དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་ལྷ་ཀླུ་ཚེ་དབང་རྡོ་རྗེའི་སྐུ་ཚེ་ཧྲིལ་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གོ་གུང་ཁྲན་ཏང་གི་གྲོགས་པོ་བློ་ཐུབ་དང་། ཏང་དང་ཡུན་རིང་མཉམ་ལས་དང་མཉམ་དུ་ཕྱག་ལས་གནང་མཁན་བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་རིང་ལུགས་པ། རྒྱལ་ཡོངས་སྲིད་གྲོས་སྐབས་ལྔ་པ་དང་། དྲུག་པ། བདུན་པ། བརྒྱད་པ། དགུ་པ་བཅས་ཀྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བློ་མཐུན་ལྷ་ཀླུ་ཚེ་དབང་རྡོ་རྗེར་སྙུན་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་ནུས་མ་ཐོན་པར་2011ལོའི་ཟླ་9ཚེས་15ཉིན་གྱི་ཆུ་ཚོད་9དང་སྐར་མ་38ཐོག་ལྷ་སར་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་98ལ་ཕེབས་ཡོད།

        བློ་མཐུན་ལྷ་ཀླུ་ཚེ་དབང་རྡོ་རྗེ་1914ལོའི་ཟླ་དང་པོར་ལྷ་སར་སྐུ་དྲག་གི་ཁྱིམ་དུ་འཁྲུངས་པ་དང་དེ་སྔ་བོད་ས་གནས་སྲིད་གཞུང་ཪྙིང་པར་གོ་གནས་བཞེས་མྱོང་ཡོད་ཅིང་། མི་དྲག་སྲས་རྣམ་པ་དང་། སྟག་རྩེ་རྫོང་གི་རྫོང་དཔོན། རྩེ་དཔོན། བཀའ་བློན། མདོ་སྤྱི་སོགས་ཀྱི་གོ་གནས་བཞེས་མྱོང་ཡོད། བོད་དུ་དམངས་གཙོའི་བཅོས་སྒྱུར་བཏང་རྗེས་བློ་མཐུན་ལྷ་ཀླུ་ཚེ་དབང་རྡོ་རྗེས་སློབ་སྦྱོང་ནན་ཏན་གནང་བ་བརྒྱུད་དུས་སྐབས་གསར་པའི་མི་དམངས་ཀྱི་ཁོངས་མི་གཅིག་ཏུ་གྱུར་པ་དང་རང་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུན་ཨུ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་གོ་གནས་བཞེས་མྱོང་ཡོད། 2003ལོར་རྩ་འཛུགས་ཀྱིས་ཆོག་མཆན་གནང་བ་བརྒྱུད་ལས་འཁྱུར་ངལ་གསོ་བསྐྱོན་པ་རེད། བློ་མཐུན་ལྷ་ཀླུ་ཚེ་དབང་རྡོ་རྗེ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཞི་པ་དང་། ལྔ་པ། དྲུག་པ། བདུན་པ་བཅས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་ལྔ་པ་དང་། དྲུག་པ། བདུན་པ། བརྒྱད་པ། དགུ་པ་བཅས་ཀྱི་ཨུ་ཡོན་གནང་མྱོང་ཡོད།

        བློ་མཐུན་ལྷ་ཀླུ་ཚེ་དབང་རྡོ་རྗེ་བོད་ཪྙིང་པའི་སྐུ་དྲག་གི་ཁྱིམ་དུ་འཁྲུངས་པ་དང་བོད་ས་གནས་སྲིད་གཞུང་ཪྙིང་པའི་དཔོན་རིགས་གནང་མྱོང་ཡོད་ལ་མདོ་སྤྱི་གནང་རིང་བོད་སྐྱོད་མི་དམངས་བཅིངས་འགྲོལ་དམག་དང་འབྲེལ་བ་གནང་མྱོང་ཡོད་ཅིང་། བོད་ཞི་བས་བཅིངས་འགྲོལ་བཏང་བའི་ཐོག་མའི་དུས་སུ་ཏང་གི་འབོད་སྐུལ་འོག 《གྲོས་མཐུན་དོན་ཚན་བཅུ་བདུན 》འཇོག་པ་དང་ལག་བསྟར་བྱ་ཆེད་དགེ་མཚན་ལྡན་པའི་ཕྱག་ལས་ཁག་གཅིག་གནང་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བློ་མཐུན་ལྷ་ཀླུ་ཚེ་དབང་རྡོ་རྗེས་སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ནས་སློབ་སྦྱོང་མཐོར་གཏོང་གནང་བ་བརྒྱུད་མི་ཚེའི་འཕོ་འགྱུར་ཆེན་པོ་མངོན་འགྱུར་བྱས་ནས་བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་རིང་ལུགས་པ་ཞིག་ཏུ་གྱུར་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་བློ་ཐུབ་ཅིག་ཏུ་གྱུར་པ། ཏང་དང་ཟོལ་མེད་ངང་མཉམ་ལས་གནང་བ་བཅས་ཀྱིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་གནང་ཡོད།

        བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་གྱི་ལག་ལེན་དང་འཐབ་རྩོད་ཀྱི་སློབ་གསོ་བརྒྱུད་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གཟིགས་ནས་བློ་མཐུན་ལྷ་ཀླུ་ཚེ་དབང་རྡོ་རྗེས་བོད་ཪྙིང་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་མེད་སོར་གནས་སུ་ལུས་པ་དང་། རིག་གནས་སློབ་གསོ་རྗེས་ལུས་ཐེབས་པ། ཞིང་བྲན་ལ་མི་ལུས་ཀྱི་རང་དབང་སྤུ་ཙམ་ཡང་མེད་པས་ཆེས་གདུག་རྩུབ་དང་ཆེས་མུན་ནག་གི་སྤྱི་ཚོགས་ཤིག་ཡིན་པར་ངོས་འཛིན་ཟབ་མོ་གནང་ཡོད་པ་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཁོ་ནའི་འོག་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་ཚེ་བོད་ལ་གཞི་ནས་དར་རྒྱས་གོང་འཕེལ་ཡོང་ཐུབ་པ་དང་གཞི་ནས་འོད་སྟོང་ལྡན་པའི་མདུན་ལམ་ལྡན་ཐུབ་པ་ཁོང་ལ་ངོས་འཛིན་ཟབ་མོ་བྱུང་ཡོད་པ་རེད། རང་སྐྱོང་ལྗོངས་དབུ་བཪྙེས་རྗེས་ཁོང་གིས་སྔ་རྗེས་སུ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་གོ་གནས་བཞེས་མྱོང་ཡོད། ཕྱག་ལས་གནང་སྐབས་དང་ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཁོང་གིས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ་དང་། ཏང་གི་ཆབ་སྲིད་ཀྱི་དགོངས་ཚུལ་རང་རྟོགས་ངང་དང་ལེན་གནང་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྦྱོང་ནན་ཏན་གནང་བ། རྟག་ཏུ་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་གནང་བར་ཕེབས་ཏེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཁྱེན་རྟོགས་གནང་བ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་གནང་ནས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་གནང་བ་བཅས་རེད། ཁོང་གིས་སྲིད་ཞུགས་སྲིད་གླེང་ཧུར་ཐག་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་ཐབས་དང་ཇུས་བཏོན་གནང་སྟེ་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་ཧུར་ཐག་ཕུལ་གནང་ཡོད།

        བོད་ཪྙིང་པའི་མཐོ་རིམ་མི་སྣ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་རྒྱུས་ཀྱི་དུས་སྐབས་འགངས་ཆེན་ཁག་གི་འཕེལ་རྒྱས་དང་འགྱུར་ལྡོག་གི་བདེན་དཔང་བ་ཡིན་པའི་བློ་མཐུན་ལྷ་ཀླུ་ཚེ་དབང་རྡོ་རྗེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་འགོ་ཁྲིད་ཀྱི་ལས་གནས་བཞེས་རྗེས་ལྷ་སར་དུས་ཟིང་གི་དོན་རྐྱེན་ཐོན་པ་དང་པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་བཙལ་འཚོལ་ཁས་ལེན་དང་དེ་བཞིན་ལྷ་སའི

        “3·14”རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་ཉེས་གསོག་ཚབས་ཆེན་སོགས་དོན་རྐྱེན་འགངས་ཆེན་རབ་དང་རིམ་པའི་ཁྲོད་རྣམ་འགྱུར་མངོན་གསལ་དོད་པ་དང་ལངས་ཕྱོགས་བརྟན་པོའི་ཐོག་ནས་རང་ཉིད་ཀྱི་ཉམས་མྱོང་དངོས་ལ་བརྟེན་ནས་ཏཱ་ལའི་རུ་ཚོགས་དང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས། ས་ཁོངས་ཕྱི་ནང་གི་ཁ་ཕྲལ་རིང་ལུགས་པ་བཅས་ཀྱི་སྡིག་ཉེས་བྱེད་སྤྱོད་ལ་དགག་པ་བསྐྱོན་པ་དང་། ཏཱ་ལའི་རུ་ཚོགས་ཀྱི “བོད་རང་བཙན ”དྲིལ་བསྒྲགས་བྱེད་པའི་ལོག་སྤྱོད་ཀྱི་ཆབ་སྲིད་འདོད་ཚུལ་དམར་རྗེན་དུ་འདོན་པ། བོད་ནི་མེས་རྒྱལ་གྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་ལོ་རྒྱུས་ཀྱི་དོན་དངོས་ཐོག་ནས་ར་སྤྲོད་གནང་བ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་སློབ་གསོ་བསྐྱོན་པ་དང་སྣེ་ཁྲིད་དེ་མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། གུང་ཁྲན་ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་པ་བཅས་གནང་ཐོག་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་གནང་བ་རེད། ཁོང་གིས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་གནང་བ་དང་། བླ་ན་མེད་པའི་གཤིས་རྒྱུད་ལྡན་པ། སྤྱོད་ཚུལ་བབ་ཆགས་པ། ཁེངས་སྐྱུང་གཟབ་ནན་བཅས་ཡོད་པས་ས་ཁོངས་ཕྱི་ནང་དུ་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཙམ་ཡོད་པ་དང་རྒྱལ་གཅེས་མི་སྣ་དང་ལས་བྱེད་པ་དང་མང་ཚོགས་ཁྲོད་སྙན་གྲགས་ཆེ་ཙམ་ཡོད།

        བློ་མཐུན་ལྷ་ཀླུ་ཚེ་དབང་རྡོ་རྗེ་སྐུ་གཤེགས་པ་དེས་ང་ཚོའི་མཉམ་ལས་ཀྱི་གྲོགས་པོ་བློ་ཐུབ་ཅིག་མེད་པར་གྱུར་པ་དང་ང་ཚོའི་ཏང་གི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད། ཁོང་གི་རྒྱལ་གཅེས་ཉམས་འགྱུར་དེ་ཏང་དང་མི་དམངས་ཀྱིས་ནམ་ཡང་བརྟན་པོར་ངེས་སྲིད།

        བློ་མཐུན་ལྷ་ཀླུ་ཚེ་དབང་རྡོ་རྗེ་ནམ་ཡང་ང་ཚོའི་སེམས་ནང་གནས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།