དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་བསྒྲགས་གནད་བསྡུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        1951ལོའི་ཟླ་5ཚེས་23ཉིན་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ནམ་ཡང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་རེད། ཉིན་དེར 《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན 》(བསྡུས་མིང་ལ 《གྲོས་མཐུན་དོན་ཚན་བཅུ་བདུན 》ཞེས་བརྗོད་རྒྱུ )པེ་ཅིང་དུ་མཚན་རྟགས་བཀོད་པས་བོད་ལ་ཞི་བས་བཅིངས་འགྲོལ་ཐོབ་པ་དང་ལོ་རྒྱུས་ཀྱི་འཕོ་འགྱུར་རླབས་ཆེན་བྱུང་ཡོད། དེ་ནས་བཟུང་བོད་དེ་ཉིད་བཙན་རྒྱལ་རིང་ལུགས་སྟོབས་ཤུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་རྦད་དེ་ཐར་ཏེ་བོད་འདི་མུན་ནག་ནས་འོད་ཟེར་ཕྱོགས་དང་། རྗེས་ལུས་ནས་ཡར་ཐོན་ཕྱོགས། སྲིད་དབང་སྒེར་འཛིན་ནས་དམངས་གཙོའི་ཕྱོགས། དབུལ་ཕོངས་ནས་ཕྱུག་པོའི་ཕྱོགས། སྒོ་རྒྱག་ནས་སྒོ་དབྱེའི་ཕྱོགས་བཅས་བར་གྱི་རླབས་ཆེན་ལོ་རྒྱུས་ཀྱི་བརྒྱུད་རིམ་བཏོད་པ་རེད། ལོ་60རིང་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་ཁའི་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཞི་བས་བཅིངས་འགྲོལ་དང་། ངོ་ལོག་ཟིང་འཁྲུག་ཞོད་འཇགས། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་སོགས་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་འཕེལ་རིམ་དུས་རིམ་བརྒྱུད་ནས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་བཏོད་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྣམ་པ་དང་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།

        རབ་བྱུང་གཅིག་གི་བགྲང་བྱ། འོད་སྟོང་འབར་བའི་ངོ་མཚར། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལམ་བུར་སྒོ་ཀུན་ནས་ཕྱོགས་སྡོམ་དང་སྤྱི་ཚོགས་རིང་ལུགས་བོད་གསར་པ་དང་། འཕེལ་རྒྱས་གསར་པ། འཕོ་འགྱུར་གསར་པ། འཚོ་བ་གསར་པ། རྣམ་པ་གསར་པ་བཅས་གང་ལེགས་མངོན་ཏེ་གུང་ཁྲན་ཏང་ཡག སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག མི་དམངས་དམག་དཔུང་ཡག མི་རིགས་ཁག་གི་མི་དམངས་ཡག་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་རྒྱུ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྔར་བས་སྐུལ་སློང་དང་སྐུལ་མ་བཏང་སྟེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། འབད་འབུངས་ཡར་བརྩོན། གསར་འབྱེད་གསར་གཏོད། ཡར་ཐོན་བརྩོན་ལེན་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་མ་ཧུར་ཐག་བཏང་ནས་འཛམ་གླིང་ལ་ལྟ་ན་སྡུག་བའི་བོད་ལྗོངས་དང་། མཐུན་སྦྱོར་ལྡན་པའི་བོད་ལྗོངས། འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་བཞིན་པའི་བོད་ལྗོངས་བཅས་མངོན་པ་བྱ་རྒྱུའི་ངོས་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

        གཅིག མི་དམངས་ཀྱི་གདམ་ག

        (གཅིག )བོད་འདི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་མངའ་ཁོངས་ཀྱི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ།

        ཀྲུང་གོ་ནི་གཅིག་གྱུར་དང་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་བོད་འདི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པར་ད་བར་ལོ་4000ལྷག་ཙམ་སོང་བའི་ཆབ་མདོའི་ཁ་རུབ་རྗེས་ཤུལ་དུ་གནའ་རྫས་རྟོག་ཞིབ་བྱས་པ་བརྒྱུད་སྐབས་དེ་དུས་ཀྱི་བོད་ལྗོངས་ས་མཐོ་དང་རྨ་ཆུ་འབབ་རྒྱུད་ཀྱི་རིག་གནས་ནང་དོན་འབྲེལ་བ་ཡོད་པ་དང་འཕེལ་རྒྱས་ཀྱི་ཆུ་ཚད་མཚུངས་པ་དེ་ཐོག་ནས་སྤྱི་ལོའི་གོང་དུ་བོད་ལྗོངས་ས་མཐོར་སྡོད་མཁན་སྔ་མི་དང་མེས་རྒྱལ་ནང་སར་འཚོ་བ་སྐྱེལ་མཁན་མི་རྣམས་དབར་འབྲེལ་བ་ཟབ་མོ་ཡོད་པ་གང་ལེགས་མཚོན་གྱི་ཡོད།

        སྤྱི་ལོའི་དུས་རབས་བདུན་པའི་དུས་འགོར་ཐང་རྒྱལ་རབས་ཀྱིས་སྲིད་དབང་སྟོབས་ཆེན་ཞིག་བཙུགས་པ་དང་དེ་དང་ཕྱོགས་མཚུངས་སྲོང་བཙན་སྒམ་པོས་ཀྱང་བོད་ཀྱི་ཚོ་པ་གཅིག་གྱུར་ཐེངས་དང་པོ་བྱས་ནས་བཙན་པོའི་རྒྱལ་རབས་བཙུགས་པ་དང་འབྲེལ་ཐང་རྒྱལ་རབས་སུ་ཀོང་ཇོ་སློང་བར་ཕོ་ཉ་ཐེངས་གཉིས་མངགས། འུན་ཤིང་ཀོང་ཇོ་བོད་དུ་ཕེབས་རྗེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཆང་རག་སྙོལ་ཐབས་དང་། རྡོ་བཟོ། སྣག་ཤོག་བཟོ་རྩལ་སོགས་སྔོན་ཐོན་ཐོན་སྐྱེད་ལག་རྩལ་བསྣམས་ཡོད། སྲོང་བཙན་སྒམ་པོར་ཐང་ཀོ་ཙུང་གིས “ཧྥུའུ་མ་ཏུའུ་ཝེ ”དང “ཞེ་ཧེ་ཅུན་ཝང ”གི་ཆོ་ལོ་གནང་བ་དང་སྲོང་བཙན་གྱི་སྐུ་བཪྙན་གོང་མ་ཐེ་ཙུང་གི་བང་སོའི་གམ་དུ་བཞག་ཡོད། དེ་རྗེས་བཙན་པོ་རིམ་བྱུང་གིས་ཐང་རྒྱལ་རབས་དང་མཛའ་མཐུན་གྱི་འབྲེལ་བར་འབད་པ་གནང་བ་དང་ཕྱོགས་གཉིས་པོའི་དབར་དཔལ་འབྱོར་དང་རིག་གནས་ཀྱི་སྤེལ་རེས་ཉིན་བཞིན་མང་དུ་སོང་ཡོད། གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་པ་དང་དབོན་ཞང་རྡོ་རིང་འཛུགས་པ་སོགས་བརྒྱུད་ཆབ་སྲིད་ཐོག་མཐུན་སྒྲིལ་མཛའ་མཐུན་གྱི་མཛའ་གྲོགས་འབྲེལ་བ་དང་། དཔལ་འབྱོར་དང་རིག་གནས་ཐད་འབྲེལ་བ་བཟང་པོ་ཆགས་ནས་མཐའ་མཇུག་ཏུ་གཅིག་གྱུར་གྱི་རྒྱལ་ཁབ་འཛུགས་ཆེད་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

        ཡོན་རྒྱལ་རབས་སྐབས་སུ་བོད་སིལ་བུ་མཇུག་འགྲིལ་ནས་ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་ཀྱི་བྱ་བར་ཐད་ཀར་དོ་དམ་གནང་། 1247ལོར་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་བོད་ཀྱི་སེར་སྐྱ་དཔོན་རིགས་ལ་མཐུན་སྒྲིལ་བྱས་ནས་ཧོར་མོང་གོལ་རྒྱལ་རབས་ཀྱི་མངའ་ཁོངས་སྐྱབས་སུ་རྟེན་དགོས་པའི་འབོད་སྐུལ་གནང་། ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལིས་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཏི་ཧྲིའི་ཆོ་ལོ་གནང་བ་དང་རྒྱལ་ཡོངས་ཀྱི་ནང་བསྟན་ལས་དོན་དོ་དམ་གནང་དུ་བཅུག ཤོན་ཀྲེང་ཡོན་བཙུགས་ནས་ཆེད་མངགས་བོད་ལ་དོ་དམ་བྱེད་པ་དང་འབྲེལ་མདོ་སྨད་ཤོན་ཝུའི་སི་དང་། མདོ་ཁམས་ཤོན་ཝུའི་སི། དབུས་གཙང་ཤོན་ཝུའི་སི་བཅས་ཤོན་ཝུའི་སི་གསུམ་བཙུགས་ནས་བོད་ལ་སྒོ་ཀུན་ནས་སྲིད་བསྐྱངས། ཡོན་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་ད་དུང་དཔོན་རིགས་བསྐོ་གཞག་བྱེད་པ་དང་། དམག་སྲིད་སྒྲིག་གཞི་འཛུགས་པ། དམག་མི་མངགས་གཏོང་བྱེད་པ། ཆོ་ལོ་བསྩལ་བ། ཁྱིམ་དུད་ཞིབ་བཤེར། ཁྲལ་འཁྲི་བ། ས་ཚིགས་འཛུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཀྲུང་དབྱང་གིས་བོད་ཀྱི་བདག་དབང་ཡོངས་སུ་འཛིན་ཚུལ་གཏན་འཁེལ་བྱུང་།

        མིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་བདག་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་། ཆབ་སྲིད་ཀྱི་ཐད་མིང་རྒྱལ་རབས་ཀྱིས་བོད་ཀྱི་དོ་དམ་སྒྲིག་གཞིར་ལེགས་སྒྲིག་དང་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་དབུས་རྒྱུད་དང་ཤར་རྒྱུད་དེ་ཤིས་ཨན་ཞིང་ཏུའུ་བཀོད་འདོམས་ཧྲེ་སིར་གཏོགས་པའི “དབུས་གཙང་ཞིང་ཏུའུ་བཀོད་འདོམས་ཧྲེ་སི ”དང “མདོ་ཁམས་ཞིང་ཏུའུ་བཀོད་འདོམས་ཧྲེ་སི ”དང་བོད་ཀྱི་ནུབ་རྒྱུད་དུ “མངའ་རིས་དམག་དམངས་ཡོན་ཧྲའོ་ཕུའུ ”བཙུགས་ནས་བོད་ཀྱི་སེར་སྐྱ་དཔོན་རིགས་རྣམས་ཀྲུང་དབྱང་གིས་བསྐོ་གཞག་བྱེད་ཀྱི་ཡོད། ཆོས་ལུགས་ཐད་ཆོས་ལུགས་གྲུབ་མཐའ་ཚང་མའི་འགོ་བྱེད་མི་སྣར་འཇའ་ས་ཆོ་ལོ་སྤྲོད་པའི་བྱ་ཐབས་སྤྱད་དེ་བོད་ས་གནས་ཀྱི་ཆོས་ལུགས་སྟོབས་ཤུགས་ཁག་གཅིག་གྱུར་གྱི་དོ་དམ་སྒྲིག་སྲོལ་ནང་བཅུག་པ་རེད། མིང་རྒྱལ་རབས་སྐབས་སུ་དགེ་ལུགས་པའི་གྲུབ་མཐའ་དར་འགོ་ཚུགས་པ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་ནི་དགེ་ལུགས་པའི་དགོན་པའི་བླ་སྤྲུལ་ཞིག་ཡིན་པ་དང་མིང་རྒྱལ་རབས་ཀྲུང་དབྱང་གིས་1587ལོར་ཁོང་ལ “རྡོ་རྗེ་འཆང ”ཞེས་པའི་མཚན་གནང་བ་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པས་མིང་རྒྱལ་རབས་ཀྱི་བློན་ཆེན་ཀྲང་ཅུད་གྲང་ལ་འཕྲིན་ཡིག་དང་འབུལ་རྟེན་ཕུལ་ཏེ “ངེད་ཀྱིས་གོང་མ་མཆོག་ལ་ཉིན་མཚན་བལྟོས་མེད་དུ་ཞབས་བརྟན་སྒྲུབ་པ ”དང “གནམ་འོག་ཞི་ཞིང་བདེ་བ་ཡོང་ཆེད་བཀྲ་ཤིས་སྨོན་ལམ་འདེབས་ཀྱི་ཡོད ”ཅེས་གསུངས་ཡོད། མིང་རྒྱལ་རབས་ཀྱི་བྱ་ཐབས་དེ་དག་ལས་བོད་ཀྱི་ཆབ་སྲིད་དང་ཆོས་ལུགས་བརྟན་པོ་མཐའ་འཁྱོངས་ཐུབ་པ་མ་ཟད་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་བདག་དབང་འཛིན་རྒྱུ་སྔར་བས་བརྟན་དུ་སོང་ཡོད།

        ཆིང་རྒྱལ་རབས་ཀྱིས་བོད་ཀྱི་བདག་སྐྱོང་ཐད་སྔར་བས་ཤུགས་སྣོན་བརྒྱབ་ཡོད། གོང་མ་ཧྲུན་ཀྲི་དང་ཁང་ཤིས་ཀྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་ལྔ་པར་ཆོ་ལོ་འཇའ་ས་གནང་བ་ནས་བཟུང་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནིའི་མཚན་གནས་དང་དེ་བཞིན་བོད་དུ་ཁོང་རྣམ་གཉིས་ཀྱི་ཆབ་སྲིད་དང་ཆོས་ལུགས་ཀྱི་གནས་བབ་དངོས་སུ་གཏན་འཁེལ་བྱུང་ཡོད། ཆིང་རྒྱལ་རབས་ཀྱིས་ད་དུང་བོད་སྡོད་ཨམ་བན་དང་། བཀའ་ཤག་སྲིད་གཞུང་། བཀའ་བློན་ལམ་ལུགས་བཅས་བཙུགས་ནས་བོད་ཀྱི་བྱ་བར་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། 1793ལོར་ཆིང་རྒྱལ་རབས་ཀྱིས་ད་དུང 《གོང་མའི་བཀའ་འབྲེལ་ལུགས་སྲོལ་གསར་འཛུགས་ཀྱི་དོན་ཚན་ཉེར་དགུ 》གཏན་ལ་ཕབ་སྟེ་བོད་ཀྱི་མི་དོན་དང་། སྲིད་འཛིན། ཆོས་ལུགས། ནོར་སྲིད། དམག་དོན། ཕྱི་འབྲེལ་སོགས་ཕྱོགས་གང་ཅིའི་ཐད་གཏན་འབེབས་གསལ་པོ་བཟོས་ཡོད། བོད་སྡོད་ཨམ་བན་གྱིས་བོད་ནང་གི་བྱ་བར་སྒོ་ཀུན་ནས་ལྟ་སྐུལ་བྱེད་པ་དང་མི་དོན་བསྐོ་གཞག་བྱེད་དབང་ཡོད་པ་གཏན་འབེབས་གསལ་པོ་བྱས་ཡོད་པ་དང་། གསེར་བུམ་དཀྲུག་འདོན་དང་ཀྲུང་དབྱང་སྲིད་གཞུང་གིས་ངོས་འཛིན་གནང་བའི་ཏཱ་ལ་དང་པཎ་ཆེན་གྱི་ཡང་སྲིད་ལམ་ལུགས་གྲུབ་པ། བོད་ས་གནས་ཁག་གི་དམག་དཔུང་གི་མི་གྲངས་དང་བཅའ་སྡོད་བྱ་ཡུལ་གཏན་འབེབས་བྱས་ཡོད་པ། ཕྱི་འབྲེལ་ཐད་དབང་ཆ་ཚང་མ་ཀྲུང་དབྱང་ལ་ཡོད་པ་དང་བོད་སྡོད་ཨམ་བན་གྱིས་འགན་འཁུར་ནས་སྒྲུབ་ཀྱི་ཡོད་པ་བཅས་རེད།

        ཀྲུང་ཧྭ་མིན་གོ་བཙུགས་མ་ཐག་རྒྱ། མན། སོག ཧུད། བོད་སོགས་མི་རིགས་གཅིག་ཏུ་གྱུར་པའི་སྤྱི་མཐུན་རྒྱལ་ཁབ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་ཧྭ་མིན་གོ་ནན་ཅིང་གནས་སྐབས་གྲོས་ཚོགས་ཁང་གོང་མས་ཁྱབ་བསྒྲགས་བྱས་པའི་མིན་གོའི་རྩ་ཁྲིམས་དང་པོ 《ཀྲུང་ཧྭ་མིན་གོའི་གནས་སྐབས་སྡོམ་ཁྲིམས 》ཞེས་པའི་ནང་བོད་ནི་ཀྲུང་ཧྭ་མིན་གོའི་མངའ་ཁོངས་སུ་གཏོགས་ཡོད་ཅེས་གཏན་འབེབས་བྱས་པ་མ་ཟད་རྒྱལ་སྲིད་སྤྱི་ཁྱབ་འོག་ཏུ “བོད་སོག་དོན་གཅོད་ཁང ”ཞེས་པའི་ལས་ཁུངས་བཙུགས་ཏེ་བོད་ཀྱི་བྱ་བར་དོ་དམ་བྱེད་པ་དང་འབྲེལ་བོད་སྡོད་ཀྲུང་དབྱང་དོན་གཅོད་དཔོན་གྱིས་བོད་སྡོད་ཆིང་རྒྱལ་རབས་ཀྱི་ཨམ་བན་གྱི་དབང་ཆ་མུ་མཐུད་སྐྱོང་རྒྱུའི་བསྐོ་གཞག་བྱས། ལོ་རྒྱུས་ངེས་སྲོལ་ལ་གཞིགས་ན། ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནི་དང་དེ་བཞིན་བླ་སྤྲུལ་ཆེ་ཁག་གཞན་དག་རྣམས་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་གི་ངོས་འཛིན་དང་ཆོ་ལོ་ཐོབ་དགོས་པ་དང་དེ་རྗེས་བོད་ས་གནས་སུ་ཆབ་སྲིད་དང་ཆོས་ལུགས་ཐད་ཀྱི་ཁྲིམས་མཐུན་གནས་བབ་གཞི་ནས་ཡོང་གི་ཡོད། ཏཱ་ལ་དང་པཎ་ཆེན་གྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཀྲུང་དབྱང་སྲིད་གཞུང་ལ་བརྩི་བཀུར་ཞུ་བའི་རྟགས་མཚན་ཐེངས་མང་བསྟན། 1919ལོར་ཏཱ་ལའི་སྐུ་ཕྲེང་བཅུ་གསུམ་པས་ཀྲུང་དབྱང་གི་སྐུ་ཚབ་ཚོགས་པར “ང་ནི་སེམས་པ་ནང་སར་ཕྱོགས་ཤིང་མི་རིགས་ལྔའི་བདེ་སྐྱིད་ཆེད་ཐུན་མོང་དུ་འབད་བརྩོན་བྱེད་རྒྱུ་ཡིན ”ཞེས་གསུངས། 1931ལོར་པཎ་ཆེན་སྐུ་ཕྲེང་དགུ་པ་ནན་ཅིང་དུ་གོ་མིན་གྲོས་ཚོགས་སུ་ཞུགས་སྐབས 《བོད་ནི་ཀྲུང་གོའི་མངའ་ཁོངས་རེད 》ཅེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་གནང་སྐབས “མི་རིགས་ལྔར་སྐུལ་མ་གཏོང་བ་དང་རྒྱལ་ཁམས་དར་རྒྱས་གོང་འཕེལ་ཡོང་རྒྱུ ”ནི་ངའི་འདུན་པ་ཆེ་ཤོས་ཡིན་ཞེས་གསུངས། 1933ལོ་དང་1937ལོར་ཏཱ་ལའི་སྐུ་ཕྲེང་བཅུ་གསུམ་པ་དང་པཎ་ཆེན་སྐུ་ཕྲེང་དགུ་པ་སྔ་རྗེས་སུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པས་གོ་མིན་སྲིད་གཞུང་གིས “རྒྱལ་སྐྱོང་བསྟན་རྒྱས་ཀུན་བྱམས་བྱང་ཆུབ་སློབ་དཔོན་ཆེ་མོ ”ཞེས་པ་དང “རྒྱལ་སྐྱོང་དགེ་རྒན་ཆེ་མོ་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ ”ཞེས་རྗེས་སྣོན་ཆོ་ལོ་གནང་བ་དང་དགོངས་རྫོགས་མཆོད་སྤྲིན་བསྟར་འབུལ་ཞུ་མི་ཆེད་གཏོང་བྱས། 1940ལོར་བོད་སོག་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་འུ་ཀྲུང་ཤིང་ལྷ་སར་ཀྲུང་དབྱང་སྲིད་གཞུང་གིས་ངོས་འཛིན་གཏན་འཁེལ་གནང་བའི་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་ཁྲི་འདོན་མཛད་སྒོ་གཙོ་སྐྱོང་གནང་བར་ཕེབས་པ་དང་ལོ་དེར་བོད་དུ་ཡོད་པའི་གོ་མིན་སྲིད་གཞུང་གི་རྒྱུན་བཙུགས་སྒྲིག་གཞི་བོད་སྡོད་དོན་གཅོད་ཁང་བཙུགས་པ་རེད། 1949ལོའི་ལོ་འགོར་གོ་མིན་སྲིད་གཞུང་གིས་དམིགས་བསལ་ཕོ་ཉ་མངགས་ནས་མཚོ་སྔོན་གྱི་རྗེ་སྐུ་འབུམ་དུ་འཚོགས་པའི་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་ཁྲི་འདོན་གྱི་མཛད་སྒོ་ཆེ་མོར་ཞུགས་པ་དང་ཟླ་བརྒྱད་པར་བོད་སོག་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཀོན་ཅན་ཡུས་གོ་མིན་སྲིད་གཞུང་གི་དམིགས་བསལ་ཕོ་ཉའི་ཐོག་ནས་མཚོ་སྔོན་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཁྲི་འདོན་མཛད་སྒོའི་གཙོ་སྐྱོང་གནང་བར་ཕེབས།

        མདུན་སྐྱོད་ནམ་ཡང་བྱེད་པའི་ལོ་རྒྱུས་ཀྱི་གོམ་སྟབས་ཐོག་ནས་བོད་འདི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་མངའ་ཁོངས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས་བོད་ཀྱི་ལས་དབང་དེ་སྔ་ཕྱི་བར་གསུམ་དུ་མེས་རྒྱལ་གྱི་ལས་དབང་དང་འབྲེལ་བ་ཟབ་མོ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་དེ་སྔ་ཕྱི་བར་གསུམ་དུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་དང་འབྲེལ་བ་དམ་ཟབ་ཡོད་པ་ར་སྤྲོད་ཡང་ཡང་བྱས་ཡོད།

        (གཉིས ) བོད་ཪྙིང་པའི་མུན་ནག་དང་རྗེས་ལུས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དེ་ཐོར་ཉེའི་གནས་སུ་གྱུར་པ།

        ལོ་རྒྱུས་ཀྱི་འཁོར་ལོ་དེ་དུས་རབས་20པའི་ལོ་རབས་50པར་སླེབས་སྐབས་ཀྱང་བོད་ཀྱི་སྤྱི་ཚོགས་ནི་སྔར་བཞིན་ཧ་ཅང་མུན་ནག་དང་། གདུག་རྩུབ། རྗེས་ལུས་བཅས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡིན་པ་རེད། བོད་ཪྙིང་པའི་རྨོ་ཞིང་དང་། འབྲོག་ར། ནགས་ཚལ། རི་ཀླུང་། གཙང་པོ་དང་ཆུ་བོ། གྲམ་ཐང་བཅས་དང་དེ་བཞིན་ཕྱུགས་རིགས་མང་ཆེ་བ་ཚང་མ་བོད་ཀྱི་མི་འབོར་གྱི་5%ཡང་མ་ཟིན་པའི་མངའ་བདག་ཆེན་པོ་གསུམ (སྡེ་པ་གཞུང་དང་། སྐུ་དྲག དགོན་པའི་མཐོ་རིམ་གྲྭ་པ་བཅས )ལ་བདག་ཡོད། ཁོ་པ་ཚོས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གདུག་རྩུབ་ཆེ་བའི་བཤུ་གཞོག་གཏོང་བ་དང་སྙིང་རྗེ་གཏན་ནས་མེད་པར་གཉའ་གནོན་བཏང་བས་བོད་ཪྙིང་པ་དེ་འཛམ་གླིང་ཐོག་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་ཚབས་ཆེ་ཤོས་བྱེད་པའི་ཁུལ་ཞིག་ཏུ་གྱུར་ཡོད། བོད་ཀྱི་མི་འབོར་གྱི་95%ཡན་ཟིན་པའི་ཞིང་བྲན་དང་བྲན་གཡོག་ལ་མ་མཐའི་འཚོ་གནས་ཀྱི་དབང་ཆ་ཡང་མེད་ཁར་མི་ལུས་ཀྱི་རང་དབང་དེ་བས་ཀྱང་གླེང་ཐབས་བྲལ། བོད་ཪྙིང་པའི 《ཞལ་ལྕེ་བཅུ་གསུམ 》དང 《ཞལ་ལྕེ་བཅུ་དྲུག 》ནང་མི་ལ་རབ་འབྲིང་ཐ་གསུམ་དང་རིམ་པ་དགུར་ཕྱེ་སྟེ “མི་ལ་རབ་འབྲིང་ཐ་གསུམ་ཡོད་པས་སྟོང་འཇལ་སྟངས་ཀྱང་མང་ཉུང་མི་འདྲ་བ་ཡོད ”པ་སྟེ་མི་རབ་ཀྱི་རབ་ཡིན་པའི་རྒྱལ་བུ་དང་བླ་ཆེན་སོགས་བསད་པའི་སྟོང་དེ་དག་གི་རོ་དང་གསེར་མཉམ་པ་དང་ཐ་མའི་ཐ་མ་དཔེར་ན་བུད་མེད་དང་། ཤན་པ། རྔོན་པ། མགར་བ་སོགས་བསད་ན་དེ་དག་གི་སྟོང་ལ་དྲེས་ཐག་གཅིག་ཅེས་གཏན་ལ་ཕབ་ཡོད། ཞིང་བྲན་དང་བྲན་གཡོག་རྣམས་མངའ་བདག་ཆེན་པོ་གསུམ་གྱི་སྒེར་བདག་རྒྱུ་ནོར་ལ་བརྩིས་ནས་རྒྱན་པོ་འགྱེད་པ་དང་། བུན་ཚབ་ཏུ་འཇོག་པ། སྟེར་བ། ཉོ་ཚོང་བྱེད་པ་བཅས་རང་དགར་བྱེད་ཀྱི་ཡོད། ཞིང་བྲན་དང་བྲན་གཡོག་གཉེན་སྒྲིག་བྱེད་སྐབས་ངེས་པར་དུ་མངའ་བདག་གིས་མོས་མཐུན་བྱེད་དགོས་པ་དང་བུ་ཕྲུག་སྐྱེ་སྐབས་ཀྱང་མངའ་བདག་གི་སར་བུ་བཙའི་ཁྲལ་འཇལ་དགོས་པ་དང་ཐོ་འགོད་དགོས་པ་དང་འབྲེལ་ཚེ་གང་རིང་བྲན་གཡོག་བྱེད་དགོས་ཀྱི་ཡོད། ཞིང་བྲན་གྱིས་མངའ་བདག་ཆེན་པོ་གསུམ་ལ་ཁྲལ་འུ་ལག་རྒྱུག་པ་དེས་ངལ་རྩོལ་ནུས་ཤུགས་བསྡོམས་འབོར་གྱི་50%ཡན་བཟུང་བ་དང་འགའ་ཞིག་70—80%བར་ཟིན་གྱི་ཡོད་པ་རེད། སྐྱེད་ལྕིའི་བུ་ལོན་འཇལ་མི་ཐུབ་པའི་ཞིང་བྲན་གྱིས་ཞིང་བྲན་གྱི་ཁྱིམ་དུད་བསྡོམས་འབོར་གྱི་50%ཡན་ཟིན་པ་མ་ཟད། ཉུང་མཐར་ཡང་བུ་ལོན་གྱི་གསུམ་ཆ་གཅིག་ནི་ཁེ་བཟང་ནམ་ཡང་འཇལ་མི་ཐུབ་པའི་དོམ་ཆགས་བུ་ལོན་ཡིན་པ་རེད། ཞིང་བྲན་དང་བྲན་གཡོག་གི་ཚེ་སྲོག་དེ་ནམ་ཡང་ཉེན་ཁའི་མཐའ་སྣེར་གནས་ཤིང་། 1925ལོར་ལྷ་འབྲུམ་ནད་ཁྱབ་སྐབས་མངའ་བདག་ཆེན་པ་གསུམ་གྱིས་བྱེད་ཐབས་སྤྱད་དེ་མང་ཚོགས་མི་སྐྱོབ་པར་དེ་ལས་ལྡོག་སྟེ་ནད་པ་རྣམས་ལུང་ཁུག་ཏུ་རྒྱང་འབུད་བཏང་སྟེ་ཤི་རུ་བཅུག་པ་རེད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་ཡུན་རིང་ཚོད་འཛིན་བྱས་སྟབས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་འཕེལ་མེད་སོར་གནས་སུ་ལུས་པ་དང་། སྤྱི་ཚོགས་ཀྱི་འགལ་བ་ཉིན་རེ་བཞིན་རྣོ་ངར་ཆེ་རུ་ཕྱིན་པ། མི་དམངས་ཀྱི་འཚོ་བ་སྐྱོ་ཐག་ཆོད་དུ་གྱུར་ཞིང་། ཉིན་རེ་བཞིན་རུལ་སུངས་དང་རྗེས་ལུས་སུ་གྱུར་པའི་ལམ་ལུགས་དེ་ཐོར་ཉེའི་གནས་སུ་གྱུར་ཡོད། སྐབས་དེ་དུས་བོད་ས་གནས་སྲིད་གཞུང་གི་བཀའ་བློན་གྱི་འགན་བཞེས་མཁན་ང་ཕོད་ངག་དབང་འཇིགས་མེད་ཀྱིས “ལུགས་སྲོལ་ཪྙིང་པ་ཡུན་རིང་གནས་ཚེ་ཞིང་བྲན་ཚང་མ་ཤི་ནས་སྐུ་དྲག་ཀྱང་གསོན་མི་ཐུབ་པ་དང་སྤྱི་ཚོགས་ཧྲིལ་པོ་རྩ་བརླག་ཏུ་འགྲོ་སྲིད ”ཅེས་མཛུབ་སྟོན་ཐེངས་མང་གནང་ཡོད།

        (གསུམ ) བཙན་རྒྱལ་རིང་ལུགས་ཀྱིས་བོད་ཁ་ཕྲལ་དུ་གཏོང་རྒྱུའི་རེ་ངན་འཆང་བའི་སྡིག་ཉེས་ཆེ་བའི་བྱེད་སྤྱོད་ཀྱིས་ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་ཚབས་ཆེན་བཏང་བ།

        1840ལོར་ཉལ་ཐའི་དམག་འཁྲུག་ལངས་རྗེས་བཙན་རྒྱལ་རིང་ལུགས་ཀྱིས་ཤར་ལྷོའི་མཚོ་རྒྱུད་དང་ཧི་མ་ལའི་རི་འདབས་གཉིས་ནས་བཙན་འཛུལ་བྱས་ཏེ་ཀྲུང་གོ་དུམ་བུར་གཏོང་བ་དང་མི་སེར་སྤེལ་བའི་སྡིག་ཉེས་ཆེ་བའི་བྱེད་སྤྱོད་སྤེལ་འགོ་ཚུགས་པ་རེད། 1888ལོ་དང་1904ལོར་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོའི་བོད་ལ་བཙན་འཛུལ་བྱེད་པའི་དམག་འཁྲུག་ཐེངས་གཉིས་བསླངས་པ་དེར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་པ་དང་རྒྱལ་ཡོངས་མི་དམངས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་རེད། དྲག་ཤུགས་ལ་བརྟེན་ནས་བཙན་འཛུལ་བྱེད་པའི་དམིགས་ཡུལ་རྦད་དེ་མ་སྒྲུབ་པའི་གནས་ཚུལ་འོག་སླར་ཡང་བྱེད་ཐབས་བསྒྱུར་ཏེ་བོད་ཀྱི་མཐོ་རིམ་རུ་ཚོགས་ཁྲོད་དུ་དབྱིན་ཇི་དགའ་ཉེར་བརྟེན་མཁན་ཕྱོགས་གཏོགས་གསོ་སྐྱོང་བྱེད་གང་ཐུབ་བྱེད་པ་དང་། མཐོ་རིམ་རྒྱལ་གཅེས་མི་སྣར་གནོད་འཚེ་གཏོང་བ། “རྒྱ་འབུད་དོན་རྐྱེན ”བཟོ་བ། “མཐུན་འབྲེལ་ཕོ་ཉ་ཚོགས་པ ”ཟེར་བ་མངགས་པ། “ཕྱི་འབྲེལ་ཅུས ”ཟེར་བ་འཛུགས་པ་བཅས་བྱས་ཏེ་ཁ་ཕྲལ་བྱེད་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་ཐོག “བོད་རང་བཙན ”ཟེར་བ་བཟོས་ནས་བོད་འདི་ཉིད་བཙན་རྒྱལ་རིང་ལུགས་ཀྱི་མི་སེར་སྤེལ་ཡུལ་དུ་འགྱུར་རྒྱུའི་རེ་ངན་བཅངས་པ་རེད། 1949ལོའི་ཟླ་8པར་ཨ་རི་བ་ལའོ་ཨེར ·ཐང་མུའུ་སི “སྐུད་མེད་གློག་འཕྲིན་གྱི་དཔྱད་གཏམ་མཁན ”ཟེར་བའི་མིང་ཐོག་ནས་ལྷ་སར་འབྱོར་ཏེ་བོད་ཀྱི་མཐོ་རིམ་ལོག་སྤྱོད་པ་དང་གསང་བའི་སྒོ་ནས་ངན་འབྲེལ་བྱས་པ་རེད། 1950ལོའི་ཟླ་5ཚེས་10ཉིན་ཁོ་པའི་བུ་ལའོ་ཝུའེ་ཨེར ·ཐང་མུའུ་སི་ཡིས་བཀའ་ཤག་སྲིད་གཞུང་ལ་ཕུལ་བའི་ཡི་གེའི་ནང “ཨ་རིའི་ཙུང་ཐུང་ནི་ཁྱེད་རྣམ་པའི་གནད་དོན་ལ་གདུང་སེམས་མཉམ་སྐྱེ་བྱེད་མཁན་ཞིག་ཡིན་པར་ཐེ་ཚོམ་སྤུ་ཙམ་ཡང་བྱེད་དགོས་དོན་མེད ”“རྒྱལ་དོན་བློན་ཆེན་གྱིས་ཉེ་ཆར་ཕྲན་གྱི་ཡབ་ལ་གསུངས་དོན་དུ། ཁོང་གིས་ཁྱེད་རྣམ་པའི་སྲིད་གཞུང་དང་ཞིབ་ཕྲའི་གྲོས་མོལ་གྱི་ཐོབ་ཐང་ཡོད་པའི་ཨ་རི་སྲིད་གཞུང་གི་འཐུས་མི་ཚོགས་པ་ཞིག་ལྷ་སར་མངགས་འདོད། རྒྱལ་དོན་བློན་ཆེན་གྱིས་གྲོས་འགོ་བཏོན་དོན་ལ། ཆེད་མངགས་འཐུས་མི་དེ་ནི་ཕྱི་ཚུལ་ཐོག་རང་རྒྱལ་སྲིད་གཞུང་དང་འབྲེལ་བ་མེད་པའི་མི་ཞིག་ཡིན། དེ་ལྟར་བྱས་ཚེ་འཐུས་མི་ཚོགས་པ་དེ་ཨ་རིའི་དཔོན་རིགས་ཡིན་པའི་དོགས་པ་བྱེད་མི་སྲིད ”ཅེས་བྲིས་ཡོད་པ་རེད། 1950ལོའི་ཟླ་1ཚེས་12ཉིན་དབྱིན་ཇིའི་གསང་མྱུལ་ཕུའུ་ཁེ་སིས་བོད་དམག་གི་དམག་སྤྱི་ཁེ་སྨད་ལ་ཡི་གེ་བཏང་བ་དེའི་ནང “གུང་དམག་མགྱོགས་པོ་མ་སླེབས་པ་བྱ་ཆེད་ལམ་ཆེན་དང་། ཟམ་པ། དེ་བཞིན་བཙན་ས་བཅས་གཏོར་དགོས་ཁར་འཐབ་ས་གལ་ཆེན་དང་ཟམ་པ་མེད་པའི་གཙང་པོ་གལ་ཆེན་དང་གུང་དམག་ལ་གནོད་པའི་ས་ཆ་ཚང་མར་འབར་མདེལ་སྦ་དགོས ”ཞེས་འཁོད་ཡོད་པ་རེད། 1950ལོའི་ཟླ་6ཚེས་16ཉིན་ལྷ་སར་བཅའ་སྡོད་དབྱིན་ཇི་དང་རྒྱ་གར་གྱི་དོན་གཅོད་ཁྲུའི་འགན་འཁུར་བ་སྔ་རྗེས་སུ་བྱེད་མྱོང་ཡོད་པའི་ལི་ཅི་ཧྲེང་གིས་དམག་དོན་ཐོག་ནས་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་དྲི་བར་ལན་རྒྱག་སྐབས “མེ་མདའ་དང་རྫས་མདེལ་སོགས་ཀྱི་གནད་དོན་དེ་དག་དུས་ཐོག་ཏུ་བདའ་འདེད་གཏོང་འདོད་ཡོད ”ཅེས་བཤད་པ་དེ་ཐོག་ནས་བཙན་རྒྱལ་རིང་ལུགས་ཀྱིས་བོད་འདི་ཉིད་ཀྲུང་གོ་ནས་ཁ་ཕྲལ་གཏོང་རྒྱུའི་རེ་ངན་འཆང་བའི་མ་རུངས་ཁོག་བཅུག་དེ་དམར་རྗེན་དུ་ཐོན་ཡོད།

        བཙན་རྒྱལ་རིང་ལུགས་པའི་དྲག་པོའི་བཙན་འཛུལ་དང་ཁ་ཕྲལ་བྱེད་སྤྱོད་ཀྱིས་ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་ཉེན་ཚབས་ཆེན་པོ་བཟོས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་འཆམ་མཐུན་དང་མཐུན་སྒྲིལ་ལ་གནོད་སྐྱོན་དང་བོད་ཀྱི་མི་རིགས་ཀྱི་སྡུག་བསྔལ་ཇེ་སྡུག་ཏུ་བཏང་ནས་བལྟ་བཟོ་མེད་པའི་བོད་ཀྱི་སྤྱི་ཚོགས་དེ་ཉིད་སྔར་བས་ཇེ་སྡུག་ཏུ་བཏང་ཡོད།

        (བཞི )བོད་ལ་བཅིངས་འགྲོལ་སྔ་ཙམ་གཏོང་རྒྱུ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་རེ་བ་ཞིག་ཡིན།

        བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་སྒྲོལ་རྒྱུ་དང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་ལས་ཐར་བ་བྱ་རྒྱུ་ནི་བོད་ཀྱི་སྤྱི་ཚོགས་ཡར་ཐོན་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་བཟློག་མེད་ཅིག་ཡིན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་རེ་བ་ཞིག་ཀྱང་ཡིན། 1949ལོའི་ཟླ་10ཚེས་1ཉིན་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་གྱིས་ཀྲུའུ་ཞི་མའོ་ཙེ་ཏུང་དང་སྤྱི་ཁྱབ་སི་ལིང་ཀྲུའུ་ཏེ་ལ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་བཀོད་མངགས་ལ་བརྩི་བཀུར་ཞུ་རྒྱུ་དང་བོད་སྔ་ཙམ་བཅིངས་འགྲོལ་གཏོང་རྒྱུའི་ཐུགས་རེ་གནང་བའི་ཏར་འཕྲིན་བཏང་། 1949ལོའི་ཟླ་12ཚེས་2ཉིན་རྭ་སྒྲེང་རིན་པོ་ཆེའི་ཆོས་དཔོན་མཁན་པོ་ཟུར་པ་ཡེ་ཤེས་ཚུལ་ཁྲིམས་ཀྱིས་གསར་འགོད་པར་བཙན་རྒྱལ་རིང་ལུགས་པས་བོད་ས་གནས་སྲིད་གཞུང་གི་དབྱིན་ཇིའི་ཕྱོགས་གཏོགས་པར་ངན་སྐུལ་བྱས་ནས་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་རྒྱལ་གཅེས་པ་རྭ་སྒྲེང་རིན་པོ་ཆེ་བཀྲོངས་པའི་སྐོར་ཁོང་ཁྲོ་ཆེན་པོས་ཞུ་འབོད་བྱས་པ་དང་། མི་དམངས་བཅིངས་འགྲོལ་དམག་བོད་དུ་བཅིངས་འགྲོལ་གང་མགྱོགས་གཏོང་དགོས་པའི་རེ་བ་ཞུས། 1950ལོའི་ཟླ་1ཚེས་31ཉིན་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་གྱིས་བོད་ཀྱི་རྒྱལ་གཅེས་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ “དཔུང་སྡེ་བོད་ལ་གང་མགྱོགས་བཅིངས་འགྲོལ་གཏོང་བར་མངགས་ནས་བཙན་རྒྱལ་རིང་ལུགས་པའི་སྟོབས་ཤུགས་མཐར་སྐྲོད་གཏོང་དགོས་ཚུལ ”ཏར་འཕྲིན་བཏང་བ་རེད། 1950ལོའི་ཟླ་3ཚེས་5ཉིན་བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་དགེ་སྟག་སྤྲུལ་སྐུ་སོགས་ཀྱིས་པེ་ཅིང་དུ་སྐུ་ཚབ་མངགས་ནས་བོད་རིགས་སྤུན་ཟླ་ཚོས་བཅིངས་འགྲོལ་ཡོང་བའི་འདུན་པ་ཆེ་བས་མི་ཤུགས་དང་དངོས་ཤུགས་ཐོག་ནས་མི་དམངས་བཅིངས་འགྲོལ་དམག་གིས་བོད་ལ་བཅིངས་འགྲོལ་གཏོང་རྒྱུར་རྒྱབ་སྐྱོར་གང་ཐུབ་བྱ་རྒྱུ་ཡིན་ཚུལ་གསུངས་པ་མ་ཟད་། 1950ལོའི་ཟླ་7ཚེས་10ཉིན་དགེ་སྟག་སྤྲུལ་སྐུ་ལྷ་སར་ཕེབས་ལམ་དུ་ཡུལ་དཔོན་དང་། འགོ་པ། དགོན་པའི་མཐོ་རིམ་སེར་མོ་བ་བཅས་ལྷན་འཛོམས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་མི་རིགས་ཆོས་ལུགས་ཐད་ཀྱི་ཀྲུང་དབྱང་གི་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་བོད་དུ་བཅིངས་འགྲོལ་སྔ་ཙམ་ཐོབ་རྒྱུའི་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་གནང་ཞིང་། དགེ་སྟག་སྤྲུལ་སྐུའི་རྒྱལ་གཅེས་ཀྱི་བྱ་སྤྱོད་དེས་དབྱིན་ཇི་བཙན་རྒྱལ་རིང་ལུགས་པ་དང་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་དངངས་སྐྲག་དང་སྡང་སེམས་སྐྱེས་ནས་མཐར་1950ལོའི་ཟླ་8ཚེས་22ཉིན་ཆབ་མདོར་དགེ་སྟག་སྤྲུལ་སྐུ་དབྱིན་ཇི་བཙན་རྒྱལ་རིང་ལུགས་པའི་གསང་མྱུལ་བ་ཕུའུ་ཐེས་དུག་སྟེར་ནས་བཀྲོངས།

        ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆོས་ཉིད་དང་བསྟུན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་དགོས་གཏུགས་བསམ་པར་དམིགས་ནས་མའོ་ཀྲུའུ་ཞི་དང་ཏང་ཀྲུང་དབྱང་གིས་དུས་དཔག་དང་བབ་བསྟུན་གྱི་སྒོ་ནས “བོད་ལ་བཅིངས་འགྲོལ་གཏོང་རྒྱུ་དེ་སྔ་ཙམ་བྱེད་པ་ལས་ཕྱི་དྲགས་རྒྱུ་མེད་པའི ”དགོངས་གཞི་བཏོན་པ་དང་། བོད་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་ཞི་བའི་ཐམས་ལམ་བརྒྱུད་ཐག་གཅོད་བྱ་རྒྱུའི་བྱེད་ཕྱོགས་གཏན་འཁེལ་གནང་རྗེས་1951ལོའི་ཟླ་བ་དང་པོར་བོད་ས་གནས་སྲིད་གཞུང་གིས་པེ་ཅིང་དུ་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་ཐད་ཀྱི་གྲོས་དོན་ལ་གྲོས་མོལ་བྱེད་མཁན་སྐུ་ཚབ་གཏོང་དགོས་པའི་བརྡ་ཐོ་དངོས་སུ་བཏང་། 1951ལོའི་ཟླ་1ཚེས་18ཉིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཀྲུང་དབྱང་ལ་ཞི་བའི་གྲོས་མཐུན་བྱ་རྒྱུའི་འདུན་པ་ཆེ་ལུགས་འཕྲིན་ཡིག་བཏང་ནས་ཞུས། རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡོན་ཀྲུང་ཤན་གྱིས་ཏཱ་ལར་ཀྲུང་དབྱང་སྲིད་གཞུང་གིས་ཁྱེད་ཀྱིས་སྐུ་ཚབ་པེ་ཅིང་དུ་གང་མགྱོགས་གྲོས་མོལ་བྱེད་དུ་མངགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཚུལ་དང་ཁྱེད་ཀྱིས་སྲིད་དོན་བཞེས་པར་བཀྲ་ཤིས་བདེ་ལེགས་ཞུ་བའི་མའོ་ཀྲུའུ་ཞིའི་བཀའ་མངགས་ཀྱང་བརྒྱུད་བསྒྲགས་བྱས་པའི་འཕྲིན་ལན་བསྐུར། ཟླ་2ཚེས་18ཉིན་ཏཱ་ལ་དང་བཀའ་ཤག་སྲིད་གཞུང་གིས་ཞི་བའི་གྲོས་མོལ་བྱེད་མཁན་སྐུ་ཚབ་ཚོགས་པ་མངགས་རྒྱུ་གཏན་ལ་ཕབ་ནས་བོད་ས་གནས་སྲིད་གཞུང་གི་དབང་ཆ་ཆ་ཚང་ཡོད་པའི་མིང་ཐོག་ནས་པེ་ཅིང་དུ་གྲོས་མོལ་བྱེད་དུ་མངགས། 1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར 《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་གྲོས་མཐུན 》བཞག་པར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་མ་ཟད་སངས་རྒྱས་ཡེ་ཤེས་དང་། ངག་དབང་རྒྱ་མཚོ། བློ་བཟང་བསྟན་པ་སོགས་རྒྱལ་གཅེས་ཆོས་གཅེས་མི་སྣས་ཀྲུང་དབྱང་སྲིད་གཞུང་དང་མའོ་ཀྲུའུ་ཞིར་བཀྲ་ཤིས་བདེ་ལེགས་ཞུ་བའི་ཏར་འཕྲིན་བཏང་ནས་གྲོས་མཐུན་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཡང་ཞུས་ཡོད། པཎ་ཆེན་ནང་མ་སྒང་གིས “གྲོས་མཐུན་བཞག་པ་དེ་ནི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་ཡོངས་སུ་མཐུན་ཡོད ”ཅེས་པའི་གསལ་བསྒྲགས་སྤེལ་ནས “གྲོས་མཐུན་གྱི་དོན་ཚན་ཚང་མ་མི་འཕྱུགས་པར་ལག་ལེན་ནན་པོ་བསྟར་ནས་བོད་ཀྱི་མི་རིགས་དང་ཀྲུང་གོའི་མི་རིགས་ཀྱི་མཐུན་སྒྲིལ་དང་བོད་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ཆེད་འབད་འཐབ་བྱ་རྒྱུ་ཡིན་ཚུལ ”བསྟན་ཡོད། པཎ་ཆེན་ཨེར་ཏེ་ནིས་ཏཱ་ལར་ཏར་འཕྲིན་བཏང་ནས་ཁོང་དང་མཐུན་སྒྲིལ་རྣམ་དག་ཐོག་ནས་གྲོས་མཐུན་ལག་ལེན་མཐར་ཕྱིན་པ་བསྟར་རྒྱུ་ཡིན་ལུགས་བསྟན། 1951ལོའི་ཟླ་9ཚེས་26ནས་ཚེས་29ཉིན་བར་བོད་ས་གནས་སྲིད་གཞུང་གིས་སེར་སྐྱ་དཔོན་རིགས་དང་དགོན་སྡེ་ཆེན་པོ་གསུམ་གྱི་སྐུ་ཚབ་ཞུགས་པའི་ཚོགས་འདུ་ཆེན་པོ་འཚོགས་ནས 《གྲོས་མཐུན་དོན་ཚན་བཅུ་བདུན་པར 》ཆེད་མངགས་གྲོས་བསྡུར་བྱས་པའི་ཐོག་ཚང་མས་གྲོས་མཐུན་འདི་ཉིད “ཏཱ་ལའི་རླབས་ཆེན་བྱ་གཞག་དང་བོད་ཀྱི་ནང་ཆོས་དེ་བཞིན་ཆབ་སྲིད་དང་དཔལ་འབྱོར་སོགས་གང་ཅིར་ཕན་པ་ཆེན་པོ་ཐོབ་རྒྱུ་ཡིན་པས་ངེས་པར་དུ་བརྩི་བཀུར་ཞུ་དགོས་ཚུལ ”བསྟན་ཡོད། ཟླ་10ཚེས་24ཉིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་མའོ་ཀྲུའུ་ཞིར་བཏང་བའི་ཏར་འཕྲིན་ནང “བོད་ས་གནས་སྲིད་གཞུང་དང་དེ་བཞིན་སེར་སྐྱ་མི་དམངས་ཀྱིས་གྲོས་མཐུན་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་མ་ཟད། མའོ་ཀྲུའུ་ཞི་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཡང་དག་འགོ་ཁྲིད་འོག་མི་དམངས་བཅིངས་འགྲོལ་དམག་བོད་དུ་བསྐྱོད་རྒྱུར་གཞོགས་འདེགས་ཧུར་ཐག་ཞུས་ཏེ་རྒྱལ་སྲུང་སྲ་བརྟན་དང་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་བོད་ནས་མཐར་སྐྲོད་བཏང་སྟེ་མེས་རྒྱལ་གྱི་མངའ་ཁོངས་བདག་དབང་གཅིག་གྱུར་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཚུལ ”བསྟན་ཡོད།

        ( ལྔ )ཞི་བས་བཅིངས་འགྲོལ་བཏང་བ་དེས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་དུས་རབས་གསར་པ་ཞིག་གི་སྒོ་མོ་ཕྱེ་བ།

        བོད་ཞི་བའི་བཅིངས་འགྲོལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་གསར་བརྗེའི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་དང་། ཀྲུང་གོའི་དེང་རབས་ལོ་རྒྱུས་ཐོག་གི་བྱ་བ་གལ་ཆེན་ཞིག བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་ཁ་ཕྱོགས་འགྱུར་མཚམས་ཤིག་བཅས་ཡིན་པ་དེ་ཐོག་ནས་བོད་འདི་ཉིད་བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ནམ་ཡང་སྒྲོལ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོ་དང་མེས་རྒྱལ་གཅིག་གྱུར་གྱི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད། ཞི་བས་བཅིངས་འགྲོལ་བཏང་བ་དེས་བོད་ཀྱི་ལོ་རྒྱུས་ཀྱི་སྲིད་ལོའི་རྩིས་འགོ་གསར་པ་ཞིག་བཏོད་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བ་དང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་བཏང་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འོད་སྟོང་འབར་ཞིང་མདུན་ལམ་ལྡན་པའི་འཚོ་བ་གསར་པ་ཞིག་བཏོད་ཡོད་པ་རེད།

        དང་པོ། བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་བོད་ནས་མཐར་སྐྲོད་བཏང་སྟེ་རྒྱལ་ཁབ་ཀྱི་བདག་དབང་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱས་པ། བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་བོད་ནས་མཐར་སྐྲོད་གཏོང་དགོས་པ་དང་། ཕྱི་ཕྱོགས་ལས་དོན་ཚང་མ་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་གཅིག་གྱུར་ཐོག་ཐག་གཅོད་བྱ་རྒྱུ་ཞེས་པ་ནི 《གྲོས་མཐུན་དོན་ཚན་བཅུ་བདུན 》ནང་གཏན་འབེབས་ཁ་གསལ་བྱས་པ་ཞིག་རེད་ལ་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་ལས་འགན་ཨང་དང་པོ་དེ་ཡང་རེད།

        1951ལོའི་ཟླ་5ཚེས་25ཉིན་ཀྲུའུ་ཞི་མའོ་ཙེ་ཏུང་གིས་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱ་རྒྱུའི་བཀའ་ཤོག་ཐོག་མིང་རྟགས་བཀོད་གནང་བ་རེད། ཟླ་བ་བདུན་པའི་ཟླ་སྨད་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བོད་སྐྱོད་དཔུང་སྡེ་སྔ་རྗེས་སུ་ཐོན་ཏེ་སི་ཁྲོན་དར་རྩེ་མདོ་དང་། མཚོ་སྔོན། ཡུན་ནན། ཤིན་ཅང་བཅས་ནས་བོད་དུ་དཔུང་སྐྱོད་བྱས། ཆབ་མདོའི་གཡུལ་འགྱེད་དེས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུ་དྲག་ཤུགས་ལ་བརྟེན་ནས་འགོག་ཐབས་བྱེད་པའི་བཙན་རྒྱལ་རིང་ལུགས་དང་དབྱིན་ཇི་བཙན་རྒྱལ་རིང་ལུགས་དགའ་ཉེར་བསྟེན་མཁན་ཕྱོགས་གཏོགས་ཀྱི་ངན་ཇུས་དེ་སྒྲུབ་ཐབས་མེད་པ་བཟོས་པ་རེད། མི་དམངས་བཅིངས་འགྲོལ་དམག་གིས་དཀའ་ཉེན་མང་པོ་ཁྱད་བསད་ཀྱིས་དཔུང་སྐྱོད་ལས་འགན་གང་མགྱོགས་ལེགས་པར་བསྒྲུབས་པའི་ཁར་སྐར་ལྔའི་དར་དམར་མཐའ་མཚམས་འགག་སྒོའི་སོ་ལྟ་ཁང་དུ་བཙུགས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱས། 1952ལོའི་ཟླ་9པར་བོད་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཕྱི་ཕྱོགས་ལས་དོན་རོགས་རམ་གཞུང་ལས་ཁང་བཙུགས་པ་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་ཕྱི་འབྲེལ་པུའི་འགོ་ཁྲིད་འོག་བོད་ས་ཁུལ་གྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ལས་དོན་གཅིག་གྱུར་ཐོག་ཐག་གཅོད་བྱས་ཡོད། བཪྙས་བཅོས་ཀྱི་གནས་ཚུལ་འོག་བོད་ཪྙིང་པས་མིང་རྟགས་འགོད་དགོས་བྱུང་བའི་འདྲ་མཉམ་མིན་པའི་ཆིངས་ཡིག་དང་བོད་དུ་བཙན་རྒྱལ་རིང་ལུགས་ཀྱིས་འཛིན་པའི་དམིགས་བསལ་དབང་ཆ་མེད་པ་བཟོས། བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་ཀྱིས་ཀྲུང་གོའི་བོད་ཀྱི་ས་ཆའི་ཐོག་ཁྲིམས་མེད་ལུགས་མེད་བྱེད་པའི་ལོ་རྒྱུས་དེ་དུས་དེ་ནས་བཟུང་མཇུག་འགྲིལ་བ་རེད།

        གཉིས་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་གསར་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིར་རྨང་གཞི་བཏིང་བ། 《གྲོས་མཐུན་དོན་ཚན་བཅུ་བདུན 》ནང “བོད་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་རྒྱུ ”ཞེས་བཏོན་པ་དང་འབྲེལ་བོད་ཀྱི་དོན་དངོས་གནས་ཚུལ་གཞིར་བཟུང་བོད་ཀྱི་མི་རིགས་ཀྱི་སྐད་ཡིག་དང་། སློབ་གྲྭའི་སློབ་གསོ། ཞིང་འབྲོག་བཟོ་ཚོང་བཅས་ལས་རིགས་ཀྱང་རིམ་བཞིན་འཕེལ་རྒྱས་བཏང་སྟེ་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་དགོས་ཞེས་ཀྱང་བཏོན་ཡོད། 《གྲོས་མཐུན་དོན་ཚན་བཅུ་བདུན 》གཞིར་བཟུང་བོད་སྐྱོད་མི་དམངས་བཅིངས་འགྲོལ་དམག་དང་ལས་བྱེད་ལས་བཟོ་ཚོས་ཕྱོགས་གཅིག་ནས་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་བྱས་པ་དང་། མར་ཁེ་སི་རིང་ལུགས་སྒྲོག་སྤེལ་བྱས་པ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་ཕྱོགས་གཞན་ཞིག་ནས་བྱ་ཐབས་ཧུར་ཐག་སྤྱད་དེ་དཔལ་འབྱོར་འཕེལ་རྒྱས་བཏང་ནས་མང་ཚོགས་ལ་བྱ་བཟང་བསྒྲུབས་པ་དང་དཀའ་གནད་བསལ་ཡོད། དར་རྩེ་མདོ་ནས་བོད་བར་གྱི་གཞུང་ལམ་དང་། མཚོ་སྔོན་ནས་བོད་བར་གྱི་གཞུང་ལམ། འདམ་གཞུང་གནམ་གྲུ་ཐང་བཅས་བསྐྲུན་པ་ལས་བོད་དུ་དེང་རབས་ཀྱི་འགྲིམ་འགྲུལ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། བཟོ་གྲྭ་དང་། དངུལ་ཁང་། ཉོ་ཚོང་ཀུང་སི། སྦྲག་སྲིད་ཅུས ( སུའོ )སོགས་བཙུགས་ནས་བོད་ཀྱི་དེང་རབས་ཚོང་ལས་བྱ་གཞག་གི་འཕེལ་རྒྱས་ལོ་རྒྱུས་བཏོད་པ་དང་། ཕྱོགས་བསྡུས་ཞིང་ར་བསྐྲུན་ནས་ནང་སའི་སྔོན་ཐོན་རྨོ་འདེབས་ལག་རྩལ་བོད་དུ་ནང་འདྲེན་བྱས་པ། སློབ་གྲྭ་བཙུགས་ནས་བོད་དུ་དེང་རབས་སློབ་གསོ་གཏོང་སྟངས་རིམ་བཞིན་ནང་འདྲེན་བྱས་པ། དེ་དང་ཆབས་ཅིག་ཞིང་འབྲོག་པ་དང་ལག་ཤེས་པར་སྐྱེད་མེད་དང་སྐྱེད་དམའི་དངུལ་བུན་བཏང་བ་དང་། སྨན་ཡོན་མི་དགོས་པར་མང་ཚོགས་ལ་རིམས་འགོག་སྨན་བཅོས་བྱས་པ། སྤྱི་ཚོགས་ཀྱི་སྐྱོབ་རོགས་ལས་དོན་རྒྱ་ཁྱབ་ཏུ་སྤེལ་ཡོད། ཞི་བའི་བཅིངས་འགྲོལ་བཏང་བ་དེས་བོད་ཀྱི་སྤྱི་ཚོགས་ལ་ཤེས་དཔལ་ཡར་ཐོན་གྱི་རྣམ་པ་གསར་པ་ཞིག་བཏོད་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡར་རྒྱས་ཕྱིར་མདུན་ལམ་ཡག་པོ་ཞིག་བཏོད་པས་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ཚོས་རང་ཉིད་ཀྱི་ཡིད་སྐྱོ་བའི་ལས་དབང་ལ་འགྱུར་ལྡོག་གཏོང་བའི་འོད་སྣང་ཞིག་མཐོང་བ་རེད།

        གསུམ་པ། ཀྲུང་གོའི་མི་རིགས་ཁག་དང་དེ་བཞིན་བོད་ནང་ངོས་ཀྱི་མཐུན་སྒྲིལ་ཆེ་མོར་སྐུལ་མ་ཐེབས་པ། དུས་ཡུན་རིང་པོའི་ནང་བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་ཀྱིས་དཀྲུག་ཤིང་བརྒྱབ་ནས་མི་རིགས་ཁག་དབར་འགལ་ཟླ་དང་བོད་མི་རིགས་ནང་ངོས་སུ་མཐུན་སྒྲིལ་མེད་པར་གྱུར་ཡོད། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དགུ་པ་བོད་ནས་ཞལ་མ་བྲལ་ཀ་མེད་བྱུང་སྟེ་གཞན་ཡུལ་དུ་ཐུགས་ཕམ་ཆེན་པོས་དགོངས་པ་ཆོས་དབྱིངས་སུ་ཐིམ་ཡོད། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའང་ཡུན་རིང་བོད་དུ་ཕྱིར་ལོག་གནང་ཐུབ་མེད། པཎ་ཆེན་བོད་དུ་ཕྱིར་ལོག་གནང་རྒྱུ་དེ 《གྲོས་མཐུན་དོན་ཚན་བཅུ་བདུན 》གྱི་ནང་དོན་གལ་ཆེན་ཡིན་ལ་རང་རེའི་ཏང་གིས་བོད་དུ་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཛུགས་པའི་ལས་འགན་གལ་ཆེན་ཞིག་ཀྱང་རེད། ཀྲུང་དབྱང་དང་ཕྱོགས་ཁག་གིས་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད་1952ལོའི་ཟླ་6ཚེས་23ཉིན་པཎ་ཆེན་དང་དེ་བཞིན་པཎ་ཆེན་ནང་མ་སྒང་གི་མི་སྣ་གཞིས་རྩེ་བཀྲ་ལྷུན་དགོན་པའི་སྐབས་རིམ་བྱོན་གྱི་པཎ་ཆེན་བཞུགས་གནས་སུ་བདེ་བླག་ངང་ཕྱིར་ལོག་ཐུབ་ནས་བོད་ཀྱི་མི་རིགས་ནང་ངོས་སུ་མཐུན་སྒྲིལ་བྱུང་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་རྒྱལ་གཅེས་གཞོན་ནུ་དང་། བུད་མེད་རིག་གནས་མཐུན་འབྲེལ་ཚོགས་འདུ། སློབ་སྦྱོང་ཨུ་ལྷན་བཅས་བཙུགས་པ་དང་མཐོ་རིམ་མི་སྣ་ནང་སར་ལྟ་སྐོར་བྱེད་དུ་སྒྲིག་འཛུགས་བྱས་ཏེ་བོད་མི་དམངས་ལ་གུང་ཁྲན་ཏང་དང་མི་དམངས་བཅིངས་འགྲོལ་དམག་ཤེས་རྟོགས་བྱེད་དུ་བཅུག་ཐོག་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལོ་རྒྱུས་ཀྱིས་བཟོས་པའི་མི་རིགས་ཀྱི་འགལ་ཟླ་བསལ་བ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དབར་མཐུན་སྒྲིལ་ཆེ་མོ་མངོན་འགྱུར་བྱུང་སྟེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། མཐུན་སྦྱོར་ལྡན་པ་བཅས་ཀྱི་མི་རིགས་འབྲེལ་བ་གསར་པ་ཞིག་བཙུགས་ཡོད།

        ལོ་རྒྱུས་ཀྱི་འཁོར་ལོ་མགྱོགས་མྱུར་ངང་མདུན་སྐྱོད་བྱེད་ཀྱི་ཡོད་པས་ཕྱིར་བཤོལ་དང་བསྐྱར་ལོག་བྱེད་པ་མཐའ་དག་ནི་ཐར་ལམ་མེད་པ་ཞིག་རེད། གནའ་བོའི་ཀྲུང་ཧྭ་ཡི་ས་གཞི་ཆེ་མོའི་ཐོག་ལས་ལ་བརྩོན་པ་དང་། དཔའ་ངར་ཆེ་བ། བློ་གྲོས་ལྡན་པ་བཅས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་ཁབ་ཀྱི་མངའ་ཁོངས་ཐུན་མོང་ཐོག་གསར་གཏོད་བྱས་པ་དང་། གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཐུན་མོང་ཐོག་བསྐྲུན་པ། ལོ་རྒྱུས་ཡུན་རིང་དང་འོད་སྟོང་འཕྲོ་བའི་ཀྲུང་ཧྭ་ཡི་རིག་གནས་ཐུན་མོང་ཐོག་འཕེལ་རྒྱས་བཏང་བ་བཅས་རེད། ཞི་བས་བཅིངས་འགྲོལ་བཏང་མེད་ཚེ་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དང་མི་དམངས་རང་ཁྱིམ་རང་བདག་གི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མེད་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་དེ་མེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ཁྲོད་བོད་འདིར་གཞི་ནས་ལོ་60ཡི་འོད་སྟོང་འཕྲོ་བའི་འཕེལ་རྒྱས་དང་དེ་བས་མཛེས་སྡུག་ལྡན་པའི་མདུན་ལམ་ལྡན་ཡོད།

        གཉིས། འོད་སྟོང་འཕྲོ་བའི་མཆོང་སྐྱོད།

        (གཅིག )ཆབ་སྲིད་ལམ་ལུགས་རྩ་བའི་ཐོག་ནས་འགྱུར་ལྡོག་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཟམ་མི་ཆད་པར་འཕེལ་རྒྱས་བྱུང་བ།

        ཞི་བས་བཅིངས་འགྲོལ་བཏང་རྗེས་དམངས་གཙོའི་བཅོས་སྒྱུར་དང་བོད་རང་སྐྱོང་ལྗོངས་དབུ་བཪྙེས་པ་བརྒྱུད་བོད་འདི་ཉིད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བར་ཐད་ཀར་མཆོང་སྐྱོད་བྱས་ཏེ་སྤྱི་ཚོགས་ཀྱི་ཆབ་སྲིད་ལམ་ལུགས་རྩ་བའི་ཐོག་ནས་འགྱུར་ལྡོག་བྱུང་ཡོད། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དང་། ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་བཙུགས་པ་དང་ཟམ་མི་ཆད་པར་འཕེལ་རྒྱས་བྱུང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་དང་ཁྲིམས་ལུགས་འཛུགས་སྐྱོང་ཟམ་མི་ཆད་པར་ཤུགས་ཆེར་ཕྱིན་པ། མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་བྱུང་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རང་ཁྱིམ་རང་བདག་གི་ཁེ་དབང་ཁག་འགན་ལེན་བྱས་པ་བཅས་ལ་བརྟེན་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་མི་རིགས་ཁག་གི་མི་དམངས་ཀྱི་སྤྲོ་སེམས་ཆེས་ཆེར་འཕེལ་ཡོད།

        མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཟམ་མི་ཆད་པར་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་སོང་བ། 1965ལོའི་ཟླ་9པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་བོད་དུ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དེ་ཐོག་ནས་བོད་ཀྱི་ཆབ་སྲིད་ལམ་ལུགས་དང་སྤྱི་ཚོགས་གྲུབ་ཆར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་དང་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་མཚོན་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ཚུན་ཁྲིམས་འཛུགས་དང་། ལྟ་སྐུལ། ལས་དོན་འགངས་ཆེན་གཏན་འབེབས། མི་དོན་བསྐོ་འཐེན་སོགས་ས་གནས་ཀྱི་རྒྱལ་ཁབ་དབང་ཆ་གང་ལེགས་སྤྱད་པ་དང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་དེ་མི་དམངས་འཐུས་ཚོགས་ཁྲོད་ཐོན་ནས་མི་དམངས་འཐུས་ཚོགས་ལ་འགན་འཁུར་བ་དང་མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ་བྱེད་ཀྱི་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ་3600ལྷག་ཙམ་སྔ་རྗེས་སུ་བསྐོ་འཐེན་བྱས་པ་དང “སྲིད་གཞུང་གཅིག་དང་ཁང་གཉིས ”ཀྱི་ལས་དོན་སྙན་ཞུ་དང་ཆེད་དོན་སྙན་སྒྲོན་ཐེངས་380ལྷག་ཙམ་ཉན་པ་དང་གྲོས་ཞིབ་བྱས་པ། གྲོས་གཞི་དང་། གྲོས་འགོ སྐྱོན་བརྗོད། བསམ་འཆར་བཅས་ཁག་8205བཏོན་པ་བཅས་བྱས་ཐོག་མི་དམངས་དམངས་གཙོ་རྒྱ་ཆེར་གཏོང་བ་དང་མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་ལེན་བྱ་ཆེད་རྩ་བའི་ལམ་ལུགས་ཀྱི་འགན་ལེན་བྱས་པ་རེད།

        སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་བ། མིག་སྔར་བོད་དུ་མི་རིགས་ས་ཁོངས་རང་སྐྱོང་གི་ཁྱད་ཆོས་ལྡན་པའི་ཁྲིམས་སྲོལ་གྱི་མ་ལག་ཅིག་རགས་ཙམ་ཆགས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་ཁྱོན་270ཙམ་བཟོས་པ་དེ་ས་གནས་ཀྱི་སྲིད་དབང་འཛུགས་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རང་བྱུང་ཐོན་ཁུངས་དང་ཁོང་ཡུག་སྲུང་སྐྱོང་སོགས་ཕྱོགས་ཁག་ཐད་དང་འབྲེལ་བ་ཡོད་པས་བོད་མི་དམངས་ཀྱི་དམངས་གཙོའི་ཁེ་དབང་མངོན་འགྱུར་ཡོང་བ་བྱེད་པ་དང་ས་གནས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་བཅའ་ཁྲིམས་ཀྱི་འགན་ལེན་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད། ཁྲིམས་འཛུགས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་འཆར་ཟིན་དང་སྲིད་གཞུང་གི་སྒྲིག་སྲོལ་གྱི་འཆར་ཟིན་མ་བཏོན་གོང་རིམ་ཁག་ཁྲིམས་ལུགས་སྒྲིག་གཞིས་འབྲེལ་ཡོད་སྡེ་ཚན་སྐོང་བསྡུ་བྱས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་ནས་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པ་དང་སྤྱི་དམངས་ཞུགས་རྒྱ་ཆེ་རུ་བཏང་སྟེ་ཇུས་འགོད་མངོན་གསལ་དང་སྒོ་དབྱེ་ཁྲིམས་འཛུགས་བྱ་རྒྱུའི་འགན་ལེན་བྱས་ཡོད། ཁྲིམས་ལྟར་སྲིད་འཛིན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་རང་སྐྱོང་ལྗོངས་ཀྱིས་ཆེད་མངགས་ཁྲིམས་ལྟར་སྲིད་འཛིན་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལྗོངས་དེ་ཡོངས་ཀྱི་ཁྲིམས་ལྟར་སྲིད་འཛིན་པའི་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱེད་ཀྱི་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་བས་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་བ་དང་། མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ་བཅས་བྱེད་པར་སྲ་ཞིང་བརྟན་པའི་འགན་ལེན་ནུས་ལྡན་བྱས་ཡོད།

        མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱུང་བ། 1959ལོའི་ཟླ་12ཚེས་20ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བོད་ཨུ་ཡོན་ལྷན་ཁང་ནི་ཏཱ་ལའི་རུ་ཚོགས་ཀྱི་ཕྱོགས་ཡོངས་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱེད་པའི་རྒྱལ་ཁའི་གླུ་དབྱངས་ཁྲོད་དབུ་བཪྙེས་པ་རེད། ད་བར་བོད་ཀྱི་སྲིད་གྲོས་ནི་ཨུ་ཡོན་ལྷན་ཁང་སྐབས་དགུ་བརྒྱུད་དེ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ནི་སྐབས་དང་པོའི་མི་171ནས་མིག་སྔའི་མི་467བར་འཕེལ་རྒྱས་ཕྱིན་པ་དང་རིམ་ཁག་སྲིད་གྲོས་ཨུ་ཡོན་3000ཙམ་ཡོད་པ་དེའི་ནང་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། ལྷོ་པ་རིགས། མོན་པ་རིགས་སོགས་མི་རིགས་10ལྷག་ཙམ་ཚུད་ཡོད། རིམ་ཁག་སྲིད་གྲོས་ཨུ་ཡོན་ཚོས་བརྗོད་བྱ་གཙོ་བོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོར་དམ་པོར་དམིགས་ཏེ་འབྲེལ་བ་མཐུན་སྦྱོར་ཡོང་བ་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཐབས་དང་ཇུས་འདོན་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་བསྒྲུབས་ཏེ་བརྟག་ཞིབ་ལྟ་ཞིབ་རྒྱ་ཁྱབ་བྱེད་པ་དང་། ཐབས་དང་ཇུས་ཧུར་ཐག་འདོན་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པ་བཅས་བྱས་པ་བརྒྱུད་གྲོས་འགོ་དང་། བསམ་འཆར། གྲོས་གཞི་བཅས་8000ལྷག་ཙམ་བཏོན་ནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱེད་པར་གཞོགས་འདེགས་ཧུར་ཐག་བྱས་ཏེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་ལ་སྐུལ་མ་གཏོང་ཕྱིར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་རེད།

        འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། མཐུན་སྦྱོར་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སོང་བ། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་རིང་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ནི་བོད་དུ་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱུང་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་གཏན་འཁེལ་བྱས་ནས་མི་རིགས་ཁག་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་བདེ་སྡུག་མཉམ་མྱོང་དང་། འཆམ་མཐུན་མཉམ་གནས། མཐུན་སྦྱོར་ངང་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། 1990ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལོ་ལྟར་གྱི་ཟླ་བ་དགུ་པ་ནི “མི་རིགས་མཐུན་སྒྲིལ་ཟླ་བར ”གཏན་འཁེལ་བྱས་ནས་མི་རིགས་མཐུན་སྒྲིལ་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱེད་སྒོ་དེ་ལམ་ལུགས་ཅན་གྱི་ལམ་བུར་སྐྱོད་པར་སྐུལ་འདེད་བཏང་ཡོད། 2010ལོའི་བར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔ་རྗེས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་ལྔ་སྐོང་ཚོགས་བྱས་ནས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་1756ལོན་པ་དང་ཁུང་ཕན་སེན་དང་། ཀླུ་འབེལ། ལི་སུའུ་ཀྲི་སོགས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་འབོར་ཆེན་ཞིག་ཐོན་ཡོད། མི་འབོར་ཅུང་ཉུང་བའི་མི་རིགས་ལ་གཙོ་གནད་རོགས་སྐྱོར་བྱས་པ་དང་2000ལོར་མཐའ་དར་དམངས་ཕྱུག་གི་བྱེད་སྤྱོད་ལག་ལེན་བསྟར་ཚུན་ཁྱོན་མ་འཇོག་སྒོར་དུང་ཕྱུར་6.2བྱས་པ་དེ་དག་མཐའ་མཚམས་ས་ཁུལ་དང་ལྗོངས་ནང་གི་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་དུ་ཆུ་བེད་དང་ནུས་རྒྱུ་འཛུགས་སྐྲུན་བྱེད་པ་དང་། སྡོད་ཁང་སྒྱུར་བཀོད་བྱེད་པ། ཐོན་སྐྱེད་དང་འཚོ་བའི་སྒྲིག་བཀོད་ལེགས་སུ་གཏོང་བ་སོགས་ཀྱི་ཐད་གཅིག་སྡུད་ངང་བེད་སྤྱོད་བཏང་བས་མཐའ་མཚམས་ས་ཁུལ་དང་ལྗོངས་ནང་གི་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་ཡོད། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་དང་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བས “རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་དབར་ཕན་ཚུན་ཁ་འབྲལ་ཐབས་མེད་པ ”བཅས་ཀྱི་བསམ་བློ་མི་སེམས་སུ་ཟབ་མོ་ཟུག་ནས “མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ ”ཡིན་པ་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གྱི་ངོས་འཛིན་ཞིག་ཏུ་གྱུར་ཡོད།

        (གཉིས )སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་སྔར་བྱུང་མ་མྱོང་བའི་བཅིངས་འགྲོལ་དང་འཕེལ་རྒྱས་བྱུང་ནས་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ།

        ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60རིང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་རྒྱལ་ཁ་མང་པོ་ཐོབ་ཡོད། 2010ལོའི་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་507.46ལོན་ཡོད་པས་བསྟུད་མར་ལོ་བཅུའི་རིང་12%ཡན་གྱི་འཕར་ཚད་མངོན་འགྱུར་བྱུང་བ་དང་1959ལོའི་སྒོར་དུང་ཕྱུར་1.74ཡི་ལྡབ་290ལྷག་ཙམ་ཡིན་པ་རེད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ཐད་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་བྱུང་བ་དང་ལྗོངས་ཡོངས་ཀྱི་ཁྲོམ་རའི་གྲུབ་ཆ་གཙོ་བོའི་རིགས་སྣ་ཚོགས་ཀྱི་དུད་ཚང་ཁྲི་10.99ལོན་པ་དང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་612.7ལོན་ཡོད། བོད་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འགོ་འཛུགས་ས་གསར་པ་ཞིག་ཏུ་གནས་ཡོད།

        ཀྲུང་དབྱང་གིས་ཐུགས་ཁུར་གནང་བ་དང་རྒྱལ་ཡོངས་ཀྱིས་རོགས་སྐྱོར་བྱས་པ་ལས་བོད་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ཐད་སྒུལ་ཤུགས་ཆེན་པོ་བཏོན་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཚང་མའི་ཐད་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་ལུགས་བསྡུས་ཡོད་པ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དཔག་མེད་མངོན་གྱི་ཡོད། ཞི་བས་བཅིངས་འགྲོལ་བཏང་ཚུན་ཀྲུང་དབྱང་གིས་བོད་ཀྱི་དོན་དངོས་དང་འཚམ་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ནས་བོད་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་ཡོད། ལོ་ངོ་60རིང་ཀྲུང་དབྱང་གིས་བོད་ས་གནས་ཀྱི་ནོར་སྲིད་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་3026.7ལོན་ཡོད་པ་དང་ལྷག་པར་དུ་1980ལོ་ནས་བཟུང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་སྔ་རྗེས་སུ་ཐེངས་ལྔ་འཚོགས་ནས་དུས་སྐབས་མི་འདྲ་བའི་བོད་ཀྱི་ལས་དོན་ལ་ཆེད་མངགས་ཞིབ་འཇུག་གནང་བ་དང་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་གསལ་སྟོན་བྱས་ནས་བོད་དར་རྒྱས་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་འགན་ལེན་བརྟན་པོ་བྱས་ཡོད། 1994ལོའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག “ཡུག་དབྱེ་ནས་འགན་འཁུར་བ་དང་། ཁ་གཏད་རོགས་སྐྱོར་བྱེད་པ། དུས་བཀག་ལྟར་བརྗེ་རེས་བྱེད་པ ”བཅས་ཀྱི་ཁ་གཏད་རོགས་སྐྱོར་སྲིད་ཇུས་གཏན་འབེབས་བྱས་པས་1995ལོ་ནས་བཟུང་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། གཞུང་ཁོངས་རྐང་འཛིན་ཁེ་ལས་གཙོ་བོ་བཅས་ཀྱིས་བོད་སྐྱོར་ལས་བྱེད་པ་ཁག་དྲུག་གི་མི་4742སྔ་རྗེས་སུ་མངགས་གཏོང་བྱས་ཏེ་རང་ལྗོངས་ཀྱི་འཛུགས་སྐྲུན་རྣམ་གྲངས་4743ལ་རོགས་སྐྱོར་བྱས་པ་དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་155.97བཏང་ཡོད།

        ཐོན་ལས་དང་པོའི་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ། ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ཀྱི་ཞིང་ལས་ཐོན་སྐྱེད་ཐད་དུས་ཡུན་རིང་པོའི་ནང་གདོད་མའི་རྨོ་འདེབས་བྱེད་ཐབས་ལ་བརྟེན་པ་དང་འབྲོག་ལས་ཐོན་སྐྱེད་ཐད་སྤྱིར་ན་རང་བྱུང་སྐྱས་སྤོའི་བྱེད་ཐབས་སྤྱད་ཀྱི་ཡོད་པས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཧ་ཅང་དམའ་བ་དང་རྒྱ་ཆེའི་ཞིང་བྲན་རྣམས་འཁྱག་ལྟོགས་བཀྲེས་སྐོམ་གྱིས་མནར་བ་ཞིག་ཡོད། ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་བོད་ཀྱི་ཞིང་འབྲོག་པའི་ཐོན་སྐྱེད་ཀྱི་བརྩོན་སེམས་སྔར་བྱུང་མ་མྱོང་བའི་ཆེ་རུ་ཕྱིན་པ་དང་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་སྔར་བྱུང་མ་མྱོང་བའི་བཅིངས་འགྲོལ་དང་འཕེལ་རྒྱས་བྱུང་ཡོད། ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་བོད་ཀྱི་ཞིང་འབྲོག་ལས་ཐད “ས་ཞིང་དུད་ཚང་ལ་སྤྱོད་རྒྱུ་བདག་པ་དང་རང་བདག་གཉེར་སྐྱོང་བྱེད་རྒྱུ་ཡུན་རིང་མི་འགྱུར་བ ”དང་། “ཕྱུགས་ཟོག་དུད་ཚང་ལ་བདག་པ་དང་རང་བདག་གཉེར་སྐྱོང་བྱེད་རྒྱུ་ཡུན་རིང་མི་འགྱུར་བ ” “རྩྭ་ར་སྤྱི་ལ་དབང་བ་དང་དུད་ཚང་དུ་འགན་གཙང་སྤྲད་ནས་རང་བདག་གཉེར་སྐྱོང་བྱེད་རྒྱུ་ཡུན་རིང་མི་འགྱུར་བ ”བཅས་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས་ས་ཞིང་དང་། ཕྱུགས་ཟོག རྩྭ་ར་བཅས “ཡུན་རིང་མི་འགྱུར་བ་གསུམ ”གྱིས་གཙོ་བོ་བྱས་པའི་ཞིང་འབྲོག་ཁུལ་གྱི་སྲིད་ཇུས་མ་ལག་རིམ་བཞིན་ཆགས་ཡོད་པས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེས་ཆེར་ཆེ་རུ་ཕྱིན་པ་དང་བོད་ཀྱི་ཞིང་ལས་ཐོན་རྫས་མཁོ་འདོན་ཐད་དུས་ཡུན་རིང་པོར་མི་འདང་བ་ནས་སྤྲོད་མཁོ་སྤྱིར་ན་དོ་སྙོམས་དང་ལོ་ལེགས་བྱུང་བའི་ལོར་ལྷག་འཕྲོ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། 2010ལོར་ཐོན་ལས་དང་པོའི་གནས་འཕར་རིན་ཐང་སྒོར་དུང་ཕྱུར་68.13མངོན་འགྱུར་བྱུང་བ་དང་། ལྗོངས་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་100.77ལོན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་བསྡོམས་རྩིས་བྱེད་འགོ་ཚུགས་པའི་ལོ་སྟེ་1959ལོའི་ལྡབ་11.6ཡིན་པ། ལྗོངས་ཡོངས་ཀྱི་འབྲུ་རིགས་དང་བཟའ་སྣུམ་གྱི་ཐོན་ཚད་བསྡོམས་འབོར་ནི་ཏུན་ཁྲི་91.23དང་ཏུན་ཁྲི 5.80སོ་སོར་ལོན་པ་དེ་ནི 1959ལོའི་ལྡབ་5དང་ལྡབ་22.2སོ་སོར་ཡིན་པ་དང་། སྔོ་ཚལ་ཐོན་ཚད་ཏུན་ཁྲི་58.12ལོན་པ་དང་སྔོ་ཚལ་འབེལ་བའི་དུས་སུ་སྔོ་ཚལ་རང་མཁོ་རང་སྤྲོད་བྱེད་ཚད་80%ཡན་ལོན་པ། ཤ་དང་འོ་མའི་ཐོན་ཚད་ཏུན་ཁྲི་26.31དང་ཏུན་ཁྲི་30.25སོ་སོར་ལོན་པ་དེ་ནི་བསྡོམས་རྩིས་ཀྱི་ཐོ་འགོད་ཡོད་པའི་ལོ་སྟེ 1978ལོའི་ལྡབ་4.6དང་ལྡབ་2.2སོ་སོར་འཕར་ཡོད།

        ཐོན་ལས་གཉིས་པའི་གཙོ་གནད་ལ་དམ་འཛིན་བྱས་ནས་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་བྱུང་བ། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་མ་ལག་ཅིག་རགས་ཙམ་ཆགས་ནས་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་དེ་ལས་ཞུགས་སྣེ་ཁྲིད་བྱེད་པ་དང་། འབབ་འཕར་ལ་སྐུལ་འདེད་གཏོང་བ། ནོར་ཁུངས་དང་ཁྲལ་འཇལ་རྟེན་གཞི་ཞིག་གསོ་སྤེལ་བྱེད་པ། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྣེ་ཁྲིད་བྱེད་པ་བཅས་ཀྱི་ཚད་བརྒལ་བྱེད་ས་ཞིག་ཏུ་གྱུར་ཡོད། 2010ལོར་ལྗོངས་ཡོངས་ཀྱི་ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་163.92ལོན་ཡོད། གཏེར་ལས་འཕེལ་རྒྱས་ལ་གཞི་ཁྱོན་རགས་ཙམ་ལྡན་ནས་གཡུ་ལུང་ཟངས་གཏེར་དང་། ཆུ་ལུང་ཟངས་གཏེར། གྲབ་ཡེར་ཚྭ་ཆུ་བཅས་ཐོན་ཁུངས་གསར་སྤེལ་སོགས་ཀྱི་ལས་གྲྭར་བདེ་བླག་ངང་སྐུལ་མ་ཐེབས་པ་དང་སྙེ་མོ་ཟངས་གཏེར་དང་གྲབ་ཡེར་ཚྭ་ཆུའི་དུས་ཐེངས་གཉིས་པའི་ལས་གྲྭ་བསྐྲུན་འགོ་ཚུགས་ཡོད། བོད་སྨན་ཐོན་སྐྱེད་དེ་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལམ་བུར་རིམ་བཞིན་བསྐྱོད་ནས་2010ལོར་བོད་སྨན་གྱི་ཐོན་རྫས་རིན་ཐང་སྒོར་ཁྲི་དུང་ཕྱུར་6.58ལོན་ཡོད། གློག་ཤུགས་དང་ནུས་རྒྱུ་འཛུགས་སྐྲུན་ཐད་འཕེལ་རྒྱས་མགྱོགས་མྱུར་བྱུང་ནས་1951ལོར་བོད་ཞི་བས་བཅིངས་འགྲོལ་གཏོང་སྐབས་ལྗོངས་ཡོངས་ཀྱི་གློག་གཏོང་ནུས་པ་ཧ་ལམ་རྩ་བ་ནས་མེད། ལོ་ངོ་60ཡི་རིང་འབད་བརྩོན་བྱས་པ་བརྒྱུད་བོད་ཀྱི་གློག་ཤུགས་བཟོ་ལས་དེ་ཆུ་གློག་གཙོ་བོ་དང་ས་འོག་ཚ་ནུས། རླུང་ནུས། ཉི་ནུས་སོགས་ནུས་པ་སྣ་མང་ཕན་ཚུན་ཁ་གསབ་བྱེད་པའི་གནས་མང་ལ་ཁྱབ་རྒྱ་ཆེ་བའི་གློག་ཤུགས་མ་ལག་ཅིག་ཆགས་ནས་2010ལོའི་བར་ལྗོངས་ཡོངས་ཀྱི་གློག་དྲའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་ཤོང་ཚད་ཆན་ཝ་ཁྲི་97.4ཟིན་པ་དང་ལྗོངས་ཡོངས་ཀྱི་གློག་དྲས་ལོར་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་ཁྲི་24.16ཟིན་ཡོད། ནུས་རྒྱུ་གསར་པ་གསར་སྤེལ་བྱེད་པ་དང་བེད་སྤྱོད་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། ས་འོག་ཚ་ནུས་ཐོན་ཁུངས་གསར་སྤེལ་དང་ཞིབ་འཇུག་ཀྱི་གྲུབ་འབྲས་དེ་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་པ། འོད་ཤུགས་གློག་གཏོང་གི་སྒྲིག་སྦྱོར་བྱེད་ཚད་ཀྲའོ་ཝ་9ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་བཅས་རེད། དེང་རབས་ཅན་གྱི་འགྲིམ་འགྲུལ་མ་ལག་ཉིན་བཞིན་འཐུས་ཚང་དུ་སོང་ཡོད། བོད་ཪྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་གཞུང་ལམ་སྤྱི་ལེ་གཅིག་ཀྱང་མེད་པར་ཚང་མ་རྟ་དྲེལ་བསྐྱོད་སའི་སྦྲག་ལམ་དང་། འབྲེང་ཐག་དཔྱང་ཟམ། ཀོ་གྲུ་བཅས་བརྒྱུད་མིས་སྒལ་པར་འཁྱེར་བ་དང་ཕྱུག་རིགས་ཀྱིས་དབོར་དགོས་ཀྱི་ཡོད།

        ལོ་60ཡི་རིང་བོད་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་དེ་སྒོ་ཀུན་ནས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ལྷག་པར་དུ “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ་དང་ཉིང་ཁྲི་སྨན་གླིང་གནམ་ཐང་དང་། མངའ་རིས་དགུན་ས་གནམ་ཐང་། གཞིས་རྩེའི་ཞི་བདེ་གནམ་ཐང་བཅས་སུ་གཅིག་རྗེས་གཉིས་མཐུད་ངང་གནམ་གྲུ་ཤར་གཏོང་ཐུབ་ཡོད་པ་རེད། 2010ལོའི་ཟླ་བཅུ་གཉིས་པར་མེ་ཏོག་གཞུང་ལམ་གྱི་དགའ་ལུང་ལའི་ཕུག་ལམ་རྒྱལ་ཁའི་ངང་གཏལ་འབིགས་ཐུབ་པ་མ་ཟད་རྒྱལ་ཡོངས་ནང་གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་འབའ་ཞིག་ཡིན་པའི་ལོ་རྒྱུས་མཇུག་འགྲིལ་ཉེར་ཡོད། 2010ལོའི་བར་ལྗོངས་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་58249ཟིན་ནས “འཛམ་གླིང་གི་ཡང་རྩེར ”ལྕགས་ལམ་དང་། མཁའ་ལམ། གཞུང་ལམ། སྦུབས་ལམ་བཅས་བརྒྱུད་སྐྱེལ་འདྲེན་བྱ་རྒྱུ་གཞི་གཅིག་ཏུ་གྱུར་བའི་འགྲིམ་འགྲུལ་དྲ་བ་ཞིག་ཆགས་ཡོད་པ་རེད།

        ཐོན་ལས་གསུམ་པ་མགྱོགས་མྱུར་ངང་དར་ནས་འཕེལ་རྒྱས་ཆེན་པོ་བྱུང་བ། དེང་རབས་ཀྱི་ཟོག་འདྲེན་དང་། དེང་རབས་ཀྱི་ཡུལ་སྐོར་། བཟའ་འཐུང་ཞབས་ཞུ། རིག་གནས་རོལ་རྩེད། ཆ་འཕྲིན་ལག་རྩལ། དངུལ་རྩའི་འགན་བཅོལ་སོགས་བོད་ཪྙིང་པར་ཐོས་མྱོང་ཡང་མེད་པའི་ཐོན་ལས་ནི་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་སྟོབས་ཆེའི་བར་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཡོད། 2010ལོར་ཐོན་ལས་གསུམ་པའི་འཕར་མའི་རིན་ཐང་སྒོར་དུང་ཕྱུར་275.41ཟིན་ནས་འཛད་སྤྱོད་དང་མ་འཇོག་མཉམ་གཤིབ་མཉམ་སྐྱོད་ངང་དཔལ་འབྱོར་འཕར་སྣོན་ལ་སྣེ་ཁྲིད་བྱེད་པའི་རྣམ་པ་ཞིག་ཆགས་ཡོད། 2010ལོའི་བར་ལྗོངས་དེ་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར་180ལོན་པ་དེ་1978ལོའི་ལྡབ་78.47ཡིན་པ་དང་ལྗོངས་དེ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་ཨ་སྒོར་དུང་ཕྱུར་8.36ཟིན་པ་དེ་1978ལོའི་ལྡབ་49ཡིན། བོད་ཀྱི་ཡུལ་སྐོར་ལས་རིགས་དེ་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྐང་འཛིན་ཐོན་ལས་སུ་གྱུར་ཡོད། 2010ལོའི་བར་ལྗོངས་ཡོངས་སུ་ཡུལ་སྐོར་ཁེ་ལས་སྣ་ཚོགས་1351ཡོད་པ་དང་ལས་རིགས་ཡོངས་ལ་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་126.38ལས་བརྒལ་ཡོད། 2010ལོར་རིམ་རྩིས་བྱས་ན་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་685.14ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་71.44ཟིན་པ་དེས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་14.1%བཟུང་ཡོད། ཆ་འཕྲིན་ཅན་འཛུགས་སྐྱོང་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་2010ལོའི་བར་ལྗོངས་ཡོངས་སུ་ཁ་པར་ཁྱབ་གདལ་དུ་གཏོང་ཚད་70%དང་། སྒུལ་བདེའི་ཁ་པར་ཁྱབ་གདལ་དུ་གཏོང་ཚད་55% ཤང་གྲོང་དུ་འོད་འཁྲིད་ཚི་སྐུད་ཤར་གཏོང་ཐུབ་ཚད་90% དྲ་སྦྲེལ་དྲ་བའི་དྲ་ཆེན་སྤྱོད་མཁན་ཁྲི་10.4བཅས་ཟིན་པས་ལྗོངས་ཡོངས་སུ་ཁྱབ་པའི་དེང་རབས་ཀྱི་འཕྲིན་གཏོང་དྲ་བ་ཞིག་སྤྱིར་ན་ཆགས་ཡོད། བོད་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ནི་བསྟུད་མར་ལོ་བཅུའི་རིང་གྲངས་གཞི་གཉིས་ཀྱི་ཐོག་ནས་འཕར་རྒྱུ་རྒྱུན་འཁྱོངས་བྱུང་ནས་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེན་པོ་ལས་བརྒལ་ཡོད།

        (གསུམ )སྤྱི་ཚོགས་འཛུགས་སྐྱོང་སྒོ་ཀུན་ནས་བྱས་པ་དང་སྤྱི་ཚོགས་ཀྱི་རྣམ་པར་རྩ་བའི་འགྱུར་ལྡོག་བྱུང་བ།

        ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60རིང་ཏང་དང་སྲིད་གཞུང་གིས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གཞི་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ཏེ་གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། སྤྱི་ཚོགས་བྱ་གཞག་ལ་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་མ་བཏང་བར་བརྟེན་ལྗོངས་ཡོངས་ཀྱི་སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན་སོགས་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

        སློབ་གསོའི་བྱ་གཞག་སྔོན་དུ་འཕེལ་རྒྱས་བྱུང་བ། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60རིང་ཏང་དང་སྲིད་གཞུང་གིས་སློབ་གསོ་སྔོན་དུ་འཕེལ་རྒྱས་འགྲོ་རྒྱུར་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དེང་རབས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་སློབ་ཞུགས་གོང་གི་སློབ་གསོ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་གསོ། མཐོ་རིམ་སློབ་གསོ། དམིགས་བསལ་སློབ་གསོ། ལས་རིགས་སློབ་གསོ། དར་མའི་སློབ་གསོ་བཅས་ཚུད་པའི་ཅུང་འཐུས་ཚང་གི་དེང་རབས་མི་རིགས་སློབ་གསོའི་མ་ལག་རགས་ཙམ་བསྐྲུན་པ་རེད། རྨང་གཞིའི་སློབ་གསོའི་ཕན་འབྲས་མངོན་གསལ་དོད་པ་དང་ལྗོངས་ཡོངས་སུ་ད་ཆ་སློབ་ཆུང་872དང་། དམའ་རིམ་སློབ་འབྲིང་93 མཐོ་རིམ་སློབ་འབྲིང་20 ཆ་ཚང་སློབ་འབྲིང་9བཅས་དང་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཁྲི་55ལྷག་ཡོད་པ་དང་། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་དང་། དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་ཞུགས་ཚད། མཐོ་རིམ་སློབ་འབྲིང་དུ་སློབ་གྲྭར་ཞུགས་ཚད་བཅས་99.2﹪དང་། 98.2﹪ 60.1﹪སོ་སོར་ཟིན་ཡོད་པ་རེད། འབྲིང་རིམ་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་དང་ད་ཆ་འབྲིང་རིམ་ལས་རིགས་སློབ་གྲྭ་6དང་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཁྲི་2.26ཡོད་ཅིང་། མཐོ་རིམ་སློབ་གསོ་འཕེལ་རྒྱས་བརྟན་པོ་ཕྱིན་ནས་མིག་སྔར་སྤྱིར་བཏང་མཐོ་རིམ་སློབ་གྲྭ་6དང་། རབ་འབྱམས་སློབ་གནས་སྤྲོད་དབང་ཡོད་པའི་གནས་18ཡོད་པ་དང་བོད་ལྗོངས་སློབ་ཆེན་དེ་ཉིད་རྒྱལ་ཁབ “211འདུ་འགོད ”ཀྱི་འཛུགས་སྐྲུན་སློབ་ཆེན་གཙོ་གནད་ཀྱི་གྲས་སུ་ཚུད་པ་དང་སྤྱིར་བཏང་དངོས་ཚན་ཆེད་ཚན་སློབ་གསོ་དང་། ཞིབ་འཇུག་སློབ་མའི་སློབ་གསོ། རྒྱལ་ཕྱིའི་སློབ་གཉེར་སློབ་མའི་སློབ་གསོ་སོགས་རྣམ་པ་མང་པོ་ཚུད་པའི་སློབ་གཉེར་བྱེད་སྟངས་ཤིག་ཆགས་པ་རེད། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དང་སློབ་ཆེན་སློབ་མའི་བསམ་བློ་ཆབ་སྲིད་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་30ལྷག་དང་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་བྱེད་སྒོ་ལྟེ་གནས་18བསྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་བྱེད་སྒོ་ལྟེ་གནས་56སྐྲུན་བཞིན་ཡོད་པ་རེད།

        ཚན་རྩལ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་བ། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60རིང་ལྗོངས་ཡོངས་སུ་རྒྱལ་ཁབ་ལ་དབང་བའི་ཚན་ཞིབ་སྒྲིག་གཞི་སྣ་ཚོགས་ཁྱོན་33དང་། དམངས་གཉེར་ཚན་ཞིབ་སྒྲིག་གཞི་10 རང་སྐྱོང་ལྗོངས་དང་། ས་ཁུལ (གྲོང་ཁྱེར )རྫོང་བཅས་རིམ་གསུམ་ཞིང་འབྲོག་ལས་ཀྱི་ཚན་ཞིབ་དང་ཁྱབ་གདལ་སྒྲིག་གཞི་184 རང་སྐྱོང་ལྗོངས་ཀྱི་ཚོད་ལྟ་ཁང་གཙོ་གནད (ལས་གྲྭ་ལག་རྩལ་ལྟེ་གནས )13 མཐོ་གསར་ལག་རྩལ་གྱི་ཁེ་ལས་དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་66བཅས་བསྐྲུན་པ་རེད། ལྗོངས་ཡོངས་སུ་ཆེད་ལས་སྣ་ཚོགས་ཀྱི་ལག་རྩལ་མི་སྣ་ཁྲི་5.21ཡོད་པའི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་76.3﹪ཟིན་པ་རེད། ཚན་ཞིབ་ལས་སྒྲུབ་མི་སྣ་1251ཡོད་པ་དང་ཚན་རིག་མཁས་ཅན་དང་བཟོ་བཀོད་པ (དངོས་ཚན་ཡན་གྱི་སློབ་རྒྱུས་དང་གོ་མིང་འབྲིང་མཐོ )410ཡོད། ཚན་རྩལ་གྱི་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་ས་མཐོའི་ཁྱད་ལྡན་གྱི་ཚན་རྩལ་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་རེད། 2010ལོའི་བར་ཚན་རྩལ་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད་33﹪ལོན་པ་དང་ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་ཚད་40%ཟིན་ནས་ཚན་རིག་ཁྱབ་གདལ་བྱུང་ཚད་80﹪ལོན་ཡོད་པ་རེད།

        སྨན་བཅོས་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་བྱུང་བ། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60རིང་བོད་ཀྱི་འཕྲོད་བསྟེན་བྱ་གཞག་ཆུང་བ་ནས་ཆེ་བ་དང་རྗེས་ལུས་ནས་དེང་རབས་བར་གྱི་འགྱུར་ལྡོག་དང་འཕེལ་རྒྱས་བྱུང་བ་རེད། མིག་སྔར་ལྗོངས་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལ་སྒོ་ཀུན་ནས་ལེགས་བཅོས་བྱུང་བ་དང་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་སྨན་བཅོས་མ་ལག་འཛུགས་སྐྱོང་སྤྱིར་ན་ལེགས་གྲུབ་བྱུང་ཞིང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད་པ་རེད། 2010ལོའི་བར་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1352ཟིན་པ་དང་། ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་81ཟིན་པ། ཆེད་ལས་འཕྲོད་བསྟེན་མི་སྣ་12269ཡོད་པ། ཆ་སྙོམས་མི་སྟོང་རེར་སྨན་ཁང་གི་ཉལ་ཁྲི (ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཚུད )3.02ཡོད་པ་བཅས་རེད། མིའི་ཆ་སྙོམས་ཀྱི་ཚེ་ཚད་དེ་1951ལོའི་ལོ་35.5ནས་ད་ཆའི་ལོ་67བར་རིང་དུ་སོང་བ་དང་། འགོ་ནད་འབྱུང་ཚད་དང་འཆི་ཚད་དེ་ཁྲི་བཅུ་ཆའི་336.73དང་ཁྲི་བཅུ་ཆའི་1.03བར་ཆག་ཅིང་། ཏང་དང་སྲིད་གཞུང་གིས་བོད་ལུགས་གསོ་རིག་བྱ་གཞག་གི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་སྐུལ་མ་ཤུགས་ཆེན་བཏང་ཞིང་། མིག་སྔར་ལྗོངས་ཡོངས་སུ་སྨན་རྩིས་ཁང་28ཡོད་པ་དང་ས་ཁུལ (གྲོང་ཁྱེར )རིམ་པ་ཡན་གྱི་བོད་ལུགས་གསོ་རིག་སྨན་བཅོས་ཀྱི་ནད་ཁྲི་3650ཡོད་ཅིང་། སྨན་རྩིས་ཁང་བསྐྲུན་མེད་པའི་རྫོང་ཚང་མར་རྫོང་སྨན་ཁང་དུ་བོད་ཀྱི་གསོ་རིག་ཚན་པ་བཙུགས་པ་དང་བོད་ཀྱི་གསོ་རིག་གི་ལས་དོན་སྒྲུབ་མཁན་ལག་རྩལ་མི་སྣ་1536ཟིན་པ་རེད།

        གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་ཡར་ངོའི་ཟླ་ལྟར་གོང་འཕེལ་བྱུང་ཞིང་། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 སོང་རིང་བོད་དུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྤོ་འགོ་ཚུགས་པ་མ་ཟད། རིམ་གྱིས་གོང་འཕེལ་སོང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་སྲོལ་རྒྱུན་དང་དེང་རབས་ཟུང་དུ་སྦྲེལ་བའི་གྲོང་ཁྱེར་གསར་པ་མང་དག་ཅིག་ས་མཐོའི་ས་གཞི་ཡོངས་སུ་འགྱིངས་ངེར་གནས་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་ལྟེ་བ་བྱེད་པ་དང་། ས་ཁུལ་ཁག་གནས་ཡུལ་གྱིས་ལྟེ་བ་བྱེད་པ། གྲོང་རྡལ་གཙོ་བོ་དང་མཐའ་མཚམས་འགག་སྒོའི་གྲོང་རྡལ་གྱིས་འདེགས་སྐྱོར་བྱེད་པ་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རིམ་གསུམ་མ་ལག་ཅིག་སྤྱིར་ན་གྲུབ་ཡོད་ཅིང་། གྲོང་ཁྱེར་1དང་། ས་ཁུལ་6 སྒྲིག་གཞི་ཚང་བའི་གྲོང་རྡལ་140 བཅས་ཡོད་ཁར་ཁུལ་བསྐྲུན་པའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་200 དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་25%ཟིན་པ་དང་སྦྲགས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞུང་ལམ་གྱི་སྒྲོམ་གཞི་སྤྱིར་ན་གྲུབ་པ་དང་རྨང་གཞིའི་སྒྲིག་ཆས་སྤྱིར་ན་འཛོམས་ཡོད་པ་རེད།

        སྣོད་བཅུད་འཛུགས་སྐྱོང་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60སོང་རིང་ཀྲུང་དབྱང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་འཛུགས་སྐྱོང་གི་ལས་དོན་ལ་མཐོང་ཆེན་བྱས་ཏེ “ལོ་ལྔ་ཚན་བཅུ་གཅིག་པ ”ཁོ་ནར་མ་དངུལ་སྒོར་དུང་ཕྱུར་106བཏང་ཡོད་། 2009 ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས 《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྱོང་གི་འཆར་འགོད 》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་155བཏང་སྟེ་2030ལོར་བོད་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་སྤྱིར་ན་བསྐྲུན་རྩིས་ཡོད། རང་སྐྱོང་ལྗོངས་ཀྱིས་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་10ལྷག་ཙམ་སྔ་རྟིང་དུ་བཟོས་པ་དང་། མིག་སྔར་ལྗོངས་དེ་ཡོངས་སུ་རིམ་ཁག་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47 ཡོད་པ་དེས་ལྗོངས་དེ་ཡོངས་ཀྱི་སྤྱིའི་གཞི་ཁྱོན་གྱི་34.47% བཟུང་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གསར་སྤེལ་འཛུགས་སྐྲུན་གྱི་འཆར་འགོད་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བར་དཔྱད་དཔོག་ལམ་ལུགས་སྒོ་ཀུན་ནས་ལག་ལེན་བསྟར་བ་དང་ལྗོངས་དེ་ཡོངས་སུ་འཛུགས་སྐྲུན་རྣམ་གྲངས་ཆེ་འབྲིང་གི་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བར་དཔྱད་དཔོག་བྱེད་ཚད་100%ཟིན་ཡོད། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་གསོ། ཕྱུགས་བཀག་རྩྭ་གསོ། ཤིང་འཛུགས་ནགས་གསོ། ནགས་ཚལ་སྣོད་བཅུད་ཀྱི་ཕན་པ་ཁ་གསབ་སོགས་སྣོད་བཅུད་སྲུང་སྐྱོང་གི་འདུ་འགོད་འབོར་ཆེན་གཅིག་མཇུག་གཉིས་མཐུད་ངང་ལག་ལེན་བསྟར་ཡོད། མིག་སྔར་ལྗོངས་ཡོངས་སུ་ནགས་ཚལ་ཁྱབ་ཚད་11.91%ཟིན་པ་དང་ཤིང་རྒྱ་དཔངས་གྲུ་བཞི་མའི་གསོག་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་འདམ་ར་ཁག་གི་གཞི་ཁྱོན་ཀུང་ཆིང་ཁྲི་600ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཁར་མ་ཕམ་གཡུ་མཚོ་དང་སྨི་ཏི་ཁ་འདམ་ར་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་ཐོའི་ནང་བཅུག་ཡོད། བོད་འདི་ཉིད་འཛམ་གླིང་ཐོག་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་སྔོན་ཆད་དང་ད་ཆ་ཡིན་ལ་འབྱུང་འགྱུར་དེ་བས་ཀྱང་ཡིན།

        (བཞི )སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ།

        ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དེས་བོད་ཀྱི་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་ཚོད་འཛིན་བཟོ་གི་ཡོད་སྟབས་བོད་ཀྱི་རིག་གནས་དེ་ཉིན་བཞིན་ཉམས་དམས་སུ་སོང་ཡོད། ཞི་བས་བཅིངས་འགྲོལ་བཏང་བ་དེས་བོད་ཀྱི་རིག་གནས་ལེགས་སྐྱོང་དང་གོང་འཕེལ་གཏོང་བར་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པ་ཞིག་བཏོད་ཡོད། ལོ་60རིང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དེ་བོད་དུ་དར་ཁྱབ་ཆེན་པོ་བྱུང་བ་དང་། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ནུས་ལྡན་དང་དར་སྤེལ་གང་ལེགས་བྱུང་བ། དེང་རབས་ཀྱི་རིག་གནས་བྱ་གཞག་གོང་འཕེལ་ཆེན་པོ་བྱུང་བ། རིག་གནས་ཐོན་ལས་ལ་བརྟན་པོའི་ངང་སྐུལ་མ་ཐེབས་པ་བཅས་བོད་ཀྱི་རིག་གནས་གོང་འཕེལ་འགྲོ་རྒྱུར་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་ཐོན་ཡོད།

        མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ནུས་ལྡན་དང་དར་སྤེལ་ཤུགས་ཆེན་བྱུང་ནས་རྣམ་པ་གསར་པ་ཐོན་ཡོད། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60སོང་རིང་བོད་ཀྱི་རིག་གནས་ཤུག་བཞག་མྱུར་སྐྱོབ་དང་སྲུང་སྐྱོང་བྱ་རྒྱུར་ཏང་དང་སྲིད་གཞུང་གིས་མཐོང་ཆེན་བྱས་ཏེ་མ་དངུལ་འབོར་ཆེན་བཏང་ནས་རིག་དངོས་མང་པོ་ཞིག་གསོ་བྱས་ཡོད། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་ནས་བཟུང་ཀྲུང་དབྱང་ནོར་སྲིད་དང་བོད་ས་གནས་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་བཏང་སྟེ་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག ར་ས་འཕྲུལ་སྣང་གཙུག་ལག་ཁང་། བཀྲས་ལྷུན་དགོན་པ་སོགས་རིག་དངོས་ཚན་པ་གལ་ཆེན་60ལྷག་ཙམ་ཞིག་གསོ་དང་སྲུང་སྐྱོབ་བྱས་ཤིང་། 2010 ལོ་བར་ལྗོངས་ཡོངས་ཀྱིས་ཐོ་འགོད་ཞིབ་བཤེར་བྱས་པའི་རིག་དངོས་ཁག་4277ཡོད་པ་དང་རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པ་743ཡོད་པའི་ནང་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པ་གལ་ཆེན་35 དང་། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་224 རྒྱལ་ཁབ་ཀྱི་རིག་གནས་ཤུལ་བཞག་གི་གྲགས་ཅན་གྲོང་ཁྱེར་3བཅས་ཚུད་ཡོད་ཁར་ཕོ་བྲང་པོ་ཏ་ལ་འཛམ་གླིང་རིག་གནས་ཤུག་བཞག་གི་མིང་ཐོའི་ནང་བཅུག་པ་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་ནོར་བུ་གླིང་ག་དེའི་རྒྱ་བསྐྱེད་ཀྱི་རྣམ་གྲངས་ནང་བཅུག་ཡོད། མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་དང་སྲུང་སྐྱོང་ལས་དོན་ཁྱོན་ཡོངས་ནས་བསྒྲུབས་ཏེ 《ཀྲུང་གོའི་ཟློས་གར་བྱུང་རབས་ཏེ། བོད་ཀྱི་པོ་ཏི 》སོགས་རིག་རྩལ་ཕྱོགས་བསྒྲིགས་ཀྱི་བྱུང་རབས་ཆེ་གྲས་བཅུ་སྔ་རྟིང་དུ་དཔར་དུ་བསྐྲུན་པ་དང་། བོད་ཡིག་གནའ་གཞུང་ངོ་གྲངས་261 མྱུར་སྐྱོབ་དང་ལེགས་སྒྲིག་བྱས་ནས་དཔར་དུ་བསྐྲུན་པ། སྟོངས་ཉེར་ཡོད་པའི་མི་རིགས་ཀྱི་དམངས་ཁྲོད་རིག་གནས་མང་པོ་ཞིག་མྱུར་སྐྱོབ་དང་སྲུང་སྐྱོབ་ནུས་ལྡན་ཐུབ་པ་བཅས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། གླིང་གེ་སར་གྱི་གཞས་མ་གཏམ་དང་ལྷ་མོ་དེ་གཉིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་ནང་བཅུག་པ་དང་ལྗོངས་ཡོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུག་བཞག་གི་མཚོན་བྱེད་76དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མཚོན་བྱེད་ཀྱི་རྒྱུན་འཛིན་པ་53 རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུག་བཞག་སྲུང་སྐྱོང་གི་རྣམ་གྲངས་222 རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མཚོན་བྱེད་ཀྱི་རྒྱུན་འཛིན་པ་227བཅས་ཡོད།

        རིག་གནས་བྱ་གཞག་ཁྱོན་ཡོངས་ནས་གོང་འཕེལ་ཕྱིན་པ་དང་རིག་གནས་ཐོན་ལས་སྟོབས་ཆེར་སོང་བ། རླུང་འཕྲིན་དང་། བཪྙན་འཕྲིན། གསར་འགྱུར་དཔེ་སྐྲུན་སོགས་རིག་གནས་བྱ་གཞག་མེད་པ་ནས་ཡོད་པའི་བར་གོང་འཕེལ་ཆེན་པོ་བྱུང་ཡོད། 1956ལོར 《བོད་ལྗོངས་ཉིན་རེའི་ཚགས་པར 》དངོས་སུ་བཏོན་པ་དང་། 1959ལོར་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དངོས་སུ་བཙུགས་པ། 1985ལོར་བོད་ལྗོངས་བཪྙན་འཕྲིན་ལས་ཁུངས་དངོས་སུ་བཙུགས་པ་བཅས་རེད། མིག་སྔར་ལྗོངས་ཡོངས་སུ་ཞིང་ཆེན་རིམ་པའི་རླུང་འཕྲིན་དང་བཪྙན་འཕྲིན་ལས་ཁུངས་1(འགུལ་ཚད་4)དང་། ཞིང་ཆེན་རིམ་པའི་བཪྙན་འཕྲིན་ལས་ཁུངས་1(འཕྲིན་ལམ་3)ཡོད་པ། ས་ཁུལ་རིམ་པའི་རླུང་འཕྲིན་དང་བཪྙན་འཕྲིན་ལས་ཁུངས་4(དེའི་ནང་རླུང་འཕྲིན་གྱི་འགུལ་ཚད་4དང་བཪྙན་འཕྲིན་གྱི་འཕྲིན་ལམ་4)ཡོད་པ། ས་ཁུལ་རིམ་པའི་བཪྙན་འཕྲིན་ལས་ཁུངས་3ཡོད་པ་བཅས་དང་རླུང་འཕྲིན་དང་བཪྙན་འཕྲིན་མི་འབོར་ལ་ཕྱོགས་བསྡུས་ཁྱབ་ཚད་1978ལོའི་18%དང་2%ཡིན་པ་ནས་2010ལོའི་89.20%དང་90.36%བར་འཕར་བ་རེད། ལྗོངས་ཡོངས་སུ་ད་ཆ་གཞུང་ཁོངས་དང་། མཉམ་སྡེབ། དམངས་གཉེར་བཅས་ཀྱི་དཔེ་དེབ་ཁང་འགྲེམས་སྤེལ་ཚན་པ་245ཡོད་པ་དང་དཔེ་དེབ་རིགས་ཁྲི་30ལྷག་ཙམ་འགྲེམས་སྤེལ་བྱས་པར་དེབ་ཁྲི་600ལྷག་ཙམ་ཡོད་པ་དང་ཚགས་པར་རིགས་23དང་དུས་དེབ་རིགས་35ཡོངས་བསྒྲགས་འགྲེམས་སྤེལ་བྱས་པ་རེད། གློག་བཪྙན་སྟོན་མཁན་ལས་ཁུངས་564ཡོད། རིག་གནས་ཐོན་ལས་རིམ་གྱིས་འཕེལ་རྒྱས་ཕྱིན་པ་དང་ལྗོངས་ཡོངས་སུ་རིག་གནས་སྡེ་ཚན་གྱིས་དོ་དམ་བྱས་པའི་རིག་གནས་གཉེར་སྐྱོང་བྱ་ཡུལ་2000ཙམ་ཡོད་པར་ལས་གཉེར་མི་སྣ་ཁྲི་1ལས་བརྒལ་ཡོད་པ་དང་རིགས་20ཙམ་ཡོད་ཅིང་། ད་ཆ་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་མཚོན་རྟེན་གཞི་2དང་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་ཀྱི་དཔེ་མཚོན་རྟེན་གཞི་8ཡོད།

        སྒྱུ་རྩལ་གསར་གཏོད་ནང་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་དང་། རིག་གནས་སྤེལ་རེས་རྒྱ་ཁྱབ་ངང་བྱས་པ། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་ཚུན་དུ་མི་རིགས་ཁག་གི་སྒྱུ་རྩལ་ལས་དོན་པས་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་སྒྱུ་རྩལ་ལ་རྣམ་པ་དང་ནང་དོན་གསར་པ་བསྣན་ཡོད་པ་དང་གླུ་གཞས 《པེ་ཅིང་གསེར་གྱི་རི་ལ 》ཞེས་པ་དང་། རོལ་དབྱངས་ཞབས་བྲོའི་ལོ་རྒྱུས་མཚོན་པའི་སྙན་ངག 《ཡར་ལངས་ཞིང་བྲན་གྱིས་ཉི་མར་ཕྱོགས 》ཞེས་པ། གློག་བཪྙན 《ཞིང་བྲན 》ཞེས་པ་སོགས་ཁྱད་ཆོས་མངོན་གསལ་དོད་པ་རྣམས་ད་བར་དར་ཁྱབ་བྱེད་པ་བཅས་ཀྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་འབོར་ཆེན་བཏོན་ཡོད་པ་རེད། ཉེ་བའི་ལོ་ཤས་ནང་རིམ་ཁག་ཆེད་ལས་རིག་རྩལ་སྡེ་ཚན་གྱིས་སྒྱུ་རྩལ་གསར་གཏོད་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་པེ་ཅིང་གི་ཁྲང་ཞི་དང་བོད་ཀྱི་ལྷ་མོ་གཅིག་སྡུད་ཀྱི་《འུན་ཤིང་ཀོང་ཇོ 》ཞེས་པ་དང་། གླུ་གར་མཚན་ཚོགས 《ཚོན་མདངས་རྣམ་པར་བཀྲ་བའི་ཁ་བཏགས 》ཅེས་པ་དང་《ཡིད་དབང་འཕྲོག་བའི་བོད་ལྗོངས 》མང་ཚོགས་རང་བཞིན་གྱི་གླུ་གར་མཚན་ཚོགས 《གཞི་མཐུན་ལ་བསྟོད 》 གཏམ་བརྗོད་ཟློས་གར 《རི་རྩེ་བར་བརྒལ་བྱེད 》ཅེས་པ་དང 《བཀྲ་ཤིས་སྒང 》ཞེས་པ། གསར་རྩོམ་བྱས་པའི་ལྷ་མོ 《རྡོ་གཞོང་གི་དཔྱིད་ཀ 》སོགས་ཏང་ལ་བསྟོད་གླུ་འབུལ་བ་དང་། མེས་རྒྱལ་ལ་བསྟོད་གླུ་འབུལ་བ། བོད་གསར་ལ་བསྟོད་གླུ་འབུལ་བ་བཅས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་གསར་པ་མཚོན་པར་བྱེད་པའི་གར་སྟེགས་སྒྱུ་རྩལ (ཟློས་གར )ལེ་ཚན་བཅས་འབོར་ཆེན་གསར་རྩོམ་འཁྲབ་སྟོན་བྱས་པ་རེད། “རིག་གནས་ཕྱི་ཕྱོགས་སུ་སྤེལ་བའི ”འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཐོག་ཕྱི་ཕྱོགས་དང་རིག་གནས་སྤེལ་རེས་བྱེད་པའི་གཞི་ཁྱོན་ཆེ་རུ་དང་། ཁྱབ་ཁྱོན་ཆེ་རུ། གཏིང་ཟབ་པ། ཐེངས་གྲངས་བཅས་རྒྱུན་ཆད་མེད་པར་མང་དུ་བཏང་བ་རེད། ཚོགས་པ (ཚོགས་ཆུང )360ལྷག་ཙམ་དང་མི་ཐེངས་4000ལྷག་ཙམ་སྔ་རྗེས་སུ་རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་ལ་བཏང་བ་དང་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་གྱི་རིགས་གཅིག་མཁས་ཅན་རང་ལྗོངས་སུ་འཁྲབ་སྟོན་བྱེད་པ་དང་། གཞུང་ལུགས་འཆད་ཁྲིད་བྱེད་པ། འགྲེམས་སྟོན་བྱེད་པ་བཅས་བྱས་ཏེ་བོད་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཐབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད།

        ས་མཐོའི་ཁྱད་ཆོས་ལྡན་པའི་ལུས་རྩལ་བྱ་གཞག་ལེགས་ལ་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སོང་བ། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60སོང་རིང་རང་སྐྱོང་ལྗོངས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་དང་དེང་རབས་ལུས་རྩལ་ཟུང་འབྲེལ་དང་ལུས་རྩལ་ཁྱབ་གདལ་དང་སྤུས་ལེགས་སུ་གཏོང་རྒྱུ་ཕན་ཚུན་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་ལུས་རྩལ་དང་། རྩལ་འགྲན་ལུས་རྩལ། རི་འཛེགས་ལུས་རྩལ། ལུས་རྩལ་ཐོན་ལས་བཅས་གཙོ་གནད་དུ་བྱས་ནས་ལུས་རྩལ་གྱི་བྱ་གཞག་ཁག་སྒོ་ཀུན་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། རྩལ་འགྲན་ལུས་རྩལ་ཐད་རྒྱལ་ཁའི་གཏམ་བཟང་ཡང་ཡང་ཁྱབ་པ་སྟེ། རང་ལྗོངས་ཀྱི་ལུས་རྩལ་པར་རྒྱལ་ཕྱི་རྒྱལ་ནང་གི་ལུས་རྩལ་འགྲན་བསྡུར་ནང་གཟེངས་བསྟོད་རྟགས་མ་220ཐོབ་པ་དང་། མི་12རྒྱལ་ཁབ་རིམ་པའི་ཕུལ་བྱུང་ལུས་རྩལ་པ་གྱུར་པ། མི་9རྒྱལ་ཁབ་རིམ་པའི་ཤན་འབྱེད་པར་གྱུར་བ་བཅས་རེད། རི་འཛེགས་ལུས་རྩལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་སྟེ། རང་ལྗོངས་ཀྱི་རི་འཛེགས་ལུས་རྩལ་པ་23རྒྱལ་སྤྱིའི་རིམ་པའི་རི་འཛེགས་ཀྱི་ཕུལ་བྱུང་ལུས་རྩལ་པར་གྱུར་པ་དང་མི་13རྒྱལ་ཁབ་རིམ་པའི་རི་འཛེགས་ཀྱི་ཕུལ་བྱུང་ལུས་རྩལ་པར་གྱུར་པ་རེད། རང་སྐྱོང་ལྗོངས་རི་འཛེགས་མྱུལ་དཔྱད་རུ་ཁག་གིས་ལོ་14རིང་འབད་འབུངས་བྱས་པ་བརྒྱུད་2007ལོར་ཐུན་མོང་ཐོག་འཛམ་གླིང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་8000ཡན་གྱི་རི་བོ་14ཡི་རི་རྩེར་འཛེགས་པའི་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་པ་དང་2008ལོར་པེ་ཅིང་ཨའོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་རིར་བརྒྱུད་སྐྱེལ་གྱི་ལས་འགན་རྒྱལ་ཁའི་ངང་ལེགས་སྒྲུབ་བྱས་པ་རེད། ལུས་རྩལ་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་སོང་ཡོད་པ་སྟེ། བོད་ཀྱི་རི་འཛེགས་འགྲན་ཚོགས་ཆེ་མོ་སྐབས་9དང་། ལྷ་ས་རྒྱལ་སྤྱིའི་ལམ་ཕྱེད་མ་ལ་སུང་འགྲན་སློང་འགྲན་བསྡུར་སྐབས་5ལྷ་ས་ནས་ཀ་ཏ་མན་ཏུ་བར་གྱི་རླངས་འཁོར་བསྡུ་རུབ་འགྲན་བསྡུར་སྐབས་2བཅས་འཚོགས་པས་བོད་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་སྤུས་རྟགས་ཤིག་རིམ་བཞིན་ཆགས་ཡོད།

        གསུམ། བདེ་སྐྱིད་ཀྱི་འཚོ་བ།

        (གཅིག ) ཆབ་སྲིད་དབང་ཆ།

        བོད་ཪྙིང་པར་བོད་ཀྱི་མི་འབོར་གྱི་95%ཡན་བཟུང་བའི་ཞིང་བྲན་དང་བྲན་གཡོག་ལ་ཆབ་སྲིད་ཀྱི་དབང་ཆ་རྩ་བ་ནས་མེད་ཅིང་། སྦྲ་ཆེན་རྫོང་བེན་ཐ་ཤང་གྲོང་ཚོ་གསུམ་པའི་ལོ་77ལ་སླེབས་པའི་བགྲེས་སོང་བཀྲ་རྒྱལ་གྱིས་བོད་ཪྙིང་པའི་སྐོར་གླེང་སྐབས “བོད་ཪྙིང་པར་མངའ་བདག་ཆེན་པོ་གསུམ་ནི་རི་བོ་ཆེན་པོ་གསུམ་དང་འདྲ་བར་ང་ཚོ་མནན་པ་དང་ལམ་ལུགས་ནི་ཁོང་ཚོའི་ཆེད་དུ་བཟོས་པ་ཞིག་ལས་ང་ཚོའི་ཆེད་དུ་བསམ་བློ་བཏང་མྱོང་མེད་ལ་ང་ཚོས་ཉིན་ལྟར་དཀའ་ལས་བརྒྱབ་སྟེ་ཁོང་ཚོར་རྒྱུ་ནོར་གསོག་ཐབས་བྱེད་དགོས་མ་ཟད། རྩྭ་ཐང་ཐོག་ཡོད་པ་ཚང་མ་ཁོང་ཚོར་དབང་བའི་ཁར་རང་ཉིད་ཀྱིས་སྐྱེལ་འདོད་ཡོད་པའི་འཚོ་བ་སྐྱེལ་རྒྱུ་ལྟ་ཅི ”ཞེས་ཁོན་འཛིན་ཆེན་པོས་བཤད། ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བོད་ཪྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་གཏོར་ནས་རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་ཏེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་བ་དང་འབྲེལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་རྒྱལ་ཁབ་དང་ས་གནས་ཀྱི་ལས་དོན་ནང་ཞུགས་པ་དང་དོ་དམ་བྱེད་པའི་འདྲ་མཉམ་གྱི་ཆབ་སྲིད་དབང་ཆ་གང་ལེགས་སྤྱོད་རྒྱུ་ཡོད་ལ་རང་རྟོགས་ངང་ས་ཁུལ་དེ་རང་དང་མི་རིགས་དེ་རང་གི་ལས་དོན་ལ་དོ་དམ་བྱེད་པའི་དབང་ཆ་གང་ལེགས་སྤྱོད་རྒྱུ་ཡོད།

        འདེམས་བསྐོ་དང་བདམ་བྱའི་དབང་ཆ་གང་ལེགས་སྤྱོད་རྒྱུ་ཡོད་པ། རང་ལོ་ཧྲིལ་པོ་18ལ་སླེབས་པའི་སྤྱི་དམངས་ཡིན་ཕྱིན་ཕོ་མོ་དང་། ལས་རིགས། སྐྱེ་ཁུངས། ཆོས་དད། སློབ་གསོ་ཐེབས་ཚད། རྒྱུ་ནོར་གྱི་གནས་ཚུལ། སྡོད་གནས་དུས་བཀག་བཅས་ལ་མི་བལྟོས་པར་ཚང་མར་ཁྲིམས་ལྟར་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ཡོད། མི་རིགས་ཁག་གི་མི་དམངས་ཀྱིས་རྫོང (ཆུས )དང་ཤང་(གྲོང་རྡལ )གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཐད་ཀར་འདེམས་ཆོག་པ་དང་འཐུས་མི་དེ་ཚོའི་ནང་ནས་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནང་ཞུགས་མཁན་གྱི་འཐུས་མི་འདེམས་ཆོག མོན་པ་དང་ལྷོ་པ་སོགས་མི་འབོར་ཅུང་ཉུང་བའི་མི་རིགས་ལ་ཡང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་བོད་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ནང་རང་ཉིད་ཀྱི་འཐུས་མི་ཡོད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་མི་དམངས་འཐུས་ཚོགས་སྐབས་བརྗེའི་འདེམས་བསྐོའི་ནང་ཞུགས་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད། 2007ལོའི་ལྗོངས་ཡོངས་ཀྱི་རིམ་བཞིའི་མི་དམངས་འཐུས་ཚོགས་སྐབས་བརྗེའི་འདེམས་བསྐོའི་ཁྲོད་ལྗོངས་ཡོངས་ཀྱི་འདེམས་དམངས་ཐོ་འགོད་ཚད་98.6%ཟིན་པ་དང་། འདེམས་བསྐོའི་ནང་ཞུགས་ཚད་96.4%ཟིན་པའི་ཐོག་ས་ཆ་ཁ་ཤས་སུ་འདེམས་བསྐོའི་ནང་ཞུགས་ཚད་100%ཟིན་ཡོད། ཐད་ཀར་དང་གཞན་བརྒྱུད་ཀྱི་འདེམས་བསྐོ་བྱས་པ་བརྒྱུད་བདམས་ཐོན་བྱུང་བའི་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲི་3.4ལྷག་ཙམ་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱིས་94%ཡན་བཟུང་ཡོད།

        རང་རྟོགས་ངང་ས་ཁུལ་དེ་རང་དང་མི་རིགས་དེ་རང་གི་ལས་དོན་ལ་དོ་དམ་བྱེད་པའི་དབང་ཆ་གང་ལེགས་སྤྱོད་རྒྱུ་ཡོད་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བདམས་པའི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བདམས་ཐོན་བྱུང་བའི་རིམ་ཁག་དབང་ཆའི་ལས་ཁུངས་དང་སྲིད་གཞུང་ལས་ཁུངས་ལ་རང་རྟོགས་ངང་ས་ཁུལ་དེ་རང་དང་མི་རིགས་དེ་རང་གི་ལས་དོན་ལ་དོ་དམ་བྱེད་དབང་ཡོད། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བོད་ཀྱི་དོན་དངོས་དང་བསྟུན་ཏེ་ནན་ཏན་ངང་གྲོས་གཞི་དང་། གྲོས་འགོ སྐྱོན་བརྗོད་། བསམ་འཆར་བཅས་བཏོན་ནས་ཁྲིམས་འཛིན་ཞིབ་དཔྱད་དང་ཁྲིམས་འཛུགས་བརྟག་ཞིབ་ནང་ཧུར་ཐག་ཞུགས་པ་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ནན་ཏན་ངང་ལག་བསྟར་བྱས་ཏེ་རང་རྟོགས་ངང་ས་ཁུལ་དེ་རང་དང་མི་རིགས་དེ་རང་གི་ལས་དོན་དོ་དམ་བྱེད་པའི་དབང་ཆ་གང་ལེགས་སྤྱད་ཡོད། བོད་རང་སྐྱོང་ལྗོངས་དབུ་བཪྙེས་ཚུན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཡི་འགན་འཁུར་མཁན་ཚང་མ་བོད་རིགས་སྤྱི་དམངས་ཡིན། ལོ་60ཡི་རིང་བོད་ཀྱི་མི་རིགས་ལས་བྱེད་དཔུང་ཁག་རིམ་གྱིས་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་བོད་རིགས་ལས་བྱེད་པས་གཙོ་བོ་བྱས་པའི་ལས་བྱེད་དཔུང་ཁག་ཞིག་ཆགས་པ་དེ་སྤྱི་ཚོགས་རིང་ལུགས་བོད་གསར་འཛུགས་སྐྲུན་གྱི་གཙོ་ཤུགས་དམག་ཏུ་གྱུར་ཡོད། མིག་སྔར་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་ལས་བྱེད་པས་རང་སྐྱོང་ལྗོངས་དང་། ས་ཁུལ (གྲོང་ཁྱེར ) རྫོང་བཅས་རིམ་གསུམ་རྒྱལ་ཁབ་ལས་ཁུངས་ཀྱི་གྲུབ་ཆའི་མི་སྣའི་77.97%བཟུང་བ་དང་། ཤང་(གྲོང་རྡལ )682ཀྱི་ཏང་ཨུད་ཧྲུའུ་ཅི་དང་ཤང་(གྲོང་རྡལ )ཀྲང་གི་བསྡོམས་གྲངས་ཀྱི་84.65%བཟུང་བ། རིམ་གསུམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་པའི་བསྡོམས་གྲངས་ཀྱི་69.82%དང་82.25%བཟུང་བ་བཅས་རེད།

        བོད་ཀྱི་མི་རིགས་ཁག་གི་བུད་མེད་ལ་འདྲ་མཉམ་གྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཐོབ་ཐང་ཐོབ་པ། བོད་ཀྱི་མི་རིགས་ཁག་གི་བུད་མེད་ཀྱི་འདྲ་མཉམ་དབང་ཆར་སྲུང་སྐྱོང་བྱ་ཆེད་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ལྷན་གྱིས་བོད་ཀྱི་དོན་དངོས་དང་བསྟུན་ཏེ་སྔ་རྗེས་སུ 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བུད་མེད་ཁེ་དབང་འགན་སྲུང་བཅའ་ཁྲིམས 〉བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱེད་ཐབས 》སོགས་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་འབྲེལ་བ་ཡོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲོལ་ཡིག་10ལྷག་ཙམ་བཟོས་ནས་ཁ་གསལ་གྱི་བཅའ་ཁྲིམས་རྣམ་པའི་ཐོག་ནས་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་བུད་མེད་ལ་འདྲ་མཉམ་དབང་ཆ་སྤྱོད་རྒྱུར་འགན་ལེན་ཏན་ཏིག་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྲོད་ཀྱི་བུད་མེད་འཐུས་མིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསྡོམས་འབོར་གྱི་22%བཟུང་བ་དང་ལྗོངས་ཡོངས་ཀྱི་བུད་མེད་ལས་བྱེད་པས་ལས་བྱེད་པའི་བསྡོམས་འབོར་གྱི་41.44%བཟུང་བ་དང་འབྲེལ་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་བུད་མེད་ཁྲིམས་དཔོན་དང་། བུད་མེད་ཞིབ་དཔྱོད་དཔོན། བུད་མེད་ཉེན་རྟོག་དཔོན། བུད་མེད་ཁྲིམས་རྩོད་པ། བུད་མེད་ཁེ་ལས་མཁས་ཅན། བུད་མེད་ཚན་རྩལ་ལས་དོན་པ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་མཁན་མང་དག་ཅིག་ཐོན་ཡོད།

        (གཉིས )འཕེལ་རྒྱས་ཀྱི་དབང་ཆ།

        བོད་ཪྙིང་པར་ཐོན་སྐྱེད་རྒྱུ་ཆ་དང་ངལ་རྩོལ་གྱི་གྲུབ་འབྲས་ཧ་ལམ་ཆ་ཚང་བཟུང་མཁན་ཞིང་བྲན་བདག་པོས་བག་མེད་ལོངས་སྤྱོད་ཀྱི་འཚོ་བ་སྐྱེལ་གྱི་ཡོད། འོན་ཀྱང་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ཚོར་མ་མཐའི་འཚོ་གནས་ཀྱི་དབང་ཆ་ཡང་མེད་པར་ཟས་ཀྱིས་གྲོད་པ་མ་རྒྱགས་པ་དང་གོས་ཀྱིས་ལུས་པོ་མ་དྲོས་པའི་འཚོ་བ་སྐྱེལ་གྱི་ཡོད་ལ་ཆར་པ་མ་ཚོགས་པའི་ཁང་པའི་ནང་དུ་འཚོ་སྡོད་ཀྱང་བྱེད་ཀྱི་ཡོད། ཆབ་མདོ་རྫོང་ཁྲེང་ཀོན་གྲོང་རྡལ་སེང་གེ་གྲོང་ཚོའི་མང་ཚོགས་དཀྱུས་མ་དབང་རྒྱལ་གྱིས “ལོ་60ཡི་གོང་དུ་ང་ཚོ་སེང་གེ་གྲོང་ཚོར་ཁྲལ་པ་དུད་ཚང་9དང་མི་གྲངས་60ཡོད་པས་ལོ་ལྟར་ཁྲལ་འུ་ལག་དང་། ཟོག་ཁྲལ། དགོན་ཁྲལ་བཅས་དངུལ་ལ་ཕབ་ན་རྡཱ་ཡང་དྲུག་སྟོང་ལྷག་ཙམ་འཇལ་དགོས་ཀྱི་ཡོད། དུད་ཆུང་19ལ་ལོར་འབྲུ་རིགས་འབོ་3900ལས་ཐོན་གྱི་མེད་པའི་ནང་90%ལྷག་ཙམ་མངའ་བདག་གིས་བཤུ་གཞོག་གཏོང་གི་ཡོད། གཞན་ཡང་ཞིང་བྲན་དུད་ཚང་15ལ་བཤུ་གཞོག་དང་གཉའ་གནོན་ཕོག་པའི་རྐྱེན་གྱིས་ཡུལ་གྱར་ནས་གང་སར་ལྟོ་སློང་བར་འགྲོ་དགོས་བྱུང་། ངའི་ཁྱིམ་ལའང་ཁང་པ་དང་། ས་ཞིང་། ཕྱུགས་རིགས་བཅས་གང་ཡང་མེད། ཆུང་དུས་གོན་པའི་གྱོན་ཆས་ནི་ལྷན་རལ་གཡོག་གཡོག་ཡིན་པ་དང་། ལུས་པོར་ཤིག་གིས་ཁེངས་པ། རྟག་ཏུ་རྐང་རྗེན་མར་འགྲོ་དགོས་ཀྱི་ཡོད། འཚོ་གནས་ཀྱི་ཆེད་དུ་མངའ་བདག་མང་པོའི་སྦང་མ་ངས་ཟ་མྱོང་ཡོད། འོན་ཀྱང་ད་ཆ་སྦང་མ་ནི་བ་གླང་དང་ཕག་པའི་ལྟོ་ཆས་ཞིག་རེད། སྐབས་དེ་དུས་ཀྱི་ང་ཚོའི་འཚོ་བ་ནི་རྟ་ཟོག་སེམས་ཅན་ལས་ཀྱང་སྐྱོ་བ་ཡོད ”བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60སོང་ཚུན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་ཆབས་ཅིག་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་འབྱོར་ཕྱུག་གི་འཚོ་བ་ཞིག་སྐྱེལ་རྒྱུ་བྱུང་ནས་བོད་ཪྙིང་པར “བསམ་མ་ཕོད་པའི ”ཁྱོན་ཡོངས་ཀྱི་འཕེལ་རྒྱས་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་ཞེས་བཤད།

        མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ། ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་60ཡི་རིང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་དམངས་ཕན་དམངས་ཕྱུག་སྲིད་ཇུས་རབ་དང་རིམ་པ་བཟོས་ནས་བཏོན་ཏེ་ཐོན་སྐྱེད་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བས་མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་གཞི་རྩའི་འབྱོར་འབྲིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་རྒྱུ་བྱུང་ཡོད། ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་སྤྱིའི་རིན་ཐང་དེ་1959ལོའི་སྒོར་142ནས་2010ལོའི་སྒོར་17319བར་འཕར་བ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་4138.71ཟིན་པ་དེ་ལོ་བརྒྱད་བསྟུད་མར་གྲངས་གནས་གཉིས་ཡན་འཕར་རྒྱུ་རྒྱུན་འཁྱོངས་བྱུང་བ་དེ་ནི་བསྡོམས་རྩིས་བརྒྱབ་ནས་བཀོད་པའི་1978ལོའི་ལྡབ་23.6ཡིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14980ཟིན་པ། མི་རེས་ཆ་སྙོམས་བཟུང་བའི་འབྲུ་རིགས་དང་པད་ཁ་དེ་1959ལོའི་སྤྱི་རྒྱ་148.94དང་སྤྱི་རྒྱ་2.12ནས་2010ལོའི་སྤྱི་རྒྱ་314དང་སྤྱི་རྒྱ་20བར་འཕར་བ། མི་རེར་ཆ་སྙོམས་བཟུང་བའི་ཤ་དང་འོ་མ་སྤྱི་རྒྱ་87.64དང་སྤྱི་རྒྱ་100.76ཟིན་པ་དེ་ནི་1978ལོའི་ལྡབ་3.3དང་ལྡབ་1.9ཡིན་པ། རླངས་འཁོར་དང་། སྦག་སྦག་འཁོར་ལོ། བཪྙན་འཕྲིན་འཕྲུལ་ཆས། སྒྲ་བསྡུ་འཕྲུལ་ཆས། གོས་འཁྲུའི་འཕྲུལ་ཆས། པར་ཆས། སྒུལ་བདེའི་ཁ་པར་སོགས་དེང་རབས་འགྲིམ་འགྲུལ་ཡོ་བྱད་དང་། ཁྱིམ་སྤྱོད་གློག་ཆས། འཕྲིན་གཏོང་སྒྲིག་ཆས་བཅས་རྒྱ་ཆེའི་མང་ཚོགས་ཁྲོད་ཁྱབ་ཡོད་པ་རེད།

        ཞིང་འབྲོག་མང་ཚོགས་རྣམས་བདེ་སྡོད་ལས་བརྩོན་བྱུང་བ། ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་60ཡི་རིང་མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཏེ་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་དེ་ཞི་བའི་བཅིངས་འགྲོལ་བཏང་བའི་ཐོག་མའི་དུས་སུ་སྨི་ངོས་གྲུ 3ཡང་མ་ཟིན་པ་ནས་2009ལོར་སྨི་ངོས་གྲུ 33.83བར་འཕར་བ་དང་། ལྷག་པར་དུ་2006ལོ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྐྱ་སྤོས་འབྲོག་པ་གཏན་སྡོད་དང་། དབུལ་སྐྱོར་གནས་སྤོ། ཞིང་ཁང་སྒྱུར་བཀོད་བཅས་གཙོ་གནད་དུ་བྱས་པའི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པ་དང་འབྲེལ་དེ་ཚད་བརྒལ་སར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས་ཞིང་འབྲོག་ཁུལ་གྱི་གྲོང་མི་སྡོད་སའི་ཁོར་ཡུག་དང་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་སུ་ཕྱིན་པ། 2010ལོ་བར་ལྗོངས་ཡོངས་ཀྱི་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་170བཏང་ནས་དུད་ཚང་ཁྲི་27.48དང་ཞིང་འབྲོག་ཁུལ་གྱི་གྲོང་མི་ཁྲི་140ཡི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱས་པ། བདེ་སྡོད་ལས་གྲྭའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཞིང་། ཆུ་དང་། གློག ལམ། སོལ་རླངས། འཕྲིན་གཏོང་། རླུང་འཕྲིན་བཪྙན་འཕྲིན། སྦྲག་སྲིད། ཁོར་ཡུག་མཛེས་པོ་སྟེ (བརྒྱད་འཛོམས་ཞིང་དུད )ལས་གྲྭར་སྤྱི་ཡོངས་ནས་སྐུལ་འདེད་ཐེབས་ཏེ་ཞིང་འབྲོག་ཁུལ་གྱི་མི་གྲངས་ཁྲི་153གྱི་དྭངས་གཙང་འཐུང་ཆུའི་གནད་དོན་དང་ཤང་220ཡི་མི་གྲངས་ཁྲི་98.26གི་གློག་གི་གནད་དོན་ཐག་གཅོད་ཐུབ་པ་དང་། ཤང་དང་གྲོང་རྡལ་99.4%ལ་དྲ་ཆེན་ཤར་གཏོང་ཐུབ་པ། ཤང་དང་གྲོང་རྡལ་85.7%ལ་སྦྲག་སྲིད་ཤར་གཏོང་ཐུབ་པ། ཤང་དང་གྲོང་རྡལ་99.7%ལ་གཞུང་ལམ་ཤར་གཏོང་ཐུབ་པ། སྲིད་འཛིན་གྲོང་ཚོ་ཚང་མར་ཁ་པར་དང་། རླུང་འཕྲིན། བཪྙན་འཕྲིན་བཅས་གཞི་རྩའི་ཆ་ནས་ཤར་གཏོང་ཐུབ་པ། ཞིང་འབྲོག་པ་དུད་ཚང་ཁྲི་13.5ལ་དྭངས་གཙང་ནུས་རྒྱུ་སྤྱོད་རྒྱུ་བྱུང་ཡོད། ཞིང་པའི་དཔེ་དེབ་ཁང་དང་། ཕྱོགས་བསྡུས་རིག་གནས་ལུས་རྩལ་སྒྲིག་བཀོད། གྲོང་ཚོ་རིམ་པའི་རླུང་འཕྲིན་རིག་གནས་ཐོན་ཁུངས་ཆ་འཕྲིན་མཉམ་སྤྱོད། སྐོར་སྐྱོད་གློག་བཪྙན་ཞབས་ཞུ། གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་སྒྲིག་ཆས་ལེགས་གཏོང་། ཉི་འོད་ནུས་པའི་སྤྱི་པའི་གློག་སྒྲོན། གྲོང་ཚོའི་འགྲོ་ལམ་འཛུགས་སྐྲུན། གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་། གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་འདུ་འགོད། གྲོང་ཚོ་སྔོ་ལྗང་མཛེས་བཟོའི་འདུ་འགོད་སོགས་ལས་གྲྭ་10གཞིར་བཟུང་ལྗོངས་ཡོངས་སུ་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཚོད་ལྟའི་ལས་དོན་ཁྱོན་ཡོངས་ནས་སྤེལ་ཡོད་པ་རེད། ཞིང་འབྲོག་མང་ཚོགས་ཀྱིས་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུར་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ཕྱུག་འགྱུར་འབྱོར་འབྲིང་ལམ་དུ་བསྐྱོད་པའི་དཔེ་མཚོན་ནི་གྲངས་ལས་འདས་ཤིང་། བདེ་སྡོད་ལས་གྲྭ་དེ་ཞིང་འབྲོག་པ་ཕྱུག་འགྱུར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་འཁོར་ལོ་ལྟ་བུ་ཞིག་ཏུ་གྱུར་ཡོད། དམངས་སེམས་འདུ་འགོད་ཅིག་ཡིན་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱ་རྒྱུ་དེ་ཚད་བརྒལ་སར་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་པར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་སྙིང་དབུས་ནས་བརྩི་བཀུར་ཐོབ་པ་དེ་ལག་ལེན་གྱི་ཐོག་ནས་ར་འཕྲོད་གསལ་པོ་ཐུབ་ཀྱི་ཡོད།

        ལས་ཞུགས་ཐད་འགན་ལེན་ནུས་ལྡན་བྱུང་བ། ཏང་དང་སྲིད་གཞུང་གིས་ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་དེ་དམངས་འཚོ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཏུ་བརྩི་བ་དང་མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་འཕྲོ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་སོགས་ཀྱི་ཚོགས་སྤྱིའི་ལས་ཞུགས་ལས་དོན་དེ་གཙོ་གནད་དུ་བརྩིས་ནས་བྱ་ཐབས་སྣ་ཚོགས་སྤྱོད་པ་དང་། ལས་ཞུགས་ཐད་ཞབས་ཞུ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་ཤུགས་ཆེན་བྱེད་པ། ལས་ཞུགས་ཐད་རོགས་སྐྱོར་བྱེད་པའི་བྱེད་སྒོ་ཧུར་ཐག་སྤེལ་བ། ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་ལས་དོན་ཏན་ཏིག་ངང་སྤེལ་བ་བཅས་བྱས་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་པའི་མི་ཁྲི་10.1མང་དུ་སོང་བ་དེ “ལོ་ལྔ་ཚན་བཅུ་པའི ”རིང་ལས་34.2%འཕར་ཡོད། ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ཐུབ་ཚད་ཆ་སྙོམས་87.94%ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་4%ནང་ཚུན་དུ་ཚོད་འཛིན་བྱས་ནས “ལས་ཞུགས་མེད་པའི་ཁྱིམ་ཚང ”ཐོན་རིམ་བཞིན་ཐག་གཅོད་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས་ཞིང་འབྲོག་པ་ཕ་ཡུལ་དུ་ཕྱིར་ལོག་ནས་བྱ་གཞག་གསར་གཏོད་བྱ་རྒྱུར་རོགས་སྐྱོར་ཧུར་ཐག་བྱས་པ་དང་། ཞིང་འབྲོག་པའི་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་བྱེད་མཁན་གྱི་ཁེ་ལས་དར་སྤེལ་ཤུགས་ཆེན་བཏང་ནས་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་འཕྲོ་ཉེ་འདབས་སུ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་བ། གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་པའི་ངལ་རྩོལ་རྩལ་ནུས་ཆེ་རུ་བཏང་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་འཕྲོ་ལས་ཞུགས་གཞན་སྒྱུར་བྱེད་ཚད་རིམ་རྩིས་བྱས་ན་མི་ཐེངས་ཁྲི་371ཟིན་ཞིང་། མིག་སྔར་ལྗོངས་ཡོངས་སུ་སྤྱི་པའི་ལས་རིགས་ངོ་སྤྲོད་སྒྲིག་གཞི་ཁྱོན་9དང་། དམངས་གཉེར་ལས་རིགས་ངོ་སྤྲོད་སྒྲིག་གཞི་14 ངལ་ལས་མངགས་གཏོང་སྒྲིག་གཞི་10བཅས་ཡོད་པ་དང་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞིས་གཙོ་བོར་བྱེད་པ་དང་དམངས་གཉེར་ལས་རིགས་ངོ་སྤྲོད་དང་ངལ་ལས་མངགས་གཏོང་སྒྲིག་གཞིས་ཁ་གསབ་ཏུ་བྱེད་པའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་ཅིག་རགས་ཙམ་ཆགས་ཡོད།

        (གསུམ )སྤྱི་ཚོགས་ཀྱི་དབང་ཆ།

        བོད་ཪྙིང་པར་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་ལ་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་གང་ཡང་མེད་པ་དང་གཞི་རྩའི་སྨན་བཅོས་འགན་ལེན་མེད་པའི་ཁར་དོན་སྙིང་གང་རུང་གི་སྤྱི་ཚོགས་ཀྱི་དབང་ཆ་ཞེས་པ་དེ་བས་གླེང་ཐབས་བྲལ་ཡོད། འབྲི་རུ་རྫོང་གཤམ་ཆུ་ཤང་ཆགས་རི་གྲོང་ཚོའི་ཏང་ཡོན་རྒན་གྲས་བསོད་ནམས་དབང་འདུས་ཀྱིས “ངས་སྤྱི་ཚོགས་གསར་ཪྙིང་གཉིས་བརྒྱུད་མྱོང་བ་དང་བོད་ཪྙིང་པའི་དུས་སུ་མི་དམངས་ཚོས་རྟ་ཟོག་སེམས་ཅན་ལྟ་བུའི་འཚོ་བ་སྐྱེལ་དགོས་པ་དང་ཁོང་ཚོར་འགྲོ་བ་མིའི་ཐོབ་ཐང་ཞེས་པ་རྩ་བའི་ཆ་ནས་གླེང་ཐབས་བྲལ་བ་དང་མངའ་བདག་ཆེན་པོ་གསུམ་གྱིས་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་བདག་གིར་བཟུང་བ་དང་ཞིང་བྲན་ཚོས་ཞིང་བྲན་བདག་པོའི་བྲན་བཀོལ་དང་ཁྲལ་ངན་སྣ་ཚོགས་ཀྱི་བཤུ་གཞོག་མྱངས་ནས་འཚོ་བ་འཆི་ལ་ཁད་ཀྱི་གནས་སུ་གྱར་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ང་ཚོར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་བདག་པོར་གྱུར་བ་མ་ཟད་རང་གི་རྨོ་ཞིང་དང་། ནོར་ལུག རྩྭ་ར་བཅས་ཡོད་པ་དང་ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཏང་ཀྲུང་དབྱང་གི་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་རབ་དང་རིམ་པའི་ཁྲིད་སྟོན་འོག་མི་སེར་ཚོའི་དངུལ་ཁུག་ནང་གི་དངུལ་འབེལ་དུ་སོང་བ་དང་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ནས་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པ་སྐྲུན་པ་དང་། དེང་རབས་ཅན་གྱི་གློག་ཆས་སྤྱོད་པ། ཕྲུ་གུ་ཚོ་སློབ་གྲྭར་སྐྱོད་ཐུབ་པ། ནད་གཞི་ལྟ་བདེ་བ། རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཆེས་ཆེར་སོང་བ་བཅས་བྱུང་ཡོད་པས་དེ་ནི་སྔོན་ཆད་བསམ་མི་ཕོད་པ་ཞིག་རེད ”ཅེས་བརྗོད་པ་དང་། ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོར་དཔལ་འབྱོར་དང་སྤྱི་ཚོགས་ཡར་ཐོན་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་རྒྱུ་བྱུང་བ་དང་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་ཐད་ཀྱི་སྤྱི་ཚོགས་ཀྱི་དབང་ཆ་ལོངས་སྤྱོད་གང་ལེགས་བྱེད་ཐུབ་ཡོད།

        སློབ་གསོ་དང་ལེན་བྱེད་པའི་དབང་ཆར་འགན་ལེན་ཏན་ཏིག་བྱུང་བ། བོད་ཪྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པ་དང་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་2%ཀྱང་ཟིན་གྱི་མེད་པ་དང་ཡིག་རྨོངས་ཡིན་ཚད་95%ཟིན་གྱི་ཡོད། ཞི་བས་བཅིངས་འགྲོལ་བཏང་ཚུན་ཏང་དང་སྲིད་གཞུང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་འགན་ལེན་གང་ལེགས་གནང་བ་དང་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་400ལྷག་ཙམ་བཏང་ནས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་བཏང་ཡོད། རྒྱལ་ཡོངས་སུ་བོད་དུ་སྔོན་ལ་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་ལག་བསྟར་བྱས་ཤིང་། 1985ལོ་ནས་བཟུང་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་ཟ་སྡོད་འགན་ལེན་དང་སློབ་ཡོན་འགན་ལེན་བྱེད་པའི “འགན་ལེན་གསུམ ”གྱི་སྲིད་ཇུས་དང་སློབ་རོགས་དངུལ་གྱི་ལམ་ལུགས་ལག་བསྟར་བྱས་པ་དང་འབྲེལ་དེ་རིམ་གྱིས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ཡོད། 2011ལོར “འགན་ལེན་གསུམ ”གྱི་སྲིད་ཇུས་དང་སློབ་རོགས་དངུལ་གྱི་ལམ་ལུགས་དེ་སློབ་ན་མ་སོན་གོང་གི་སློབ་གསོའི་དུས་མཚམས་ནས་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་དུས་མཚམས་བར་གྱི་ཞིང་འབྲོག་པའི་བུ་ཕྲུག་ཡོངས་རྫོགས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ཡོངས་ལ་ཁྱབ་ཡོད་པ་དང་ཚད་གཞི་དེ་སློབ་ཕྲུག་རེར་ལོ་རེར་སྒོར་2000བར་མཐོ་རུ་བཏང་ཡོད། ལྗོངས་ཡོངས་ཀྱི་རྫོང (གྲོང་རྡལ་དང་ཆུས )73ཡོངས་རྫོགས་སུ་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་བྱུང་བ་དང་མི་རེར་ཆ་སྙོམས་སློབ་གསོ་དང་ལེན་ཐུབ་པའི་ལོ་ཚད་7.3ཟིན་ཡོད། བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་1985ལོ་ཚུན་དུ་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་20རུ་བོད་ལྗོངས་འཛིན་གྲྭ (སློབ་གྲྭ )བཙུགས་ནས་དམའ་རིམ་སློབ་འབྲིང་དང་། མཐོ་རིམ་སློབ་འབྲིང་། འབྲིང་རིམ་ལས་རིགས། སྤྱིར་བཏང་མཐོ་སློབ་སོགས་ཀྱི་ནང་དོན་ཚུད་པའི་སློབ་གསོ་གཉེར་ཡོད་ཅིང་། མིག་སྔར་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྱོན་ཁྲི་2ཙམ་ཟིན་པ་དང་བོད་ལ་འབྲིང་རིམ་ཆེད་ལས་ཡན་གྱི་སློབ་ཐོན་སློབ་མ་ཁྲི་2ལྷག་ཙམ་གསོ་སྐྱོང་བྱས་ཡོད། ཀྲུང་གོའི་བཟོ་བཀོད་ཁང་གི་ཡོན་ཧྲི་ཨང་དང་པོ་རྡོ་རྗེ་དང་། དངོས་ཁམས་རིག་པའི་འབུམ་རམས་པ་དང་པོ་བློ་བཟང་། ཕྱི་ནད་ཚན་ཁག་གི་གསོ་རིག་འབུམ་རམས་པ་དང་པོ་སྐལ་བཟང་ནོར་བུ་སོགས་བོད་རིགས་ཀྱི་སློབ་རྒྱུས་མཐོ་བའི་ཕུལ་བྱུང་གི་ཆེད་ལས་ཤེས་ལྡན་མི་སྣ་འབོར་ཆེན་ཐོན་ཡོད།

        མི་ཚང་མར་སྤྱི་ཚོགས་འགན་སྲུང་ལོངས་སྤྱོད་བྱ་རྒྱུ་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་དང་འགན་ལེན་ལྔའི་སྲི་ཞུའི་ལམ་ལུགས་ཀྱིས་རྨང་གཞི་བྱེད་པ་དང་། སྨན་བཅོས་དང་། སློབ་གསོ། སྡོད་ཁང་། ཁྲིམས་འཛིན་སོགས་ཆེད་དོན་རོགས་སྐྱོབ་ཀྱིས་གཞོགས་འདེགས་བྱེད་པ། རོགས་སྐྱོབ་དང་རྒུད་སྐྱོབ་གཞན་དག་དང་སྤྱི་ཚོགས་རོགས་སྐྱོར་གྱིས་ཁ་གསབ་བྱེད་པ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་ནོར་ཤུགས་དང་འཚམ་ཞིང་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་རོགས་སྐྱོབ་ཀྱི་མ་ལག་རྩ་བའི་ཆ་ནས་བཙུགས་ཡོད། 2010ལོའི་བར་རིམ་ཁག་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་12ལྷག་ཙམ་བཏང་བ་དེ་དག་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་ཐད་སྤྱད་ཡོད། འགན་ལེན་ལྔའི་དུད་ཚང་ལ་སྲི་ཞུ་བྱ་རྒྱུ་དེ་ཞིང་འབྲོག་མང་ཚོགས་ཀྱིས་རོགས་རེས་བྱས་ཏེ་ཐུན་མོང་ཐོག་རྒུད་སྐྱོབ་བྱེད་པ་ནས་ནོར་སྲིད་ཀྱིས་འགན་སྲུང་བྱ་རྒྱུ་གཙོ་བོར་བྱེད་པའི་བར་འགྱུར་ལྡོག་བྱུང་བ་དང་འགན་ལེན་ལྔའི་སྲི་ཞུའི་ཚད་གཞི་དེ་མི་རེར་ལོ་རེར་སྒོར་2000བར་མཐོ་རུ་བཏང་ཡོད། གཞི་རྩའི་རྒན་གསོའི་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ཀྱིས་ནང་དོན་གཙོ་བོར་བྱེད་པའི་སྤྱི་ཚོགས་འགན་བཅོལ་གྱི་མ་ལག་རྩ་བའི་ཆ་ནས་གྲུབ་པ་དང་། སྤྱི་ཚོགས་འགན་བཅོལ་ཁྱབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། སྤྱི་ཚོགས་འགན་བཅོལ་ཐེབས་རྩ་བདེ་འཇགས་ངང་འཁོར་རྒྱུག་བྱེད་པ། འགན་སྲུང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་རེད། 2010ལོའི་བར་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པའི་ནང་ཞུགས་མཁན་ཁྲི་85.73དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་ཁྲི་9.6གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཁྲི་23.5 གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཁྲི་15.1ལས་ཤོར་འགན་བཅོལ་ནང་ཞུགས་མཁན་ཁྲི་10.31ལས་རྨས་འགན་བཅོལ་ནང་ཞུགས་མཁན་ཁྲི་8.46བུ་བཙའི་འགན་བཅོལ་ནང་ཞུགས་མཁན་ཁྲི་14.7 བཅས་ཡོད་པ་རེད། སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩ་ཁག་གི་རིམ་རྩིས་ལྷག་འཕྲོ་སྒོར་དུང་ཕྱུར་15.97དང་ཐོབ་ཐང་གི་གཏོང་སྒོ་བསྡོམས་འབོར་སྒོར་དུང་ཕྱུར་15.22ཟིན་ཡོད། “ལོ་ལྔ་ཚན་བཅུ་གཅིག་པ ”ནས་བཟུང་རང་ལྗོངས་ཀྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་རིམ་རྩིས་བྱས་ན་གཏོང་ཆ་སྒོར་དུང་ཕྱུར་11ལས་བརྒལ་བ་དེ་དག་གིས་ཁང་གླ་ཁེ་བའི་སྡོད་ཁང་ཁྲི་1.08བསྐྲུན་པ་དང་རིམ་རྩིས་བྱས་ན་གཏོང་ཆ་སྒོར་དུང་ཕྱུར་31ལས་བརྒལ་བ་དེ་དག་གིས་ལས་ཤག་ཁྲི་2.65བསྐྲུན་པས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་ལ་སྡོད་ཁང་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་ལས་བྱེད་པ་དང་ལས་བཟོའི་སྡོད་ཁང་གི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།

        སྨན་བཅོས་འགན་སྲུང་གིས་དུད་ཚང་ཁྲི་སྟོང་མང་པོར་ཕན་པ་བསྐྲུན་པ། ཞི་བས་བཅིངས་འགྲོལ་བཏང་ཚུན་རྒྱལ་ཁབ་ཀྱིས་སྔར་ནས་བཟུང་བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པའི་དམིགས་བསལ་གྱི་སྲིད་ཇུས་ལག་ལེན་བསྟར་ཡོད། ལྗོངས་ཡོངས་སུ་སྨན་རིན་མི་དགོས་པའི་སྨན་བཅོས་ཀྱིས་རྨང་གཞི་བྱེད་པ་དང་། སྲིད་གཞུང་གི་གཏོང་ཆས་གཙོ་ཁྲིད་བྱེད་པ། ཁྱིམ་ཚང་གི་རྩིས་ཁྲ་དང་། ནད་གཞི་ཆེན་པོ་གཅིག་གྱུར་འཆར་འགོད་བྱེད་པ། སྨན་བཅོས་རོགས་སྐྱོབ་བཅས་ཟུང་དུ་འབྲེལ་བའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་བཙུགས་ཡོད། ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་100%ལ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་འགན་སྲུང་ལོངས་སྤྱོད་ཐུབ་པ་དང་ཞིང་འབྲོག་མང་ཚོགས་ལ་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པའི་འགྲོ་གྲོན་གྱི་ཆུ་ཚད་དེ་2005ལོའི་མི་རེར་ལོ་རེར་ཆ་སྙོམས་སྒོར་80ནས་2010ལོའི་སྒོར་180བར་མཐོ་རུ་བཏང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྨན་བཅོས་འགན་བཅོལ་ཡོངས་སུ་ཁྱབ་ཡོད་ཅིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་རང་སྐྱོང་ལྗོངས་རིམ་པའི་གཅིག་གྱུར་འཆར་འགོད་མངོན་འགྱུར་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁེ་ལས་ཀྱི་འགན་བཅོལ་ནང་ཞུགས་མཁན་གྱི་སྨན་བཅོས་འགྲོ་གྲོན་རྩིས་ཞུ་བྱེད་པའི་ཚད་གཞི་མཐོ་ཤོས་སྒོར་ཁྲི་22ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གཅིག་གྱུར་འཆར་འགོད་ཀྱི་ཐེབས་རྩ་ལོ་རེར་སྤྲོད་པའི་ཚད་གཞི་མཐོ་ཤོས་སྒོར་ཁྲི་13ཡིན་པ་བཅས་རེད། ཞིང་འབྲོག་ཁུལ་གྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྨན་བཅོས་རོགས་སྐྱོབ་དེ་གནས་ནས་ཁྱོན་ཡོངས་བར་སྤེལ་བ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་རིམ་བཞིན་མངོན་འགྱུར་བྱུང་བ། རོགས་སྐྱོབ་ཀྱི་ཚད་གཞི་མཐོ་ཤོས་སྒོར་ཁྲི་6ཟིན་པ་བཅས་རེད། 2010ལོའི་བར་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་བྱ་ཡུལ་མི་ཐེངས་55442ལ་རོགས་སྐྱོབ་བྱས་ནས་སྨན་བཅོས་རོགས་སྐྱོབ་ཀྱི་མ་དངུལ་སྒོར་ཁྲི་7320.65སྤྲད་ཡོད། བུད་མེད་དང་བྱིས་པའི་བདེ་ཐང་ཐད་ཚད་མཐོའི་མཐོང་ཆེན་བྱས་ཡོད་ཅིང་། རང་སྐྱོང་ལྗོངས་དང་ས་ཁུལ (གྲོང་ཁྱེར )7གྱིས་མ་བུའི་འཕྲོད་སྦྱོར་སྨན་ཁང་བཙུགས་པ་དང་རྫོང་47དུ་མ་བུའི་འཕྲོད་སྦྱོར་ས་ཚིགས་བཙུགས་པས་སྦྲུམ་ཆགས་དང་ཕྲུ་གུ་སྐྱེ་མཁན་བུད་མེད་ཤི་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ལས་95.3%དང་94.2%སོ་སོར་ཆག་ཡོད།

        (བཞི ) རིག་གནས་ཀྱི་དབང་ཆ།

        བོད་ཪྙིང་པར་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ལ་རིག་གནས་ཀྱི་དབང་ཆ་ཟེར་བ་གླེང་ཐབས་གཏན་ནས་མེད། ཞི་བས་བཅིངས་འགྲོལ་བཏང་བ་དང་ལྷག་པར་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྔར་བྱུང་མྱོང་མེད་པའི་བསམ་བློར་བཅིངས་འགྲོལ་ཐོབ་ནས་རིག་གནས་གསར་གཏོད་བྱེད་མཁན་དང་། འཛུགས་སྐྲུན་བྱེད་མཁན། ལོངས་སྤྱོད་བྱེད་མཁན་བཅས་སུ་དངོས་འབྲེལ་གྱུར་ཡོད། མི་རིགས་ཁག་གི་མི་དམངས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་བསམ་པའི་རིག་གནས་འཚོ་བ་ཧ་ཅང་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།

        མི་རིགས་ཀྱི་སྐད་དང་ཡི་གེ་སྤྱོད་དབང་གང་ལེགས་ཡོད་པ། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་རིང་ཏང་དང་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་འགན་ལེན་བྱས་ཡོད། ཞིང་འབྲོག་ཁུལ་གྱི་སློབ་ཆུང་ཚང་མར་བོད་ཡིག་དང་རྒྱ་ཡིག་གོམ་སྟབས་གཅིག་མཚུངས་ངང་སློབ་ཁྲིད་བྱ་རྒྱུ་ལག་བསྟར་བྱས་པ་དང་སློབ་ཚན་གཙོ་བོ་བོད་སྐད་ཀྱི་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད། སློབ་འབྲིང་དུས་མཚམས་སུའང་བོད་ཡིག་དང་རྒྱ་ཡིག་ཐོག་ནས་སློབ་ཚན་ཁྲིད་རྒྱུ་ལག་བསྟར་བྱས་པ་དང་འབྲེལ་ནང་སའི་བོད་ལྗོངས་སློབ་འབྲིང་དུ་བོད་ཡིག་སློབ་ཚན་འཚོག་རྒྱུ་མཐའ་འཁྱོངས་བྱས་ཡོད། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་དང་ཁྲིམས་སྲོལ་དང་རིམ་ཁག་སྲིད་གཞུང་དང་སྲིད་གཞུང་ཁོངས་སུ་གཏོགས་པའི་སྡེ་ཚན་གྱིས་གཤམ་བསྒྲགས་བྱས་པའི་དངོས་གཞིའི་ཡིག་ཆ་དང་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ཚང་མ་བོད་རྒྱ་ཡིག་རིགས་གཉིས་སྤྱོད་ཀྱི་ཡོད། ཁྲིམས་འཛིན་ཞུ་གཏུག་གི་གོ་རིམ་ཁྲོད་བོད་རིགས་ཞུ་གཏུག་ནང་ཞུགས་མཁན་ཚང་མར་བོད་ཡིག་གི་ཐོག་ནས་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པ་དང་ཁྲིམས་དོན་ཡིག་རིགས་ཀྱང་བོད་ཡིག་བེད་སྤྱོད་ཀྱི་ཡོད་པ་རེད། ཚན་པ་ཁག་གི་གཞུང་ལམ་དང་། ལག་ཁྱེར། མཚོན་རྟགས་བཅས་དང་དེ་བཞིན་ལས་ཁུངས་དང་། བཟོ་གཏེར། སློབ་གྲྭ་སོགས་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་གྱི་བྱང་བུ་དང་ཁྲོམ་གཞུང་དང་འགྲིམ་འགྲུལ་ལམ་རྟགས་སོགས་ཚང་མར་བོད་རྒྱ་ཡིག་རིགས་གཉིས་སྤྱོད་ཀྱི་ཡོད། 《བོད་ལྗོངས་ཉིན་རེའི་ཚགས་པར 》དང་། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། བོད་ལྗོངས་བཪྙན་འཕྲིན་ཁང་ཚང་མར་བོད་ཡིག་པར་གཞི་དང་བོད་སྐད་འཕྲིན་ལམ་གཉེར་ཡོད། མིག་སྔར་ལྗོངས་ཡོངས་སུ་ཡོངས་བསྒྲགས་ངང་འགྲེམས་སྤེལ་བྱེད་པའི་བོད་ཡིག་དུས་དེབ་སྣ་ཁ་14དང་བོད་ཡིག་ཚགས་པར་སྣ་ཁ་10ཡོད་པར 《མི་དམངས་ཉིན་རེའི་ཚགས་པར 》དང 《བོད་ལྗོངས་ཉིན་རེའི་ཚགས་པར 》གྱི་བོད་ཡིག་པར་གཞི་རིན་མི་དགོས་པར་གཟིགས་འབུལ་བྱེད་པ་དང་གྲོང་ཚོ་དང་དགོན་པར་སྐྱེལ་བ་དང་། བོད་སྐད་རླུང་འཕྲིན་གཏོང་ཚད་ཉིན་ལྟར་ཆུ་ཚོད་21དང་སྐར་མ་15ཟིན་པ་དང་བོད་ལྗོངས་སྲུང་སྐར་བཪྙན་འཕྲིན་བོད་སྐད་འཕྲིན་ལམ་སྟོན་ཚད་ཆུ་ཚོད་24མངོན་འགྱུར་བྱུང་ཡོད། བོད་ཡིག་དེ་1984ལོར་ཆ་འཕྲིན་ཅན་མངོན་འགྱུར་བྱུང་བ་དང་བོད་ཡིག་ཨང་སྒྲིག་རྒྱལ་སྤྱིའི་ཚད་གཞི་དེ་1997ལོར་ཆོག་མཆན་ཐོབ་ནས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་ཁྲོད་ཨང་སྒྲིག་རྒྱལ་སྤྱིའི་ཚད་གཞི་ལྡན་པའི་ཡི་གེ་ཐོག་མ་དེར་འགྱུར་ཡོད།

        མི་དམངས་མང་ཚོགས་ཀྱི་རྩ་བའི་རིག་གནས་ཁེ་དབང་འགན་ལེན་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་རགས་ཙམ་བསྐྲུན་པས་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་སོང་ཡོད། རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན “གྲོང་ཚོ་ཚང་མར་ཁྱབ་པ་དང་དུད་ཚང་ཚང་མར་ཁྱབ་པ ”དང་། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་རིག་གནས་ཁང (ས་ཚིགས་དང་ཁང ) ཞིང་འབྲོག་ཁུལ་དུ་གློག་བཪྙན་སྟོན་པ། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བྱེད་པ། ཞིང་པའི་དཔེ་དེབ་ཁང་སོགས་རིག་གནས་ཀྱི་དམངས་ཕན་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཐོག་རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་དང་། དཔེ་དེབ་དང་། ཚགས་པར། དུས་དེབ། རིག་རྩལ་རིག་གནས་བཅས་ཞིང་འབྲོག་ཁུལ་དང་། སློབ་གྲྭ ཁེ་ལས་བཅས་སུ་འཁྱོལ་བར་སྐུལ་འདེད་ཧུར་ཐག་བཏང་བས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་འགྲོ་གི་ཡོད། 2010ལོའི་བར་ལྗོངས་ཡོངས་སུ་མང་ཚོགས་སྒྱུ་རྩལ་ཁང་8དང་། སྤྱི་པའི་དཔེ་མཛོད་ཁང་4 རྫོང་རིམ་པའི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་74 ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས་149 ཞིང་པའི་དཔེ་དེབ་ཁང་2000བཅས་བསྐྲུན་ཡོད་ཅིང་། ལྗོངས་ཡོངས་སུ་བསྡོམས་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་19དང་ལས་ཞོར་རིག་རྩལ་འཁྲབ་སྟོན་རུ་ཁག་600ཙམ་ཡོད། “དུད་ཚང་ཚང་མར་ཁྱབ་པའི ”རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་ཞིང་འབྲོག་དུད་ཚང་ཁྲི་38.19ལ་ཁྱབ་པ་དང་གློག་བཪྙན་སྟོན་རྒྱུ་དེ་སྲིད་འཛིན་གྲོང་ཚོ་98%ལ་ཁྱབ་ནས་ཆ་སྙོམས་བྱས་ན་ཞིང་འབྲོག་པས་ཟླ་རེར་གློག་བཪྙན་ཐེངས་1.64བལྟ་རྒྱུ་ཡོད་པ་རེད།

        མང་ཚོགས་རང་བཞིན་གྱི་རིག་གནས་དང་ལུས་རྩལ་བྱ་གཞག་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་འཕེལ་རྒྱས་བྱུང་བ། ལྗོངས་ཡོངས་སུ་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བསྡོམས་19དང་གཞི་རིམ་གྱི་ལས་ཞོར་རིག་རྩལ་འཁྲབ་སྟོན་རུ་ཁག་དང་ལྷ་མོ་འཁྲབ་སྟོན་རུ་ཁག་500ལྷག་ཙམ་ཡོད། ལྷ་སའི་ཞོ་སྟོན་དང་། གཞིས་རྩེའི་ཇོ་མོ་གླང་མའི་སྒྱུ་རྩལ་དུས་ཆེན། ལྷོ་ཁའི་ཡར་ཀླུང་སྒྱུ་རྩལ་དུས་ཆེན། ཉིང་ཁྲིའི་སྟག་མ་མེ་ཏོག་སྒྱུ་རྩལ་དུས་ཆེན། ཆབ་མདོའི་ཁམ་པའི་སྒྱུ་རྩལ་དུས་ཆེན། ནག་ཆུའི་འཆར་ཅན་རྟ་རྒྱུགས་དུས་ཆེན། མངའ་རིས་ཀྱི་ཞང་ཞུང་རིག་གནས་སྒྱུ་རྩལ་དུས་ཆེན་སོགས་སྲོལ་རྒྱུན་གྱི་མི་རིགས་རིག་གནས་ཀྱི་དུས་ཆེན་ཁག་གཅིག་ས་ཁོངས་རང་བཞིན་གྱི་མི་རིགས་རིག་གནས་ཀྱི་སྤུས་རྟགས་སུ་གྱུར་ནས་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་རྒྱུར་སྐུལ་ཁྲིད་ཆེན་པོ་ཐུབ་ཡོད། ལྗོངས་ཡོངས་སུ་རིམ་བཞིན་ཞིང་འབྲོག་ཁུལ་གྱི་རིག་གནས་དང་། ཤང་གྲོང་གི་རིག་གནས། སྡེ་ཁུལ་གྱི་རིག་གནས། སློབ་གྲྭའི་རིག་གནས། ཁེ་ལས་ཀྱི་རིག་གནས། དམག་སྒར་དང་ཉེན་རྟོག་པའི་རིག་གནས་བཅས་དང་དེ་བཞིན་ལོ་ཆུང་བྱིས་པའི་རིག་གནས་དང་རྒན་རྒོན་རིག་གནས་ཀྱི་རྒྱུ་མང་ཅན་འཕེལ་རྒྱས་འགྲོ་བའི་ཆགས་སྟངས་ཤིག་གྲུབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་ལུས་རྩལ་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་བཏང་བ་དང་། དམངས་ཡོངས་ལུས་སྦྱོང་བྱེད་པའི “རྒྱུག་ལམ་འདུ་འགོད ”417དང་། ཞིང་པའི་ལུས་རྩལ་གྱི་ལུས་སྦྱོང་འདུ་འགོད་930 “འཕྲལ་མཁོའི་འདུ་འགོད ”དང “དམངས་བདེའི་འདུ་འགོད ”སོགས་35ལག་བསྟར་བྱས་པ། རྒྱལ་ཁབ་རིམ་པའི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་སྤྲོ་སྐྱིད་ཁང་23དང་། རྒྱལ་ཁབ་རིམ་པའི་གཞོན་ནུ་ལོ་ཆུང་གི་ཁང་ཕྱིའི་སྒར་ས་1 རྒྱལ་ཁབ་རིམ་པའི་སྡེ་ཁུལ་གྱི་ལུས་རྩལ་སྤྲོ་སྐྱིད་ཁང་4བཅས་གསར་བསྐྲུན་བྱས་པས་ལྗོངས་ཡོངས་སུ་རྟག་ཏུ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་དེས་སྤྱིའི་མི་འབོར་གྱི་25%ཟིན་ཡོད་པ་རེད།

        ཆོས་དད་རང་མོས་ཀྱི་དབང་ཆ་རྦད་དེ་ལོངས་སུ་སྤྱོད་རྒྱུ་ཡོད་པ། ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་དང་གྲུབ་མཐའ་མི་འདྲ་བར་ཕྱོགས་རིས་མེད་པར་ལྟ་སྟངས་གཅིག་མཚུངས་འཛིན་གྱི་ཡོད། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་འོག་དད་ལྡན་མང་ཚོགས་ཚོར་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བའི་རང་དབང་གང་ལེགས་ཡོད། ད་ཆ་བོད་དུ་ཆོས་ལུགས་བྱེད་སྒོ་སྣ་ཚོགས་སྤེལ་ཡུལ་1700ལྷག་ཙམ་དང་དགོན་པར་གྲྭ་བཙུན་ཁྲི་4.6ཙམ་ཡོད་པས་དད་ལྡན་མང་ཚོགས་ཀྱི་རེ་འདུན་ཡོངས་སུ་བསྐངས་ཡོད། དགོན་སྡེར་སློབ་གཉེར་དང་། མཚན་ཉིད་རྩོད་པ། སྡོམ་པ་ཞུ་བ། དབང་བསྐུར་བ། སྒོམ་སྒྲུབ་བྱེད་པ་སོགས་ཆོས་ཀྱི་ཕྱག་སྲོལ་དང་ལྷག་པར་དུ་དགེ་འདུན་པའི་མཚན་གནས་དམ་བཅའ་འཇོག་ཚུལ་སོགས་བྱེད་སྒོ་རྒྱུན་གཏན་ལྟར་སྤེལ་བར་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་མཁན་48དང་རྡོ་རམས་པའི་མཚན་གནས་ཐོབ་མཁན་19སྔ་རྗེས་སུ་བྱུང་བ། བོད་ཀྱི་ནང་བསྟན་སློབ་གླིང་དངོས་སུ་བཙུགས་ནས་སློབ་མ་བསྡུ་བཞིན་ཡོད་པ་དང་བོད་བརྒྱུད་ནང་བསྟན་ཁོ་ནར་ཡོད་པའི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་ཞུ་ལུགས་ལའང་བརྩི་བཀུར་གང་ལེགས་ཐོབ་པ། དུས་རབས་20པའི་ལོ་རབས་80པ་ཚུན་བོད་དུ་གྲུབ་མཐའ་ཁག་གི་ཆོས་ལུགས་དུས་ཆེན་སྣ་ཚོགས་40ལྷག་ཙམ་སླར་གསོ་བྱས་པ་དང་ལོ་ལྟར་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོས་ས་ག་ཟླ་བ་དང་ཞོ་སྟོན་སོགས་ཆོས་ལུགས་དང་སྲོལ་རྒྱུན་གྱི་དུས་ཆེན་གཏོང་གི་ཡོད།

        བཞི། རྩ་ཆེའི་ཉམས་མྱོང་།

        (གཅིག ) ངེས་པར་དུ་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།

        ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60སོང་བའི་རླབས་ཆེན་ལག་ལེན་ཐོག་ནས་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའང་མེད་པ་ར་འཕྲོད་བྱུང་ཡོད། རླབས་ཆེན་གྱི་ལོ་རྒྱུས་འཕོ་འགྱུར་ཁྲོད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཤེས་རྟོགས་ཐུབ་ནས་ཏང་གདམ་ག་བྱས་པ་དང་བོད་གསར་ཪྙིང་བསྡུར་བའི་ཁྱད་པར་ལས་ཀྲུང་གོ་གུང་ཁྲན་ཏང་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྙིང་ཉེ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལམ་སྣེ་འཁྲིད་མཁན་ཡིན་པ་ངོས་འཛིན་ཟབ་མོ་བྱུང་ཡོད། ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་རྒྱུ་ནི་བོད་ཡར་རྒྱས་གོང་འཕེལ་འགྲོ་བའི་རྩ་བའི་འགན་ལེན་ཡིན་སྟབས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཚེ་གཞི་ནས་ཐོན་སྐྱེད་ནུས་ཤུགས་ཟམ་མི་ཆད་པར་བཅིངས་འགྲོལ་དང་འཕེལ་རྒྱས་དང་། ཏང་གི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཐའ་འཁྱོངས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཡག་པོ་དང་། མངོན་འགྱུར་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་ཐུབ་ངེས་རེད།

        (གཉིས )ངེས་པར་དུ་མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།

        ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60སོང་བའི་རླབས་ཆེན་ལག་ལེན་ཐོག་ནས་མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་བཅས་ནི་རང་རེའི་ཏང་གི་ཆབ་སྲིད་དགོངས་དོན་གྱི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ལ། མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་དང་རྒྱལ་ཁའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཞིག་ཀྱང་ཡིན་པ་ར་འཕྲོད་བྱུང་ཡོད། མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཚེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བསམ་བློ་དང་སྙིང་སྟོབས་ཐོག་ནས་འགན་ལེན་སྟོབས་ལྡན་ཡོང་བ་དང་བྱ་གཞག་ཁག་ཡང་དག་པའི་ཕྱོགས་སུ་གོམ་ཞེང་ཆེན་པོས་རྒྱུན་ཆད་མེད་པར་བསྐྱོད་ཐུབ།

        (གསུམ )ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།

        ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60སོང་བའི་རླབས་ཆེན་ལག་ལེན་ཐོག་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་སུ་མཆོང་སྐྱོད་བྱས་པ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལོ་རྒྱུས་ཀྱི་གདམ་ག་ཞིག་ཡིན་ལ་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་བཟློག་མེད་ཀྱི་འབྲས་བུ་ཞིག་ཀྱང་ཡིན་པ་ར་འཕྲོད་བྱུང་ཡོད། སྤྱི་ཚོགས་རིང་ལུགས་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གི་བདག་པོར་གྱུར་པའི་རྩ་བའི་ལམ་ལུགས་ཤིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་དར་རྒྱས་ལ་སྐུལ་མ་གཏོང་བའི་འགྲོ་ལམ་ཉག་ཅིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་འདུན་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་འདོན་པ་བཅས་བྱས་ཚེ་གཞི་ནས་བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཡངས་པོའི་ཐོག་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཡོང་ཐུབ་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་ཐུབ།

        (བཞི )ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།

        ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60སོང་བའི་རླབས་ཆེན་ལག་ལེན་ཐོག་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་དང་། འཕེལ་རྒྱས། འཐུས་ཚང་བཅས་ཡོང་བ་བྱས་པ་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཧུར་སེམས་དང་། རང་འགུལ་བསམ་པ། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱུང་བ་དང་རྒྱལ་ཁབ་ཀྱི་བདག་དབང་དང་། མི་དམངས་རང་ཁྱིམ་རང་བདག་བྱ་རྒྱུ། བོད་ས་གནས་རང་སྐྱོང་བྱ་རྒྱུ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མངོན་འགྱུར་བྱུང་བ་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ས་ཁུལ་དེ་རང་དང་མི་རིགས་དེ་རང་གི་ལས་དོན་ཁྲིམས་ལྟར་དོ་དམ་བྱེད་པའི་ལམ་ལུགས་འགན་ལེན་ཐུབ་པ་ར་འཕྲོད་བྱུང་ཡོད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཐད་ཀྱི་དབང་ཆ་ཁག་རྩ་བ་ནས་འགན་ལེན་ཐུབ་པ་དང་མི་རིགས་ཁག་ཕན་ཚུན་འཆམ་མཐུན་མཉམ་གནས་དང་། ཐུན་མོང་ཡར་རྒྱས། མཐུན་སྦྱོར་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ངེས་རེད།

        (ལྔ )ངེས་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།

        ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་རིང་གི་རླབས་ཆེན་ལག་ལེན་ཐོག་ནས་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་ཀྲུང་དབྱང་གིས་སྤྱད་པའི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་དམངས་སེམས་དང་མཐུན་པས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་རྒྱས། དུས་བབ་བརྟན་ལྷིང་བཅས་ལ་སྐུལ་མ་ནུས་ལྡན་ཐེབས་པ་ར་འཕྲོད་གང་ལེགས་བྱུང་ཡོད། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་ནི་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ནང་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་སྤྱིའི་རྩ་འཛིན་ཡིན་པ་དང་རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་དང་། བོད་ཀྱི་དོན་དངོས། བོད་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་རྩ་བའི་ཁེ་ཕན་དང་ཡོངས་སུ་མཐུན་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་སྙིང་དབུས་ནས་བརྩི་བཀུར་ཐོབ་ཡོད། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། བོད་ཀྱི་ལས་དོན་གྱི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་པ། བོད་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་ཁོང་དུ་ནན་པོ་ཆུད་པ། དོན་ཆེན་གཉིས་ཡིན་པའི་འཕེལ་རྒྱས་དང་བརྟན་ལྷིང་ལ་དམ་འཛིན་བཅས་བྱས་ཚེ་གཞི་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྟོབས་ཤུགས་ལ་མཐུན་སྒྲིལ་དང་གོང་བུ་གཅིག་ཏུ་སྒྲིལ་ཏེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་རྒྱུན་ཆད་མེད་པར་སྐུལ་མ་གཏོང་ཐུབ།

        (དྲུག )ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།

        ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་རིང་གི་རླབས་ཆེན་ལག་ལེན་ཐོག་ནས་འཕེལ་རྒྱས་ནི་གནས་ལུགས་ཁུངས་བཙན་དང་བོད་ཀྱི་གནད་དོན་ཐམས་ཅད་ཐག་གཅོད་བྱེད་པའི་འགག་རྩ་ཡིན་པ་ར་འཕྲོད་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ནས་རང་ལྗོངས་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་བླང་བྱ་གསར་པ་དང་། འཕེལ་རྒྱས་དུས་རིམ་གྱི་འགྱུར་ལྡོག་གསར་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་འཕྱུགས་པ་མེད་པར་ཁོང་དུ་ཆུད་པ་བྱེད་པ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་པའི་གཞུང་ལུགས་ཀྱི་མ་ལག་བོད་དུ་ཞིབ་ཕྲའི་ངང་བེད་སྤྱོད་བྱས་པ་ཞིག་རེད། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཆེན་པོ་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ནས་དཔལ་འབྱོར་འཕར་བ་དང་། འཚོ་བ་ཕྱུག་པོ། སྣོད་བཅུད་བཟང་བ། སྤྱི་ཚོགས་བརྟན་ལྷིང་། ཤེས་དཔལ་ཡར་རྒྱས་བཅས་གཅིག་གྱུར་ཡོང་རྒྱུ་ཧུར་ཐག་བྱས་ཚེ་གཞི་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་རྒྱལ་ཡོངས་མི་དམངས་དང་འདྲ་བར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱུང་ནས་སྔར་བས་གཟི་བརྗིད་འོད་སྟོང་ལྡན་པའི་འབྱུང་འགྱུར་གཏོད་ཐུབ།

        (བདུན )ངེས་པར་དུ་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་ཡིན་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།

        ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་རིང་གི་རླབས་ཆེན་ལག་ལེན་ཐོག་ནས་མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པ་ར་འཕྲོད་གང་ལེགས་བྱུང་ཡོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ངང་སྤེལ་བ་དང་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ནི་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་གཞི་རྩའི་སྔོན་འགྲོ་རེད། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་ཡིན་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱེད་པའི་དར་ཆ་མཐོན་པོར་བསྒྲེང་ཚེ་གཞི་ནས་ཆེས་རྒྱ་ཁྱབ་ངང་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་དང་། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཁ་ཕྲལ་དང་ཕྱིར་བཤོལ་ལ་ངོ་རྒོལ་བཅས་བྱེད་པའི་མི་དམངས་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ངེས་རེད།

        (བརྒྱད )ངེས་པར་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།

        ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་རིང་གི་རླབས་ཆེན་ལག་ལེན་གྱིས་བོད་དུ་རང་རེའི་ཏང་གིས་སྲིད་སྐྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དེ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅིངས་འགྲོལ་དང་། འཕེལ་རྒྱས། བདེ་སྐྱིད་བཅས་དོན་གཉེར་བྱེད་པའི་ལོ་རྒྱུས་ཤིག་རེད། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ཏང་གི་གཞི་རྩའི་དམིགས་ཡུལ་གྱི་ངོ་བོའི་བླང་བྱ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་རེད། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཐད་དམངས་འཚོར་མངོན་གསལ་དོད་པོས་དོ་ཁུར་བྱེད་པ་དང་། མ་དངུལ་གཏོང་ བའི་ཐད་དམངས་འཚོ་གཙོ་གནད་དུ་འགན་ལེན་བྱེད་པ། ཐོན་ལས་ཀྱི་འཆར་འགོད་ཐད་དམངས་འཚོར་སྐུལ་ཁྲིད་གང་ཐུབ་བྱེད་པ། རྣམ་གྲངས་འཛུགས་སྐྲུན་ཐད་དམངས་འཚོ་སྔོན་ལ་ལེགས་སུ་གཏོང་བ་བཅས་བྱས་ཚེ་གཞི་ནས་འཕེལ་རྒྱས་དེ་མི་དམངས་ཀྱི་ཆེད་དུ་དང་། འཕེལ་རྒྱས་གཏོང་བར་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་འབྲས་བུ་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་དངོས་སུ་བྱེད་ཐུབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་པ་ཏང་ལ་ཕྱོགས་པ་དང་། མེས་རྒྱལ་ལ་ཕྱོགས་པ། སྤྱི་ཚོགས་རིང་ལུགས་ལ་ཕྱོགས་པ་བཅས་དེ་བས་བྱེད་ཐུབ་ངེས་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།

        (དགུ )ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།

        ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་རིང་གི་རླབས་ཆེན་ལག་ལེན་གྱིས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་བོད་ཀྱི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་སྐུལ་འདེད་གཏོང་བའི་འཛད་མེད་འགུལ་ཤུགས་ཤིག་ཡིན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྩ་བའི་སྟོབས་ཤུགས་ཤིག་རེད། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་དབྱང་གི་ཐུགས་འཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད་ལ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་དང་ཡང་ཁ་འབྲལ་ཐབས་མེད། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་དང་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ཚེ་གཞི་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་འགུལ་ཤུགས་སྟོབས་ཆེན་དུ་འགྱུར་ཐོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བདག་པོའི་རྣམ་འགྱུར་གྱི་ཐོག་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རླབས་ཆེན་ལག་ལེན་ཁྲོད་ཞུགས་ནས་རང་གིས་རང་འཕེལ་རྒྱས་གཏོང་ནུས་སྔར་བས་སྐུལ་སྤེལ་གཏོང་ཐུབ་པ་ར་སྤྲོད་གང་ལེགས་བྱས་ཡོད།

        ལོ་ངོ་60ཡི་རིང་གི་འཕོ་འགྱུར་ཆེན་པོའི་ཁྲོད་གསོག་འཇོག་བྱས་པའི་རྩ་ཆེའི་ཉམས་མྱོང་དེ་དག་ནང་བློ་མཐུན་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་ལུགས་དང་། གངས་ལྗོངས་ལ་གཞི་ཚུགས་པ་དང་ས་མཐོར་ལེགས་སྐྱེས་འབུལ་མཁན་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་པ་མི་རབས་ནས་མི་རབས་བར་གྱི་ཁྲག་དང་རྔུལ་ཆུ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་ཀྱི་ཐུན་མོང་གི་དད་སེམས་བཅས་གཅིག་ཏུ་བསྡུས་ཡོད། ཉམས་མྱོང་དེ་དག་ཧ་ཅང་རྩ་ཆེ་བས་ང་ཚོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་བྱེད་པའི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཡིན་སྟབས་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་མཐའ་འཁྱོངས་བྱེད་དགོས་པ་མ་ཟད་གསར་གཏོད་རང་བཞིན་གྱི་སྒོ་ནས་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་དགོས།

        ལྔ། མཛེས་སྡུག་ལྡན་པའི་འབྱུང་འགྱུར།

        ལོ་60ཡི་རིང་གི་ཟིལ་རླབས་དགུང་དུ་འཕྱུར་བའི་འོད་སྟོང་འཕྲོ་བའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་ང་ཚོས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་འོད་སྟོང་འབར་བའི་གྲུབ་འབྲས་ལ་ཚོར་སྣང་ཟབ་མོ་དང་སྤོབས་པ་ཚད་མེད་སྐྱེ་ཡི་འདུག ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལམ་བུའི་ཐོག་ང་ཚོར་ཡིད་ཆེས་ལྡབ་བརྒྱ་དང་དཔའ་སེམས་ཀྱིས་ཁེངས་ཡོད།

        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པའི་ལམ་བུ་གསར་པ་བཤངས་ནས་2020ལོར་སླེབས་སྐབས་བོད་འདི་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་གྱུར་བྱེད་པའི་དུང་བརྡ་གསར་པ་བཏང་སྟེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་དེ་བས་སྣང་ཆེན་དང་། དཔལ་འབྱོར་དང་སྤྱི་ཚོགས་མཐུན་འགྲིག་ངང་འཕེལ་རྒྱས་འགྲོ་རྒྱུར་དེ་བས་སྣང་ཆེན། རང་འཕེལ་ནུས་པ་ཆེ་རུ་འགྲོ་རྒྱུར་དེ་བས་སྣང་ཆེན། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་དང་བཏང་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དེ་བས་སྣང་ཆེན། ནང་ས་དང་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་དེ་བས་སྣང་ཆེན། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་སྐུལ་མ་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་རྒྱུར་དེ་བས་སྣང་ཆེན་བཅས་བྱེད་པ་དང “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེ་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་མ་ཧུར་ཐག་བཏང་སྟེ་དཔལ་འབྱོར་འཕར་བ་དང་། འཚོ་བ་ཕྱུག་པོ། སྣོད་བཅུད་བཟང་བ། སྤྱི་ཚོགས་བརྟན་ལྷིང་། ཤེས་དཔལ་ཡར་རྒྱས་བཅས་གཅིག་གྱུར་ཡོང་བ་བྱས་ཐོག་བོད་འདི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེ་དང་། སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེ། འཐབ་ཇུས་ཐོན་ཁུངས་གསོག་འཇོག་གི་རྟེན་གཞི་གལ་ཆེ། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་གལ་ཆེ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེ། འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེ་བཅས་སུ་གྱུར་བ་བྱེད་དགོས་ཞེས་གསལ་པོར་བཏོན་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་2020ལོར་སླེབས་སྐབས་ཀྱི་དམིགས་ཚད་གཙོ་བོ་ནི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཁྱོན་ཡོངས་ནས་གོང་མཐོར་འགྲོ་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་འགྲོ་བ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། རང་ངོས་འཕེལ་རྒྱས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། སྤྱི་ཚོགས་དེ་བས་མཐུན་སྦྱོར་བརྟན་ལྷིང་ཡོང་བ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་མངོན་གྱུར་ཡོང་རྒྱུ་འགན་ལེན་བྱེད་དགོས་པ་ཡིན་པ་གསལ་པོར་བཏོན་ཡོད།

        “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནང་རང་ལྗོངས་ཀྱི་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་དམིགས་ཚད་དང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་དམིགས་ཚད་ནི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འཕེལ་རྒྱས་ཤུགས་ཆེན་ཡོང་བ་དང་། མི་རིགས་ཁག་མཐུན་སྒྲིལ་མཐུན་སྦྱོར་ཡིན་པ། སྤྱི་ཚོགས་རྒྱུན་བསྲིང་བརྟན་ལྷིང་ཡོང་བ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞི་སྔར་བས་བརྟན་དུ་གཏོང་རྒྱུ་ཡིན་པ་བཏོན་ཡོད། དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་ཆ་སྙོམས་ལོ་རེར་12%ཡན་འཕར་བ་བྱེད་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་སྟེ་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ཆ་སྙོམས་ལོ་རེར་13%ཡན་འཕར་བ་བྱེད་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁྱབ་པའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་ཡོང་བ་བྱས་ནས་གློག་སྤྱོད་སྤྱིར་ན་མི་འབོར་ཚང་མར་ཁྱབ་པ་བྱེད་པ། སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་བཏང་སྟེ་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་ལ་ནུས་རྒྱུ་ཟད་གྲོན་ཆུ་ཚད་རྒྱུན་མཐུད་ངང་ཆག་པ་བྱེད་པ། སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྤྱི་ཚོགས་རྒྱུན་བསྲིང་ངང་བརྟན་པོ་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་རྒྱུན་ཆད་མེད་པར་བརྟན་དུ་དང་འཕེལ་རྒྱས་འགྲོ་བ་བྱས་ནས་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།

        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་དེ་མཚོན་རྟགས་སུ་བྱས་ནས་བོད་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་པ་དང་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་གོ་སྐབས་བསུས་ཡོད། འགོ་འཛུགས་ས་གསར་པར་བསྟུན་ནས་རང་ལྗོངས་འདི་ཉིད་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཆེན་པོ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཆེན་པོར་སྐུལ་འདེད་གཏོང་བའི་དུས་མཚམས་གསར་པ་དང་། དམངས་འཚོ་ལེགས་སུ་ཆེན་པོ་དང་། རིག་གནས་དར་རྒྱས་ཆེན་པོ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཆེན་པོ་བཅས་ཀྱི་དུས་རབས་གསར་པ། རང་འཕེལ་ནུས་པ་ཆེན་པོ་དང་སྤྱི་ཚོགས་དུས་བབ་བརྟན་ལྷིང་ཆེན་པོའི་དུས་སྐབས་གསར་པ་བཅས་ལ་སླེབས་རྒྱུ་རེད། འབྱུང་འགྱུར་བོད་ཀྱི་མདུན་ལམ་མཛེས་སྡུག་ལྡན་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་གདེང་ཚོད་དང་དཔའ་སེམས་ལ་སྐུལ་མ་ཤུགས་ཆེན་ཐེབས་བཞིན་ཡོད། ང་ཚོས་ངེས་པར་དུ་དུས་སྐབས་བཟང་པོར་ཤིན་ཏུ་གཅེས་སྤྲས་དང་། ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཤིན་ཏུ་གཅེས་སྤྲས། རྩ་ཆེའི་གོ་སྐབས་ལ་ཤིན་ཏུ་གཅེས་སྤྲས་བཅས་བྱས་ཏེ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་གོ་སྐབས་དམ་འཛིན་དང་། དུས་བསྟུན་འཕེལ་རྒྱས། དཀའ་སྤྱད་འབད་འཐབ། གསར་འབྱེད་ཡར་བརྩོན་བཅས་བྱས་ཐོག “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བ། མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།