་གེགས་བར་བྱུང་བའི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་ཡོམ་འགོག་གེགས་སེལ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་ཀར་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བ། གཞིས་རྩེར་ཁ་གཏད་རྒྱབ་སྐྱོར་བྱེད་མཁན་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་བཅས་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་པུའུ་ཨུད་ཐིང་ཅུས་བཅས་ཁག ཁྲེང་ཏུའུ་དམག་ཁུལ་ཁང་། བོད་ལྗོངས་དམག་ཁུལ་ཁང་། གཞིས་རྩེར་བཅའ་སྡོད་དམག་དཔུང་དང་དྲག་ཆས་ཉེན་རྟོག་གི་དཔུང་སྡེ་ཁག་བཅས་ཀྱིས་མི་རྒྱུ་དངུལ་གསུམ་བཅས་སྒྲིག་འཛུགས་ཧུར་ཐག་བྱས་ནས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་བྱེད་པ་དང་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དེ་གེགས་བར་བྱུང་བའི་མང་ཚོགས་ལ་མཚོན་པར་བྱས་ཡོད། གློ་བུར་དུ་བྱུང་བའི་གེགས་བར་གྱི་མདུན་དུ་གཞིས་རྩེ་ས་ཁུལ་གྱི་རྒྱ་ཆེའི་དམག་ཉེན་དམངས་བཅས་ཀྱིས་གེགས་བར་དེ་བཀའ་ལྟར་བརྩིས་ནས་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་དང་གེགས་སྐྱོབ་བྱས་ཏེ་རྨས་མ་སྐྱོབ་བཅོས་དང་། ནད་ཡམས་སྔོན་འགོག་ཚོད་འཛིན། མང་ཚོགས་གནས་སྤོས་བཀོད་སྒྲིག རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་སོགས་འཕྲལ་སྡོམ་བཀོད་སྒྲིག་བྱེད་རིང་དཀའ་ཚེགས་ཆེ་ཞིང་ཞིབ་ཕྲ་བའི་ལས་ཀ་འབོར་ཆེན་བྱས་པས་གེགས་བར་གྱི་གནོད་འཚེ་ཆུང་དུ་ནུས་ལྡན་བཏང་ཡོད།

        ཡོམ་འགོག་གེགས་སེལ་གྱི་འཐབ་རྩོད་དེའི་ཁྲོད་རྒྱ་ཆེའི་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པ། ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ཀྱིས་ཞུམ་མེད་ངང་མདུན་ཕྱོགས་སུ་བསྐྱོད་པ་དང་སྨན་བཅོས་མི་སྣ་དང་། ཆེད་ལས་ལག་རྩལ་མི་སྣ། གསར་འགྱུར་ལས་དོན་པ་བཅས་ཀྱིས་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་ཡོད། ཕྱོགས་ཁག་དང་ལས་རིགས་ཁག་གིས་ཀུན་སེམས་གཅིག་སྒྲིལ་དང་བློ་སྟོབས་གཅིག་མཐུན་དང། དཀའ་ཚེགས་ལ་མི་འཛེམས་པ། ཐེངས་མང་ཕམ་ཡང་ཡིད་ཐང་མི་ཆད་པ་བཅས་ཀྱི་ཐོག་ནས་རང་བྱུང་གནོད་འཚེ་ལས་རྣམ་པར་རྒྱལ་ཕོད་པ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་གནམ་ས་འགུལ་བའི་བརྗིད་ཆེའི་ལེའུ་ཞིག་བརྩམས་ཡོད།

        ཡོམ་འགོག་གེགས་སེལ་དང་གེགས་སྐྱོབ་བྱེད་རིང་ང་ཚོར་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན། ཀྲུང་ཧྭ་མི་རིགས་ཀྱི་སྤུན་ཟླའི་བརྩེ་སེམས་བཅས་མྱོང་ཚོར་ཟབ་མོ་བྱུང་། ཕྱོགས་ཁག་དང་ལས་རིགས་ཁག་གི་རྒྱབ་སྐྱོར་དང་རོགས་རམ་ནུས་ལྡན་དེས་གནོད་འཚེ་ལས་རྣམ་པར་རྒྱལ་བ་བྱེད་པའི་ང་ཚོའི་སེམས་ཤུགས་དང་དཔའ་ངར་ཆེས་ཆེར་འཕེལ་བ་དང་ཡོམ་འགོག་གེགས་སེལ་བྱེད་པའི་ང་ཚོའི་ཡིད་ཆེས་དང་ཆོས་སེམས་ཀྱང་བརྟན་དུ་ཕྱིན་ཡོད། དེར་ང་ཚོས་གེགས་ཁུལ་དང་ས་ཁུལ་དེ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་72ཀྱི་ཚབ་ཞུས་ཏེ་ཡོམ་འགོག་གེགས་སེལ་ཁྲོད་སྒེར་སེམས་མེད་ལ་དཔའ་མི་ཞུམ་པའི་ངང་གེགས་ཁུལ་ལ་སྐྱོབ་རོགས་དང་གེགས་ཁུལ་ལ་དཀའ་གནད་ཐག་གཅོད་བྱེད་རོགས་བྱེད་མཁན་རིམ་ཁག་ཏང་སྲིད་རྩ་འཛུགས་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར (ཁེ་ལས )བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པ། ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།

        མིག་སྔར་ང་ཚོ་གནས་སྤོས་བཀོད་སྒྲིག་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་དུས་མཚམས་སུ་སླེབས་པས་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་པོའང་ཡོད་མོད། འོན་ཀྱང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་བརྟན་འགོ་ཁྲིད། ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན (གྲོང་ཁྱེར )དང་། ཁེ་ལས་དང་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་བཅས་ཡོད་པས་ང་ཚོས་ཡོམ་འགོག་གེགས་སེལ་ལས་ཀའི་ཕྱོགས་ཡོངས་ཀྱི་རྒྱལ་ཁ་བླངས་ནས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་འཛུགས་སྐྲུན་བྱེད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

        ཀྲུང་གུང་གཞིས་རྩེ་ས་ཨུད།

        གཞིས་རྩེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས།

        2011ལོའི་ཟླ་11ཚེས་17ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།