དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2010ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས 》ཀྱི་དོན་ཚན་བཅུ་གཅིག་པའི་ནང “རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་དུས་ཚོད་གཏན་འཁེལ་བྱས་ནས་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས་སྤེལ་དགོས་པའི ”གཏན་འབེབས་བྱས་པ་གཞིར་བཟུང 《2010ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས 》སྤེལ་རྒྱུ་ཡིན།

                                                                                   བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་།

                                                                                                     2011ལོའི་ཟླ་6ཚེས་5ཉིན།

        དཀར་ཆག

        ■ ཁོར་ཡུག་གི་གནས་ཚུལ།

        ● ཆུའི་ཁོར་ཡུག

        ● རླུང་ཁམས་ཆེ་མོའི་ཁོར་ཡུག

        ● འཛེར་སྒྲའི་ཁོར་ཡུག

        ● སྲ་གཟུགས་སྙིགས་རོ།

        ● འགྱེད་འཕྲོའི་ཁོར་ཡུག

        ● རྩྭ་ར / ནགས་ཚལ / འདམ་ར།

        ● སྐྱེ་དངོས་སྣ་མང་རང་བཞིན།

        ■ ཁོར་ཡུག་སྲུང་སྐྱོང་གི་ཆེད་སྒྲིག་ལེ་ཚན།

        ●ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་དང་འཆར་འགོད།

        ●སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་།

        ● འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་དོ་དམ།

        ●བཙོག་སྐྱོན་ཚོད་འཛིན།

        ●ཁོར་ཡུག་འགྱེད་འཕྲོའི་དོ་དམ།

        ●ཁོར་ཡུག་ཁྲིམས་འཛིན།

        ● ཁོར་ཡུག་གི་དྲིལ་བསྒྲགས་དང་སློབ་གསོ།

        ●ཁོར་ཡུག་ལྟ་སྐུལ་ཚད་ལེན་དང་ཚན་རིག་ཞིབ་འཇུག

        ●ཁོར་ཡུག་སྲུང་སྐྱོང་གི་སྒྲིག་གཞི་དང་དཔུང་ཁག

        སྒྲིལ་གླེང་།

        2010ལོར་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བྱ་རྒྱུ་དང་། རྒྱུན་མཐུད་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་རྒྱུ། མང་ཚོགས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་བཅས་དམིགས་ཚད་དུ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བའི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ཏེ་བོད་ལྗོངས་ས་མཐོའི་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གཏོད་པ་དང་སྣོད་བཅུད་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་གཞི་བཙུགས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་དང་། སྦགས་བཙོག་འགོག་བཅོས། ཁོར་ཡུག་འགྱེད་འཕྲོའི་དོ་དམ་བཅས་ལ་སྒོ་ཀུན་ནས་སྐུལ་འདེད་བཏང་བ་དང་ཁོར་ཡུག་ཁྲིམས་འཛིན་གྱི་ལྟ་སྐུལ་དོ་དམ་ནན་པོ་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་ལས་དོན་ཁག་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་ལྗོངས་ཡོངས་ཀྱི་ཁོར་ཡུག་སྤུས་ཀ་ཡག་པོ་རྒྱུན་འཁྱོངས་བྱས་ཡོད་པ་རེད།

        ཁོར་ཡུག་གི་གནས་ཚུལ།

        ●ཆུའི་ཁོར་ཡུག

        2010ལོར་ལྗོངས་ཡོངས་ཀྱི་ཆུ་དང་གཙང་པོ་དང་མཚེའུ་གཙོ་བོའི་ཆུ་སྤུས་ཡག་པོ་རྒྱུན་འཁྱོངས་བྱེད་ཐུབ་ནས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཀའི་ཚད་གཞི་ལོན་ཡོད།

        གནས་ཚུལ།

        ཆུ་དང་གཙང་པོ་གཙོ་བོའི་ཆུ་རྒྱུད། 2010ལོར་ཡར་ཀླུང་གཙང་པོ་དང་། འབྲི་ཆུ། རྒྱལ་མོ་རྔུལ་ཆུ། རྫ་ཆུ་སོགས་ཆུ་དང་གཙང་པོ་གཙོ་བོའི་ཆུ་གཞུང་གི་ཆུ་སྤུས 《ས་ངོས་ཆུའི་ཁོར་ཡུག་སྤུས་ཀའི་ཚད་གཞིའི 》རིགས་Ⅱཆུ་ཁོངས་ཀྱི་ཚད་གཞི་ལོན་པ་དང་། སྐྱིད་ཆུ་དང་། མྱང་ཆུ། ཉང་ཆུ་སོགས་གྲོང་ཁྱེར་དང་གྲོང་རྡལ་གལ་ཆེ་སར་འབབ་པའི་ཆུ་རྒྱུན་གྱི་ཆུ་སྤུས 《ས་ངོས་ཆུའི་ཁོར་ཡུག་སྤུས་ཀའི་ཚད་གཞིའི 》རིགས་Ⅲཆུ་ཁོངས་ཀྱི་ཚད་གཞི་ལོན་པ། ཇོ་མོ་གླང་མ་ནས་འབབ་པའི་རོང་ཕུ་ཆུའི་ཆུ་སྤུས 《ས་ངོས་ཆུའི་ཁོར་ཡུག་སྤུས་ཀའི་ཚད་གཞིའི 》རིགས་Ⅰཆུ་ཁོངས་ཀྱི་ཚད་གཞི་ལོན་པ་བཅས་རེད།

        མཚེའུ། 2010ལོར་ཡར་འབྲོག་གཡུ་མཚོ་དང་གནམ་མཚོའི་ཆུ་སྤུས་སྤྱིར་ན 《ས་ངོས་ཆུའི་ཁོར་ཡུག་སྤུས་ཀའི་ཚད་གཞིའི 》རིགས་Ⅰཆུ་ཁོངས་ཀྱི་ཚད་གཞི་ལོན་ཡོད་པ་རེད།

        གྲོང་ཁྱེར་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ། ལྷ་ས་གྲོང་ཁྱེར་གྱི་འཐུང་ཆུའི་ཆུ་འགོ་ཁུལ་4དང་དེ་བཞིན་ས་ཁུལ་གཞན་དག་6གི་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་ས་ཁུལ་དང་། གྲོང་ཁྱེར། གྲོང་རྡལ་བཅས་17གྱི་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཆུ་སྤུས་སྤྱིར་ན་ཡག་པོ་རྒྱུན་འཁྱོངས་བྱེད་ཐུབ་ནས་ཚང་མ 《ས་འོག་ཆུའི་ཁོར་ཡུག་སྤུས་ཀའི་ཚད་གཞིའི 》རིགས་Ⅱཚད་གཞི་དང 《ས་ངོས་ཆུའི་ཁོར་ཡུག་སྤུས་ཀའི་ཚད་གཞིའི 》རིགས་Ⅲཚད་གཞི་ལོན་ཡོད་པ་རེད།

        ཆུ་སྙིགས་དང་སྦགས་བཙོག་གཙོ་བོ་འབུད་ཚད།

        2010ལོར་ལྗོངས་ཡོངས་ཀྱི་བཟོ་ལས་ཀྱི་ཆུ་སྙིགས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་འབུད་ཚད་ཏུན་ཁྲི་736.28དང་ཏུན་ཁྲི་3088.78ཡིན་པ་དང་བཟོ་ལས་ཀྱི་ཆུ་སྙིགས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུའི་ནང་COD(རྫས་འགྱུར་དབྱང་མཁོ་ཚད )འབུད་ཚད་ཏུན་634.54དང་ཏུན་14664.28ཡིན་པ་རེད།

        བྱེད་ཐབས་དང་བྱ་སྤྱོད།

        2010ལོར་རྒྱལ་ཁབ་ཀྱི་གཙོ་གནད་གཅིག་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་བཅུ་ཡི་བཙོག་ཆུ་ལྟ་སྐུལ་ཚོད་འཛིན་ཁེ་ལས་ཀྱི་བཙོག་ཆུ་གཙང་བཟོ་དང་འབུད་ཚད་ལ་ལྟ་སྐུལ་དོ་དམ་ནན་པོ་བྱས་ཤིང་། ཆབ་མདོ་གྲོང་རྡལ་གྱི་བཙོག་ཆུ་གཙང་བཟོ་བཟོ་གྲྭ་སྤྱོད་འགོ་ཚུགས་པ་དང་ལྷ་ས་གྲོང་ཁྱེར་གྲོང་ཁུལ་གྱི་འཚོ་བའི་བཙོག་ཆུ་གཙང་བཟོ་བཟོ་གྲྭའི་ལས་གྲྭའི་མྱུར་ཚད་བཞིན་བདེ་བླག་ངང་ལག་བསྟར་བྱེད་བཞིན་ཡོད་པ་དང་ནག་ཆུ་གྲོང་རྡལ་གྱི་བཙོག་ཆུ་གཙང་བཟོ་བཟོ་གྲྭའི་ཐོག་མའི་འཆར་གཞི་ལེགས་གྲུབ་ཟིན་པ་དང་དེ་མིན་ས་ཁུལ་བཞིའི་སྲིད་འཛིན་ཀུང་ཧྲུའུ་གནས་སའི་གྲོང་ཁྱེར་དང་གྲོང་རྡལ་དང་དེ་བཞིན་འགག་སྒོ་གཉིས་ཀྱི་བཙོག་ཆུ་གཙང་བཟོ་བཟོ་གྲྭའི་དུས་གོང་ལས་དོན་འཕེལ་རིམ་བདེ་བླག་ཡོད་པ་རེད། རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི་1606བཏང་ནས་ལྷ་ས་གྲོང་ཁྱེར་གྱི་ནུབ་འདབས་ཆུ་མཁོ་འདོན་ཁང་དང་། སྙེ་མོ་རྫོང་དར་རོང་གྲོང་རྡལ་སྙེ་མོ་མ་ཆུ་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་གྲྭ་དགུ་ལག་བསྟར་བྱས་ཡོད།

        ●རླུང་ཁམས་ཆེ་མོའི་ཁོར་ཡུག

        2010ལོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་རླུང་ཁམས་ཆེ་མོའི་སྤུས་ཚད་ཁྱོན་ཡོངས་ནས་ཡག་པོ་ཡོད་པ་དང་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཆབ་མདོ་གྲོང་རྡལ། རྩེད་ཐང་གྲོང་རྡལ། བརྒྱད་གཅིག་གྲོང་རྡལ། ནག་ཆུ་གྲོང་རྡལ། སེང་གེ་ཁ་འབབ་གྲོང་རྡལ་བཅས་ཀྱི་ཁོར་ཡུག་དང་མཁའ་རླུང་སྤུས་ཚད་ཚང་མ 《ཁོར་ཡུག་མཁའ་རླུང་སྤུས་ཚད་ཚད་གཞིའི 》རིམ་པ་གཉིས་པའི་ཚད་གཞིར་སླེབས་ཡོད་པ་རེད།

        གནས་ཚུལ།

        གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་མཁའ་རླུང་སྤུས་ཚད། 2010ལོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་དབྱང་གཉིས་ཟི་རྫས་ཉིན་རེའི་ཆ་སྙོམས་རིན་ཐང་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.001ནས་0.052བར་ཡིན་པ་དང་ལོ་རེའི་ཆ་སྙོམས་རིན་ཐང་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.007ཡིན་པ་དེ 《ཁོར་ཡུག་མཁའ་རླུང་སྤུས་ཚད་ཚད་གཞིའི 》རིམ་པ་དང་པོའི་ཚད་གཞིར་སླེབས་ཡོད། དབྱང་གཉིས་ཏན་རྫས་ཀྱི་ཉིན་རེའི་ཆ་སྙོམས་རིན་ཐང་དེ་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.001ནས་0.062བར་ཡིན་པ་དང་ལོ་རེའི་ཆ་སྙོམས་གནས་ཐང་དེ་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.013ཡིན་པ་དེ 《ཁོར་ཡུག་མཁའ་རླུང་སྤུས་ཚད་ཚད་གཞིའི 》རིམ་པ་དང་པོར་སླེབས་ཀྱི་ཡོད། ལྷ་ས་གྲོང་ཁྱེར་གྱི་རྔུབ་ཆོག་པའི་རྡུལ་ཕྲ་རབ་ཀྱི་ཉིན་རེའི་རིན་ཐང་དེ་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.011ནས་0.474བར་ཡིན་པ་དང་ཚད་ལས་1.1%བརྒལ་ཡོད་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་རྔུབ་ཆོག་པའི་རྡུལ་ཕྲ་རབ་ཀྱི་ཉིན་རེའི་རིན་ཐང་དེ་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.015ནས་0.372བར་ཡིན་པ་དང་ཚད་ལས་1.4%བརྒལ་ཡོད་པ། རྩེད་ཐང་གྲོང་རྡལ་གྱི་རྔུབ་ཆོག་པའི་རྡུལ་ཕྲ་རབ་ཀྱི་ཉིན་རེའི་རིན་ཐང་དེ་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.012ནས་0.367བར་ཡིན་པ་དང་ཚད་ལས་3.8%བརྒལ་ཡོད་པ། བརྒྱད་གཅིག་གྲོང་རྡལ་གྱི་རྔུབ་ཆོག་པའི་རྡུལ་ཕྲ་རབ་ཀྱི་ཉིན་རེའི་རིན་ཐང་དེ་ཧའོ་ཁེ་/ སྨི་རྒྱ་དཔངས་གྲུ་བཞི་མ་0.005ནས་0.107བར་ཡིན་པ། ཆབ་མདོ་གྲོང་རྡལ་གྱི་རྔུབ་ཆོག་པའི་རྡུལ་ཕྲ་རབ་ཀྱི་ཉིན་རེའི་ཆ་སྙོམས་རིན་ཐང་དེ་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.010ནས་0.394བར་ཡིན་པ་དང་ཚད་ལས་1.1%བརྒལ་ཡོད་པ། ནག་ཆུ་གྲོང་རྡལ་གྱི་རྔུབ་ཆོག་པའི་རྡུལ་ཕྲ་རབ་ཀྱི་ཉིན་རེའི་ཆ་སྙོམས་རིན་ཐང་དེ་ཧའོ་ཁེ /སྨི་རྒྱ་དཔངས་གྲུ་བཞི་མ་0.020ནས་0.670བར་ཡིན་པ་དང་ཚད་ལས་4.1%བརྒལ་ཡོད་པ། སེང་གེ་ཁ་འབབ་གྲོང་རྡལ་གྱི་རྔུབ་ཆོག་པའི་རྡུལ་ཕྲ་རབ་ཀྱི་ཉིན་རེའི་ཆ་སྙོམས་གནས་ཐང་དེ་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.010ནས་0.347བར་ཡིན་པ་དང་ཚད་ལས་2.4%བརྒལ་ཡོད་པ། གྲོང་ཁྱེར་དང་གྲོང་རྡལ་བདུན་གྱི་རྔུབ་ཆོག་པའི་རྡུལ་ཕྲ་རབ་ཀྱི་ཉིན་རེའི་ཆ་སྙོམས་རིན་ཐང་དེ་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.052ཡིན་པ་དང་སྤྱི་ཡོངས་ནས 《ཁོར་ཡུག་མཁའ་རླུང་སྤུས་ཚད་ཚད་གཞིའི 》རིམ་པ་གཉིས་པའི་ཚད་གཞིར་སླེབས་པ་བཅས་རེད།

        2010ལོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་བདུན་གྱི་མཁའ་རླུང་སྤུས་ཚད་ལེགས་ཚད་ནི། ལྷ་ས་གྲོང་ཁྱེར་98.9%དང་། གཞིས་རྩེ་གྲོང་ཁྱེར་99.5% ཆབ་མདོ་གྲོང་རྡལ་98.9% རྩེད་ཐང་གྲོང་རྡལ་96.2% ནག་ཆུ་གྲོང་རྡལ་95.9% བརྒྱད་གཅིག་གྲོང་རྡལ་100% སེང་གེ་ཁ་འབབ་གྲོང་རྡལ་97.6%བཅས་ཡིན། སྦགས་བཙོག་ཅུང་ཟད་བཟོ་བའི་རྒྱུ་གྲངས་གཙོ་བོ་དེ་རྔུབ་ཆོག་པའི་རྡུལ་ཕྲ་རབ་ཡིན་པ་དང་དེའི་རྒྱུ་རྐྱེན་གཙོ་བོ་ནི་དགུན་དཔྱིད་དུ་ཆར་པ་འབབ་ཚད་ཉུང་བ་དང་། མཁའ་རླུང་སྐམ་ཤས་ཆེ་བ། ཐལ་རླུང་མང་བ་སོགས་ཀྱི་དབང་གིས་མཁའ་རླུང་ཁྲོད་ཀྱི་རྡུལ་མང་དུ་འགྲོ་གི་ཡོད།

        གཙོ་གནད་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད། 2010ལོར་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད 《ཁོར་ཡུག་མཁའ་རླུང་སྤུས་ཚད་ཚད་གཞིའི 》རིམ་པ་གཉིས་པའི་ཚད་གཞིར་སླེབས་ཡོད། དབྱང་གཉིས་ཟི་རྫས་ཀྱི་ཉིན་རེའི་ཆ་སྙོམས་ཀྱི་རིན་ཐང་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.004ནས་0.018བར་ཡིན་པ་དང་ལོའི་ཆ་སྙོམས་རིན་ཐང་དེ་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.007ཡིན་པ་དང་། དབྱང་གཉིས་ཏན་རྫས་ཀྱི་ཉིན་རེའི་ཆ་སྙོམས་ཀྱི་རིན་ཐང་དེ་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.004ནས་0.054བར་ཡིན་པ་དང་ལོའི་ཆ་སྙོམས་རིན་ཐང་དེ་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.021ཡིན་པ། དབྱང་གཉིས་ཟི་རྫས་དང་དབྱང་གཉིས་ཏན་རྫས་ཀྱི་ཉིན་རེའི་ཆ་སྙོམས་རིན་ཐང་དང་ལོའི་ཆ་སྙོམས་རིན་ཐང་དེ 《ཁོར་ཡུག་མཁའ་རླུང་སྤུས་ཚད་ཚད་གཞིའི 》རིམ་པ་དང་པོའི་ཚད་གཞིར་སླེབས་ཡོད། རྔུབ་ཆོག་པའི་རྡུལ་ཕྲ་རབ་ཀྱི་ཉིན་རེའི་ཆ་སྙོམས་རིན་ཐང་གི་ཁྱབ་ཁོངས་དེ་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.011ནས་0.474བར་ཡིན་པ་དང་ཚད་ལས་1.1%བརྒལ་ཡོད། ལོའི་ཆ་སྙོམས་རིན་ཐང་དེ་ཧའོ་ཁེ་/སྨི་རྒྱ་དཔངས་གྲུ་བཞི་མ་0.048ཡིན་པ་དེ 《ཁོར་ཡུག་མཁའ་རླུང་སྤུས་ཚད་ཚད་གཞིའི 》རིམ་པ་གཉིས་པའི་ཚད་གཞིར་སླེབས་ཀྱི་ཡོད། རྡུལ་འཇགས་ཚད་ཆ་སྙོམས་དེ་ཏུན་8.86སྟོང་སྨི་ངོས་སྙོམས་གྲུ་བཞི་ཉིན་30ཡིན། ལྷ་ས་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་ཁོར་ཡུག་མཁའ་རླུང་གི་སྤྲུས་ཚད་ལེགས་པའི་ཉིན་གྲངས་དེ་361ཟིན་པ་དེས་98.9%བཟུང་བའི་ནང་ལེགས་པས་69.9%བཟུང་ཡོད་པ་དང་། བཟང་ཙམ་གྱིས་29.0%བཟུང་ཡོད་པ། སྦགས་བཙོག་ཕྲན་བུས་0.8 %བཟུང་ཡོད་པ། སྦགས་བཙོག་བཟོ་ཆེ་ཚད་ཀྱིས་0.3%བཟུང་ཡོད་པ་བཅས་རེད།

        ཇོ་མོ་གླང་མ་ས་ཁུལ་གྱི་མཁའ་རླུང་སྤུས་ཚད། 2010ལོར་ཇོ་མོ་གླང་མ་ས་ཁུལ་གྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་དེ་མུ་མཐུད་ལེགས་ཙམ་རྒྱུན་འཁྱོངས་ཐུབ་ནས 《ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ཚད་གཞི 》རིམ་པ་དང་པོའི་ཚད་གཞི་ལོན་ཡོད།

        སྐྱུར་ཆར། 2010ལོར་ལྷ་ས་གྲོང་ཁྱེར་གྱི་ཆར་པའི་PHགནས་ཐང་དེ་7.4ནས་8.1བར་གནས་པ་དང་སྐྱུར་ཆར་འབབ་མེད།

        རླངས་རོ་དང་སྦགས་བཙོག་དངོས་པོ་གཙོ་བོ་བཤངས་འབུད་བྱེད་ཚད།

        2010ལོར་ལྗོངས་ཡོངས་ཀྱི་བཟོ་ལས་ཀྱི་རླངས་རོ་བཤངས་འབུད་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་15.81ལོན་པ་དང་བཟོ་ལས་རླངས་རོའི་ཁྲོད་ཀྱི་དབྱང་གཉིས་ལེའུ་འགྱུར་བཤངས་འབུད་བྱེད་ཚད་ཏུན་956.18དང་བཟོ་ལས་ཀྱི་ཐལ་རྡུལ་བཤངས་འབུད་བྱེད་ཚད་ཏུན་844.64ལོན་ཡོད།

        བྱེད་ཐབས་དང་བྱ་སྤྱོད།

        རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་གཙོ་གནད་དུ་ལྟ་སྐུལ་ཚོད་འཛིན་བྱེད་པའི་ཁེ་ལས་2དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་དུ་རླུང་ཁམས་ཆེ་མོའི་སྦགས་བཙོག་ལྟ་སྐུལ་ཚོད་འཛིན་བྱེད་པའི་ཁེ་ལས་20ཡི་ཁོར་ཡུག་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་བོད་ལྗོངས་མཐོ་བརྩོན་འཛུགས་སྐྲུན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིའི་བརླན་ཐབས་ཨར་འདམ་བཟོ་འཁོར་ཐོན་སྐྱེད་བྱེད་མཚམས་བཞག་པ་དང་ལྷོ་ཁ་ཧྭ་ཤིན་ཨར་འདམ་བཟོ་གྲྭའི་ལེ་ལག་ཚང་བའི་སྦགས་བཙོག་བཅོས་སྐྱོང་སྒྲིག་ཆས་ཁྱོན་ཡོངས་ནས་བེད་སྤྱོད་བྱེད་འགོ་ཚུགས་པ་རེད། 2010ལོར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་རྫབ་རླངས་འཛུགས་སྐྲུན་ཐད་སྤྱོད་པའི་མ་དངུལ་སྒོར་ཁྲི་21041.7ལོན་པ་དང་2010ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་ལྗོངས་ཡོངས་ཀྱི་ས་ཁུལ (གྲོང་ཁྱེར )7དང་རྫོང་59ཡི་དུད་ཚང་ཁྲི་15ཡི་གྲོང་གསེབ་ཀྱི་རྫབ་རླངས་རྫིང་བུ་འཛུགས་སྐྲུན་བྱས་ནས་ཞིང་འབྲོག་པ་དུད་ཚང་ཁྲི་39.5ལ་ཉི་ནུས་ཐབ་སྤྲད་ཡོད། 2010ལོ་བར་ལྗོངས་ཡོངས་སུ་རྫོང་རིམ་པ་དང་ཤང་རིམ་པའི་འོད་ཤུགས་གློག་ཁང་400ཙམ་བསྐྲུན་པར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་9000ལོན་པ་རེད།

        ●འཛེར་སྒྲའི་ཁོར་ཡུག

        2010ལོར་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་གི་འཛེར་སྒྲའི་འབྱུང་ཁུངས་ཁྲོད་འགྲོ་ལམ་འགྲིམ་འགྲུལ་དང་། བཟོ་སྐྲུན་ཨར་རྒྱག འཚོ་བའི་རོལ་རྩེད་ཀྱི་འཛེར་སྒྲ་བཅས་ཀྱིས་སྔར་བཞིན་གནས་བབ་གཙོ་བོ་བཟུང་ཡོད།

        གནས་ཚུལ།

        2010ལོར་ལྷ་ས་གྲོང་ཁྱེར་གྱི་ནུས་པའི་ཁུལ་གྱི་ཁོར་ཡུག་གི་འཛེར་སྒྲ་ཉིན་མཚན་ནུས་མཚུངས་རིམ་པའི་ཁྱབ་ཁོངས་ནི། རིགས་ཁུལ་དང་པོ་ཧྥུན་པེ་26.7ནས་ཧྥུན་པེ་57.6བར་གནས་པ་དང་ཉིན་མོ་ཚད་ལོན་ཚད་100%དང་མཚན་མོ་ཚད་ལས་བརྒལ་ཚད་25%ལོན་པ་དང་། རིགས་ཁུལ་གཉིས་པའི་ཧྥུན་པེ་36.1ནས་ཧྥུན་པེ་62.2བར་གནས་པ་དང་ཉིན་མོ་ཚད་ལས་བརྒལ་ཚད་25%དང་མཚན་མོ་ཚད་ལས་བརྒལ་ཚད་50%ལོན་ཡོད། 4aརིགས་ཁུལ་གྱི་ཧྥུན་པེ་41.5ནས་ཧྥུན་པེ་70.8བར་གནས་པ་དང་ཉིན་མོ་ཚད་ལོན་ཚད་100%དང་མཚན་མོ་ཚད་ལས་བརྒལ་ཚད་50%ལོན་ཡོད།

        2010ལོར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་འཛེར་སྒྲའི་ཁོར་ཡུག་ལེགས་ཙམ་ཡོད་པ་དང་ནུས་མཚུངས་རིམ་པ་ཧྥུན་པེ་66.1ནས་ཧྥུན་པེ་71.3བར་གནས་ནས་ལོའི་ཆ་སྙོམས་གནས་ཐང་ཧྥུན་པེ་69.55ལོན་ཐོག་ལོའི་ཆ་སྙོམས་གནས་ཐང་དེ་ལོ་གོང་མ་དང་རྩ་བའི་ཆ་ནས་དོ་སྙོམས་བྱུང་ཡོད། ཚད་འཇལ་བའི་འགྲོ་ལམ་གྱི་རིང་ཚད་བསྡོམས་ཆན་སྨི་52.95ལོན་ནས་ཚད་ལས་བརྒལ་བའི་དུམ་བུ་ཆན་སྨི་19.75ལོན་པ་དང་ཚད་ལས་བརྒལ་ཚད་37.5%ལོན་པ་དེ་ལོ་གོང་མ་ལས་5%འཕར་ཡོད།

        བྱེད་ཐབས་དང་བྱ་སྤྱོད།

        2010ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ཁོར་ཡུག་ཁྲིམས་འཛིན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ཕྱིར་འབུད་ཀྱི་ལམ་བཤེར་ལས་དོན་ཧུར་ཐག་སྤེལ་བ་དང་། སྤྱི་པའི་བྱེད་སྒོ་སྤེལ་ཡུལ་གྱི་འཛེར་སྒྲའི་སྦགས་བཙོག་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་མཚན་མོ་འཛུགས་སྐུན་ཨར་རྒྱག་གི་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་འཛུགས་སྐྲུན་དང་རོལ་རྩེད་ལས་བྱུང་བའི་འཛེར་སྒྲས་མང་ཚོགས་ལ་སུན་པོ་བཟོས་པའི་གནད་དོན་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་བ། ལྗོངས་ཡོངས་ཀྱི་འབྲིང་རིམ་དང་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་བྱེད་རིང་འཛེར་སྒྲའི་སྦགས་བཙོག་ཚོད་འཛིན་དང་ལྟ་སྐུལ་ཞིབ་བཤེར་མུ་མཐུད་བྱ་རྒྱུ་བཅས་རེད།

        ●སྲ་གཟུགས་སྙིགས་རོ།

        ལྗོངས་ཡོངས་ཀྱི་བཟོ་ལས་ཀྱི་སྲ་གཟུགས་སྙིགས་རོ་ནི་གཙོ་བོ་གཏེར་ཁ་སྔོག་འདེམས་ལས་བྱུང་བའི་སྙིགས་རོ་ཡིན་པ་དང་འཚོ་བའི་གད་སྙིགས་དང་འཛུགས་སྐྲུན་གད་སྙིགས་དེ་རང་ལྗོངས་ཀྱི་གྲོང་ཁྱེར་གྱི་གད་སྙིགས་གཙོ་བོ་ཡིན་པ་རེད།

        གནས་ཚུལ།

        བཟོ་ལས་ཀྱི་སྲ་གཟུགས་སྙིགས་རོ། 2010ལོར་ལྗོངས་ཡོངས་ཀྱི་བཟོ་ལས་ཀྱི་སྲ་གཟུགས་སྙིགས་རོའི་ཐོན་ཚད་ཏུན་ཁྲི་11ཡིན་པ་དང་མང་ཆེ་བ་ཕྱིར་འབུད་བྱེད་ཀྱི་ཡོད། ཕྱིར་འབུད་བྱེད་པའི་བཟོ་ལས་ཀྱི་སྲ་གཟུགས་སྙིགས་རོས་རྨོ་ཞིང་བཟུང་མེད།

        གྲོང་ཁྱེར་གྱི་གད་སྙིགས། 2010ལོར་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱི་ལོའི་གྲོང་ཁྱེར་གྱི་གད་སྙིགས་ཐོན་ཚད་བསྡོམས་ཏུན་ཁྲི་36.135ཟིན་པ་དང་། ལོའི་གྲོང་ཁྱེར་གྱི་གད་སྙིགས་གཙང་བཟོ་དང་དབོར་འདྲེན་བྱེད་ཚད་ཏུན་ཁྲི་34.33དང་ལོའི་གྲོང་ཁྱེར་གྱི་གད་སྙིགས་གཙང་སེལ་བྱེད་ཚད་ཏུན་ཁྲི་34.33ཟིན་ཡོད།

        བྱེད་ཐབས་དང་བྱ་སྤྱོད།

        2010ལོར་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ཁྱོན་ཡོངས་ནས “འགྱིག་ཤོག་གི་སྦགས་བཙོག ”བཀག་འགོག་བྱེད་པའི་ལས་དོན་མུ་མཐུད་སྤེལ་བ་དང་ལྗོངས་ཡོངས་སུ་ཐེངས་གཅིག་རང་བཞིན་གྱི་འགྱིག་ཤོག་སྡེབ་ཚོང་ནག་ཚང་གསུམ་ཞིབ་བཤེར་ཐག་གཅོད་བྱས་པར་ཐེངས་གཅིག་རང་བཞིན་གྱི་འགྱིག་ཤོག་ཏུན་40ལྷག་ཙམ་དང་སྤོས་འགྱིག་བཟའ་སྣོད་ཁྲི་3.5ལྷག་ཙམ་གཞུང་བཞེས་བཏང་བ་རེད།

        2010ལོར་ནག་ཆུ་ས་ཁུལ་ཨ་མདོ་རྫོང་དང་། ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་། མངའ་རིགས་ས་ཁུལ་སྤུ་ཧྲེང་རྫོང་བཅས་གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་སྦས་ཡུལ་གསུམ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དང་། ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་། མངའ་རིས་ས་ཁུལ་རྩ་མདའ་རྫོང་བཅས་གད་སྙིགས་སྦས་ཡུལ་གསུམ་འཛུགས་སྐྲུན་ལེགས་གྲུབ་ཟིན་པ། གཞིས་རྩེ་ས་ཁུལ་ཁང་དམར་རྫོང་དང་ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་སྦས་ཡུལ་14འཛུགས་སྐྲུན་བྱེད་པའི་དུས་འགོའི་ལས་དོན་སྤེལ་བ་བཅས་རེད། ས་ཁུལ་དྲུག་གི་སྨན་བཅོས་སྙིགས་རོ་བཀོད་སྒྲིག་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ཁྲོད་ལྷོ་ཁ་དང་། ཉིང་ཁྲི། ཆབ་མདོ་བཅས་ས་ཁུལ་གསུམ་དུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་གཞིས་རྩེ་དང་། མངའ་རིས། ནག་ཆུ་བཅས་ས་ཁུལ་གསུམ་དུ་ཇུས་འགོད་རགས་ཙམ་བྱས་པ་རེད།

        ●འགྱེད་འཕྲོའི་ཁོར་ཡུག

        2010ལོར་བོད་རང་སྐྱོང་ལྗོངས་ཀྱི་འགྱེད་འཕྲོའི་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་ཀྱི་གནས་ཚུལ་ལེགས་ཙམ་ཡོད་པ་རེད།

        གནས་ཚུལ། 2010ལོར་ལྗོངས་ཡོངས་སུ་ཁ་དམ་པོ་བཀག་པའི་འགྱེད་འཕྲོའི་ཡོང་ཁུངས་70དང་འཕྲོ་འོད་སྒྲིག་ཆས་810ཡོད་པ་དང་དེ་དག་ཚང་མ་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་པའི་ཁྲོད་གནས་ཡོད། ལྗོངས་ཡོངས་སུ་གློག་ཁབ་ལེན་གྱི་འགྱེད་འཕྲོའི་སྒྲིག་ཆས་4773དང་རྨང་གཞིའི་ས་ཚུགས་4163ཡོད། ཁོར་ཡུག་གི་ས་གཞིའི་ངོས་rའགྱེད་འཕྲོའི་སྐད་ཅིག་ཉིད་ཀྱི་འདུས་ཚད་ཆུ་ཚོད་རེར་ན་ཀ་རུའེ་59.6ནས་160.6ཡིན་པ་དང་ཁོར་ཡུག་གི་ས་ངོས་rའགྱེད་འཕྲོའི་གསོག་འཇོག་འདུས་ཚད་ན་ཀ་རུའེ་164.7ནས་237.0བར་ཡིན་པ་དང་རང་བྱུང་གི་འགྱེད་འཕྲོའི་རང་བཞིན་གྱི་ཆུ་ཚད་རྨང་གཞི་དེའི་འཕར་ཆག་བྱེད་པའི་ཁྱབ་ཁོངས་ནང་རྒྱུན་འཁྱོངས་ཐུབ་ཡོད།

        བྱེད་ཐབས་དང་བྱ་སྤྱོད།

        2010ལོར་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་དྲ་ཚུགས་19དང་རང་སྐྱོང་ལྗོངས་ཀྱིས་ཚོད་འཛིན་བྱེད་པའི་དྲ་ཚུགས་21གི་འགྱེད་འཕྲོའི་ཁོར་ཡུག་ལ་རྒྱུན་གཏན་གྱི་ལྟ་དཔྱད་ཚད་ལེན་བྱས་པར་ཁྱོན་ཁོར་ཡུག་ལ་འགྱེད་འཕྲོའི་བྱུང་བའི་རྒྱུན་གཏན་གྱི་གྲངས་གཞི་1564ཐོབ་ཡོད། མཚེའུ་ངོས་སུ་འཇིག་རྟེན་ཁམས་ནས་འགྱེད་འཕྲོ་བྱུང་བར་ཚད་ལེན་བྱས་པར་ལྟ་དཔྱད་ཚད་ལེན་གྱི་གྲངས་གཞི་340ཐོབ་ཡོད། སྒུལ་བདེའི་རྨང་གཞིའི་ས་ཚིགས་1དང་འགྱེད་འཕྲོ་ལྷན་སྐྱེས་ཀྱི་གཙོ་གནད་གཏེར་རི་13དང་འགྱེད་འཕྲོའི་ཡོང་ཁུངས་བེད་སྤྱོད་བྱེད་མཁན་ཚན་པ་23ལ་ལྟ་སྐུལ་རང་བཞིན་ལྡན་པའི་ལྟ་དཔྱད་ཚད་ལེན་བྱས་པར་ལྟ་དཔྱད་ཚད་ལེན་གྱི་གྲངས་གཞི་1677ཐོབ་ཡོད།

        ●རྩྭ་ར་དང་། ནགས་ཚལ། འདམ་ར།

        རྩྭ་ར། 2010ལོར་ལྗོངས་ཡོངས་སུ་ཁྱོན་རང་བྱུང་རྩྭ་ར་རྒྱ་ཁྱོན་སྤྱི་ཆིང་ཁྲི་8200ཡོད་པའི་ནང་བེད་སྤྱོད་བྱེད་ཆོག་པའི་རང་བྱུང་རྩྭ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་5500ཡོད། གོ་ལ་ཁྱོན་གྱི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ས་ཁུལ་ཆ་ཤས་སུ་རྩྭ་ར་ཞན་འགྱུར་དང་བྱེ་འགྱུར་གྱི་སྣང་ཚུལ་ཐོན་ཡོད།

        ནགས་ཚལ། ལྗོངས་ཡོངས་སུ་ད་ཡོད་ནགས་ཚལ་སྤྱི་ཆིང་ཁྲི་1462.65ཟིན་པ་དང་ནགས་ཚལ་ཁེབས་ཚད་11.91%ཟིན་ཡོད།

        འདམ་ར། ལྗོངས་ཡོངས་སུ་འདམ་ར་སྤྱི་ཆིང་ཁྲི་600ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་4.9%ཟིན་པ་དང་དེ་རང་རྒྱལ་གྱི་མདུན་གྲལ་དུ་སླེབས་ཀྱི་ཡོད་པ་དང་སྦྲགས་འཛམ་གླིང་ཐོག་གཅིག་པུ་ཁོ་ན་ལས་མེད་པའི་ས་མཐོའི་འདམ་ར་ཡིན།

        བྱེད་ཐབས་དང་བྱ་སྤྱོད།

        2010ལོར་ལྗོངས་ཡོངས་ཀྱིས་ཁྱོན་ཤིང་འཛུཌ་ནཌ་བཟོ་མུའུ་ཁྲི་93.48(ལས་གྲྭའི་རི་རྒྱ་བསྡམས་ནས་ནཌ་གསོའི་མུའུ་ཁྲི་30.43དང་གཙོ་གནད་ས་ཁོངས་སུ་ཤིང་འཛུགས་ནགས་བཟོ་བྱས་པའི་མུའུ་ཁྲི་28.94ཙམ་ཚུད་ཡོད )ལེགས་སྒྲུབ་བྱས་པ་དང་གསར་དུ་རི་རྒྱ་བསྡམས་ནས་ནགས་གསོ་བྱས་པའི་རྒྱ་ཁྱོན་མུའུ་ཁྲི་52.6ཟིན་ཡོད། འབྲི་ཆུའི་སྟོད་རྒྱུད་ཀྱི་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་གི་ལས་གྲྭ་མུ་མཐུད་ལག་བསྟར་བྱས་པ་དང་ལས་གྲྭ་ཧྲིལ་པོར་མ་དངུལ་སྒོར་ཁྲི་2403བཏང་ཡོད་པའི་ནང་གཞི་རྩའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི་168བཏང་སྟེ་རི་རྒྱ་བསྡམས་ནས་ནགས་གསོ་མུའུ་ཁྲི་3ལེགས་སྒྲུབ་བྱས་ཡོད། རྨོ་བསྐྱུར་ནགས་གསོའི་འདུ་འགོད་མུ་མཐུད་ལག་བསྟར་བྱས་ནས་མ་དངུལ་སྒོར་ཁྲི་7198.14བཏང་ཡོད་པའི་ནང་འབྲུ་རིགས་ཀྱི་དངུལ་སྨར་ཕབ་ཚད་དང་ཁ་གསབ་དངུལ་སྨར་སྒོར་ཁྲི་5508.14ཟིན་པ་དང་རྨོ་བསྐྱུར་ནགས་གསོའི་འདུ་འགོད་ལ་བརྟེན་ནས་རི་རྒོད་དང་ཐང་རྒོད་དུ་ཤིང་འཛུགས་མུའུ་ཁྲི་6བྱས་པ་དང་རི་རྒྱ་བསྡམས་ནས་ནགས་གསོ་མུའུ་ཁྲི་7བྱས་ཡོད། ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་ཐེབས་རྩ་སྒོར་ཁྲི་76364གནས་འབྱོར་བྱུང་བ་དེ་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་གནད་ཆེའི་སྤྱི་ཕན་ཤིང་ནགས་མུའུ་ཁྲི་15065.19(དེའི་ནང་མཉམ་སྡེབ་ཀྱི་ཤིང་ནགས་མུའུ་ཁྲི་103.82ཀྱི་ཁ་གསབ་ཚད་གཞི་མུའུ་རེར་སྒོར་10བར་མཐོ་རུ་བཏང་ཡོད )སྲུང་སྐྱོང་དང་དོ་དམ་གཡོག་བྱེད་ཐད་སྤྱད་པ་དང་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་བྱ་དགའི་ལམ་སྲོལ་གྱི་ཚོད་ལྟའི་མ་དངུལ་སྒོར་ཁྲི་20572གནས་འབྱོར་བྱུང་བས་རྫོང་5ལ་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་བྱ་དགའི་ལམ་སྲོལ་གྱི་ཚོད་ལྟའི་ལས་ཀ་མུ་མཐུད་བྱས་ཡོད།

        ●སྐྱེ་དངོས་སྣ་མང་རང་བཞིན།

        བོད་ནི་འཛམ་གླིང་ཐོག་གི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་གྱིན་མཛོད་གལ་ཆེན་ཞིག་རེད།

        སྐྱེ་དངོས་ཀྱི་རིགས། བོད་དུ་བདག་ཏུ་མ་བཟུང་བའི་རྩི་ཤིང་སྣ་ཁ་9600ལྷག་ཙམ་དང་མཐོ་རིམ་རྩི་ཤིང་སྣ་ཁ་6400(དེའི་ནང་སྦུ་གུ་ཆུན་པོའི་རྩི་ཤིང་སྣ་ཁ་5700ལྷག་ཙམ་དང་སྔོ་དྲེག་རིགས་ཀྱི་རྩི་ཤིང་སྣ་ཁ་700ལྷག་ཙམ་ཡོད )ཡོད་པ་དེ་ཁོངས་270ལྷག་ཙམ་དང་རིགས་1510ལྷག་ཙམ་ལ་གཏོགས་པ་དང་སྣ་ཁ་855ནི་བོད་ལ་དམིགས་སུ་ཡོད་པ་ཞིག་རེད། དམིགས་བསལ་བེད་སྤྱོད་གཏོང་ཡུལ་ཡོད་པའི་བོད་སྨན་གྱི་སྨན་རྩྭ་སྣ་ཁ་300ལྷག་ཙམ་ཡོད།

        བོད་དུ་སྲོག་ཆགས་ཀྱི་རིགས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། བདག་ཏུ་མ་བཟུང་བའི་སྒལ་ཚིགས་སྲོག་ཆགས་སྣ་ཁ་798ཡོད་པ་དེའི་ནང་སྲོག་ཆགས་125ནི་རྒྱལ་ཁབ་ཀྱི་གནད་ཆེའི་སྲུང་སྐྱོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གྲས་སུ་ཚུད་པ་དེས་རྒྱལ་ཡོངས་ཀྱི་གནད་ཆེའི་སྲུང་སྐྱོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གསུམ་ཆ་གཅིག་ཡན་བཟུང་བ་དང་སྣ་ཁ་196ནི་བོད་ལ་དམིགས་སུ་ཡོད་པ་ཞིག་རེད། བོད་ཀྱི་རྐྱང་དང་། འབྲོང་། གཙོད་སོགས་ནི་རང་རྒྱལ་དུ་དམིགས་སུ་ཡོད་པའི་རྩ་ཆེའི་སྲུང་སྐྱོང་སྲོག་ཆགས་རེད། གཞན་ཡང་བོད་དུ་ད་དུང་དམིགས་བསལ་གྱི་གྲོད་གས་ཉ་རིགས་སྣ་ཁ་མང་པོ་ཡོད་པ་དེའི་རིགས་དང་གྲངས་འབོར་གྱིས་འཛམ་གླིང་གི་གྲོད་གས་ཉ་རིགས་ཀྱི་90%ཡན་བཟུང་ཡོད། བྱ་རིགས་488ཡོད་པ་དེའི་ནང་བྱ་རིགས་སྣ་ཁ་22ནི་བོད་དུ་དམིགས་སུ་ཡོད་པའི་བྱ་རིགས་ཡིན་པ་དང་འབུ་སྲིན་རིགས་སྣ་ཁ་4000ཙམ་ཡོད།

        རགས་རྩིས་ལ་གཞིགས་ན། བོད་དུ་ཆུ་སྐྱེས་སྐྱེ་དངོས་ཁྲོད་ཆུ་ཐོག་གཡེང་བའི་སྲོག་ཆགས་སྣ་ཁ་760ལྷག་ཙམ་ཡོད་པ་དེའི་ནང་གདོད་སྐྱེས་སྲོག་ཆགས་སྣ་ཁ་458དང་། འབུ་སྲིན་སྣ་ཁ་208འགྲམ་རྐང་རིཌ་ཀྱི་སྣ་ཁ་56བཅས་ཡོད། ཆུ་སྐྱེས་རྩི་ཤིང་ནང་ཆུ་སྐྱེས་སྔོ་རིགས་ཁྱོན་སྣ་ཁ་340ཡོད།

        རང་བྱུང་སྲུང་སྐྱོང་ཁུལ། 2010ལོའི་ལོ་མཇུག་བར་ལྗོངས་དེ་ཡོངས་སུ་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་4(དེའི་ནང་རྒྱལ་ཁབ་རིམ་པའི་9དང་། རང་སྐྱོང་ལྗོངས་རིམ་པའི་14 ས་ཁུལ་དང་། གྲོང་ཁྱེར། རྫོང་བཅས་རིམ་པའི་24བཅས་ཡོད )ཡོད་པ་དང་སྲུང་སྐྱོང་ཁུལ་གྱི་སྤྱིའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་41.37ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་གཞི་ཁྱོན་གྱི་34.47%བཟུང་ཡོད།

        སྣོད་བཅུད་ནུས་པ་སྲུང་སྐྱོང་ཁུལ། 2010ལོའི་ལོ་མཇུག་བར་ལྗོངས་དེ་ཡོངས་སུ་རིཌ་ཁག་གི་སྣོད་བཅུད་ནུས་པ་སྲུང་སྐྱོང་ཁུལ་21(དེའི་ནང་རྒྱལ་ཁབ་རིམ་པའི་1ཡོད )བཙུཌ་པ་དང་སྲུང་སྐྱོང་ཁུལ་གྱི་སྤྱིའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་2.65ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་གཞི་ཁྱོན་གྱི་2.2%བཟུང་ཡོད།

        བྱེད་ཐབས་དང་བྱ་སྤྱོད།

        2010ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཆེད་དོན་མ་དངུལ་སྒོར་ཁྲི་85དོན་འཁྱོལ་བྱས་ནས་ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཚད་ལྡན་ཅན་གྱི་འཛུགས་སྐྱོང་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས 《བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་སྲུང་སྐྱོང་སྲོག་ཡིག 》གྲོས་ཞིབ་གྲོས་འཆམ་བྱས་པ་དང 《ལྷ་ཀླུ་འདམ་ར་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོག་ཡིག 》བཟོ་བཅོས་བརྒྱབ་པ་དང་འབྲེལ་ཡོངས་བསྒྲགས་ཀྱང་བྱས་ཡོད།

        2010ལོར “ས་མཐོའི་རལ་གྲི ”དང “ལྗང་མདའ ”ཞེས་པ་སོགས་ཀྱི་བདག་ཏུ་མི་བཟུང་བའི་སྲོག་ཆགས་སྲུང་སྐྱོང་གི་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་ཐེངས་བཞི་སྤེལ་ནས་ནགས་ཚལ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ལ་གཏོར་བཤིག་བཏང་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཁག་ལ་རྡུང་རྡེག་ཚ་ནན་བཏང་ནས་ནགས་ལས་ཐད་ཀྱི་གྱོད་གཞི་206ཞིབ་གཅོད་བྱས་པས་ལོ་ཧྲིལ་པོར་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྐོག་རྔོན་རྒྱག་པའི་གྱོད་གཞི་གཅིག་ཀྱང་ཐོན་མེད།

        ཁོར་ཡུག་སྲུང་སྐྱོང་གི་ཆེད་སྒྲིག་ལེ་ཚན།

        ●ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་དང་འཆར་འགོད།

        2010ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས 《བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རྒྱུན་བསྲིང་རང་བཞིན་གྱི་སྐྱེ་ལྡན་སྦགས་བཙོག་དངོས་པོའི (POPs)སྦགས་བཙོག་འགོག་བཅོས་འཆར་འགོད 》གྲོས་ཞིབ་གྲོས་འཆམ་བྱས་པ་དང 《བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་སྦགས་བཙོག་དངོས་པོ་གཙོ་བོའི་སྤྱི་འབོར་ཚོད་འཛིན་འཆར་འགོད 》བཟོས་པ་རེད།

        ● སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་།

        2010ལོར་མ་དངུལ་སྒོར་ཁྲི་78317དོན་འཁྱོལ་བྱས་ནས་རང་བྱུང་སྤང་ལྗོངས་སྲུང་སྐྱོང་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དང་དེ་བཞིན་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན། ནགས་ཚལ་མེ་ཟོན་དང་དེ་བཞིན་གནོད་ཡོད་སྐྱེ་དངོས་འགོག་བཅོས། ཞིང་འབྲོག་ཁུལ་གྱི་སྲོལ་རྒྱུན་ནུས་རྒྱུའི་ཚབ་བྱེད། གལ་ཆེན་འདམ་ར་སྲུང་སྐྱོང་། འགོག་སྲུང་ཤིང་ནགས་མ་ལག་འཛུགས་སྐྱོང་། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་དང་དེ་བཞིན་རང་བྱུང་སྤང་ལྗོངས་ལེགས་བཅོས། ས་ཆུ་ཤོར་བར་བཅོས་སྐྱོང་། བྱེ་འགོག་བྱེ་བཅོས། སྣོད་བཅུད་བདེ་འཇགས་སྲུང་ཡོལ་ལྟ་ཞིབ་ཚད་ལེན་སོགས་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྱོང་འདུ་འགོད་ལག་ལེན་བསྟར་ཡོད། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་རི་སའི་གནོད་འཚེ་དང་ཁོར་ཡུག་ཞིབ་འཇུག་སོའོ་དང 《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ལྟ་ཞིབ་ཚད་ལེན་མ་ལག་མཉམ་སྐྲུན་བྱ་རྒྱུའི་སྐོར་གྱི་གྲོས་ཡིག 》བཞག་པ་རེད།

        རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་ར་འོག་མཚོ་དང་། བཟང་བཟང་། ངང་རྩི་མཚོ —དམར་མཚོ་བཅས་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གསུམ་གསར་སྐྲུན་བྱས་ཡོད། ཀྲུང་དབྱང་གི་གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་ཆེད་དོན་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ་མ་དངུལ་སྒོར་ཁྲི་2070དོན་འཁྱོལ་བྱས་ནས་གྲོང་ཚོ་26གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལག་ལེན་བསྟར་བ་རེད། ལྗོངས་ཡོངས་སུ་ཁོར་ཡུག་མཛེས་པའི་ཤང་གྲོང་དང་དེ་བཞིན་སྣོད་བཅུད་གྲོང་ཚོ་གསར་འཛུགས་ལས་དོན་སྤེལ་འགོ་ཚུགས་ནས་ཉིང་ཁྲི་ས་ཁུལ་དང་། ལྷོ་ཁ་ས་ཁུལ། ལྷ་ས་གྲོང་ཁྱེར་བཅས་ཀྱིས་འཛུགས་རྒྱུའི་ཡིག་ཐོག་རེ་ཞུ་བྱས་པའི་ཁག་དང་པོའི་ཁོར་ཡུག་མཛེས་པའི་ཤང་གྲོང་དང་སྣོད་བཅུད་གྲོང་ཚོ་13ལ་དཔྱད་ཞིབ་བྱས་པ་རེད། ཉིང་ཁྲི་ས་ཁུལ་གྱིས 《སྣོད་བཅུད་ཉིང་ཁྲི་འཛུགས་སྐྲུན་འཆར་འགོད་ཀྱི་རྩ་གནད 》དང 《སྣོད་བཅུད་ཉིང་ཁྲིའི་འཛུགས་སྐྲུན་འཆར་འགོད 》བཟོ་བཅོས་རྒྱག་པ་དང་འཐུས་ཚང་དུ་གཏོང་བར་མཛུབ་ཁྲིད་བྱས་པ་དང་འབྲེལ་ཁྲེང་ཏུའུ་རུ་རིགས་པས་ཁུངས་སྐྱེལ་ཚོགས་འདུ་འཚོགས་ཡོད། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་དཔེ་བཟང་གྲོང་ཁྱེར་གཏོད་རྒྱུའི་བྱེད་སྒོར་སྐུལ་འདེད་ཧུར་ཐག་བཏང་སྟེ 《བོད་རང་སྐྱོང་ལྗོངས་ཀྱི་ས་རྒྱུའི་སྦགས་བཙོག་གནས་ཚུལ་གྱི་བརྟག་ཞིབ་སྙན་ཞུ 》ལེགས་གྲུབ་བྱུང་བ་མ་ཟད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་ཁོར་ཡུག་སྲུང་སྐྱོང་པུའུ་ལ་སྙན་སེང་ཞུས་པ་རེད།

        ●འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་དོ་དམ།

        2010ལོར་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ཡིག་ཆ་ཁྱོན་2488(དེའི་ནང་ཁོར་ཡུག་ཤུགས་རྐྱེན་གྱི་སྙན་ཞུའི་ཡི་གེ 119དང་། སྙན་ཞུའི་རེའུ་མིག་266 ཐོ་འགོད་རེའུ་མིག་2103བཅས་ཡོད )དང་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཇུས་གཞི 145(དེའི་ནང་རྒྱུན་མཐུད་རྣམ་གྲངས་87ཡོད )ལ་ཞིབ་བཤེར་མཆན་འགོད་བྱས་ཡོད། ཆབ་མདོ་གྲོང་རྡལ་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭའི་ལས་གྲྭ་དང་རྒྱལ་ལམ་219ཤིན་བོད་གཞུང་ལམ (བོད་ཁུངས )ཀྱི་མོན་མཚེར་ནས་བར་གའི་བར་གྱི་དུམ་བུའི་བསྐྱར་བཟོ་དང་བཅོས་སྒྲིག་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་20ལ་ལས་མཇུག་འགྲིལ་བའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ཞིབ་བཤེར་རྩིས་ལེན་བྱས་པ་རེད།

        ●བཙོག་སྐྱོན་ཚོད་འཛིན།

        2010ལོར་བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”བཙོག་སྐྱོན་གཙོ་བོའི་རྫས་འགྱུར་ལ་མཁོ་བའི་གསོ་རླུང་གི་ཚད (ཞིང་ལས་ཀྱི་ཡོང་གཞི་ཚུད་མེད )དང་དབྱང་གཉིས་ལིའུ་འགྱུར་གཏོང་འབུད་བྱེད་འབོར་རྒྱལ་ཁབ་ཀྱི་བླང་བྱའི་ཚད་གཞིའི་ནང་ཚོད་འཛིན་བྱས་ཤིང་རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག (2010)ལོ་འཁོར་ལས་ཀའི་ཇུས་གཞི 》པར་འགྲེམས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་དང་། ཞིང་འབྲོག་ཁུལ། འགྲིམ་འགྲུལ་ལམ་རྒྱུད་གཙོ་བོ། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ས་ཁོངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་པ་རེད། ལྗོངས་ཡོངས་ཀྱི་ས་ཁུལ་གྲོང་ཁྱེར་བདུན་གནས་སའི་གཏེར་འདེམས་དང་གཏེར་རི་སྔོག་འདོན་གཙོ་གནད་ཁེ་ལས་ཁག་གཅིག་ལ་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ཁྲིམས་འཛིན་བརྟག་ཞིབ་བྱས་པས 《ལྗོངས་ཡོངས་ཀྱི་གཏེར་འདེམས་དང་གཏེར་རི་སྔོག་འདོན་གཙོ་གནད་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་ཁྲིམས་འཛིན་བརྟག་ཞིབ་བྱེད་ཚུལ་དང་ལས་ཀའི་གྲོས་འགོའི་ཆེད་དོན་བརྟག་ཞིབ་སྙན་ཞུ 》གྲུབ་པ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས 《གཏེར་འདེམས་བཟོ་གྲྭ་ཁག་གཅིག་སྒོ་རྒྱག་རྒྱུ་དང་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ 》བཏང་ནས་གཏེར་འདེམས་བཟོ་གྲྭ་9སྒོ་བརྒྱབ་པ་དང་། གཏེར་འདེམས་བཟོ་གྲྭ་19ལ་སྒྲུབ་སྐུལ་བྱེད་པ། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་གཏེར་འདེམས་བཟོ་གྲྭ་26དང་གཏེར་རི་སྔོག་འདོན་གཙོ་གནད་ཁེ་ལས་16ལ་དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུའི་བརྡ་ཐོ་བཏང་བ་བཅས་རེད། ཀྲུང་དབྱང་གི་སྦགས་བཙོག་གཙོ་བོ་ཉུང་འབུད་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི་793དོན་འཁྱོལ་བྱས་ནས་ཁོར་ཡུག་ལྟ་སྐུལ་ཚད་ལེན་གྱི་ནུས་པའི་འཛུགས་སྐྱོང་དང་སྦགས་བཙོག་ཡོང་གཞིར་ལྟ་སྐུལ་རང་བཞིན་གྱི་ལྟ་སྐུལ་ཚད་ལེན་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་རེད། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དངུལ་སྒོར་ཁྲི་1680དོན་འཁྱོལ་བྱས་ནས “བོད་རང་སྐྱོང་ལྗོངས་ཀྱི་གོང་དཀར་གནམ་ཐང —— ལྷ་ས —— ཉིང་ཁྲིའི་ས་ཁོངས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་རྣམ་གྲངས ”ལག་ལེན་བསྟར་འགོ་ཚུགས་པ་རེད།

        2010ལོར་ལྗོངས་ཡོངས་ཀྱིས་སྦགས་བཙོག་གཏོང་འབུད་ཀྱི་འགྲོ་གྲོན་སྒོར་ཁྲི་826.4བསྡུས་ཡོད།

        ●ཁོར་ཡུག་འགྱེད་འཕྲོའི་དོ་དམ།

        2010ལོར་བོད་རང་སྐྱོང་ལྗོངས་འགྱེ་འཕྲོ་ལྟ་སྐུལ་ཚད་ལེན་ཚོད་ལྟ་ཁང་དང་དེ་བཞིན་ལེ་ལག་ཚང་བའི་དངོས་རོ་གསོག་འཇོག་ཁང་བེད་སྤྱོད་བྱེད་འགོ་ཚུགས་ནས་འཕྲོ་འོད་ཡོང་གཞི་ཁག་གསུམ་བདེ་འཇགས་ངང་བསྡུ་ཉར་བྱས་ཡོད། འཕྲོ་འོད་སྒྲིག་སྦྱོར་སྤྱོད་མཁན་ཚན་པ་གཅིག་ལ 《འགྱེ་འཕྲོ་བདེ་འཇགས་ཀྱི་འཁྲོལ་འཛིན 》སྤྲད་པ་རེད། ལྗོངས་ཡོངས་ཀྱི་འཕྲོ་འོད་རང་བཞིན་གྱི་གནས་མཐུན་རྒྱུ་དང་འཕྲོ་འོད་སྒྲིག་སྦྱོར་ལ་དོ་དམ་བྱེད་པ་དང་ལྗོངས་ཡོངས་སུ་གློག་རྡུལ་ཁབ་ལེན་འགྱེ་འཕྲོའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་སྙན་ཞུའི་ཡི་གེ (རེའུ་མིག )གསུམ་ལ་ཞིབ་བཤེར་ཆོག་མཆན་བཀོད་པ་རེད།

        ●ཁོར་ཡུག་ཁྲིམས་འཛིན།

        2010ལོར་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཆེད་དོན་བྱ་སྤྱོད་སྤེལ་ནས་ཁོར་ཡུག་སྣོད་བཅུད་བཟང་པོ་འགན་ལེན་དང་། རྒྱུན་བསྲིང་གི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ། མང་ཚོགས་ཀྱི་བདེ་ཐང་འགན་ལེན་བྱེད་པ་བཅས་དམིགས་ཡུལ་དུ་བཟུང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་དང་། གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལ་ཁོར་ཡུག་ལྟ་ཞིབ། གཏེར་རྫས་ཐོན་ཁུངས་གསར་སྤེལ་ཐད་ཁོར་ཡུག་སྲུང་སྐྱོང་། ལྕགས་རིགས་ཀྱི་སྦགས་བཙོག་ཁེ་ལས་ལ་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། “འགྱིག་རིགས་སྦགས་བཙོག ”གཏན་འགོག་བྱེད་པ་དང་གྲོང་ཁྱེར་དང་གྲོང་རྡལ་དང་འགྲིམ་འགྲུལ་ལམ་རྒྱུད་གཙོ་བོ་དང་དེ་བཞིན་ཡུལ་སྐོར་མཛེས་ལྗོངས་ཁུལ (གཙོ་གནད་ས་ཁོངས )ལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་པ་རེད། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ཆེད་དངུལ་སྒོར་ཁྲི་2110དོན་འཁྱོལ་བྱས་ནས་གོང་དཀར་སོགས་རྫོང་40ཁོར་ཡུག་ལྟ་ཞིབ་ཁྲིམས་འཛིན་གྱི་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་རེད། ལྗོངས་ཡོངས་ཀྱིས་ཁོར་ཡུག་ཁྲིམས་འཛིན་གྱི་ཞིབ་བཤེར་མི་སྣ་མི (ཐེངས )1801དང་ཁོར་རིགས་ཐེངས་585བཏང་ནས་ཁེ་ལས (རྣམ་གྲངས )1335ལ་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད་ལྗོངས་ཡོངས་སུ་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོ་ཡོད་པའི་ཁེ་ལས (རྣམ་གྲངས )143ཡོད་པ་ཤེས་པ་དང་ཁེ་ལས་143ལ་ཞིབ་བཤེར་ཐག་གཅོད་བྱས་པའི་ནང་ཁེ་ལས་15ལ་དཔལ་འབྱོར་གྱི་ཆད་པ་བཅད་པ་དང་། ཁེ་ལས་22ལ་ཁོར་ཡུག་སྲུང་སྐྱོང་གི་ཞིབ་བཤེར་མཆན་འགོད་འགྲོ་ལུགས་གསབ་སྒྲུབ་བྱེད་དགོས་པའི་འགན་དཀྲི་བ། ཁེ་ལས་13ལ་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་འགན་དཀྲི་བ་བཅས་རེད།

        ལྗོངས་ཡོངས་ཀྱི་རིམ་ཁག་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ཁྱོན་བསྡོམས་ཡིག་འབུལ་ངོ་བཅར་དང་མང་ཚོགས་ཀྱིས་ཏར་དང་གློག་འཕྲིན་དང་ཡི་གེ་བཏང་ནས་ཐེར་འདོན་བྱས་པའི་ཁོར་ཡུག་གི་གནད་དོན་420བདག་སྤྲོད་བྱས་པ་དང་གནད་དོན་402བདག་སྤྲོད་མཇུག་སྒྲིལ་བ་དང་མཇུག་སྒྲིལ་ཚད་95.7%ཟིན་ནས་དུས་མཚུངས་ལས་12.7%ཆག་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་གཞི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་འགོ་10བདག་སྤྲོད་བྱས་པས་བདག་སྤྲོད་མཇུག་སྒྲིལ་ཚད་དང་བློ་ཡིད་ཚིམ་ཚད་གཉིས་ཀར་100%ལོན་ཡོད།

        ●ཁོར་ཡུག་གི་དྲིལ་བསྒྲགས་དང་སློབ་གསོ།

        2010ལོའི “6·5” འཛམ་གླིང་གི་ཁོར་ཡུག་ཉིན་མོའི་རིང་རང་སྐྱོང་ལྗོངས་ཀྱིས་2009ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་2010ལོའི “ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་ལ་སྐྱོད་པ་སྟེ། བོད་དུ་སྐྱོད་པ ”ཕྱིས་བལྟས་བྱེད་སྒོ་སྤེལ་བ་རེད། ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་ས་ཁུལ་གྱིས “འགྱིག་རྫས་ཀྱི་གད་སྙིགས ”གཙང་འཕྱག་གི་བྱེད་སྒོ་སྤེལ་བ་དང་ནག་ཆུ་ས་ཁུལ་གྱིས་གཙང་ཆུའི་ནང་གི་གད་སྙིགས་གཙང་བཤང་བྱེད་པ་དང་དྲིལ་བསྒྲགས་བྱ་ཡུལ་གཙོ་བོ་དེ་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་མཁན་ཞིང་འབྲོག་མང་ཚོགས་ཀྱི་གུར་གཅིག་སྡུད་ཁུལ་དུ་བཙུགས་པ་རེད། རང་སྐྱོང་ལྗོངས་སྡེ་ཚོགས་ཨུ་ཡོན་ལྷན་ཁང་དང་། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཡན་ལག་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག “ས་མཐོའི་ལྗང་མདོག་རེ་བའི་འདུ་འགོད ——འདམ་ར་སྲུང་སྐྱོང་འཆར་གཞིའི ”བྱེད་སྒོ་སྤེལ་བ་རེད།

        2010ལོར་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་འཚམས་འདྲི་ཚོགས་པ་ཁག་23ལ་སྣེ་ལེན་ཞུས་ཏེ་བོད་ཀྱི་ཁོར་ཡུག་གི་གནས་ཚུལ་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་ཐོབ་བའི་གྲུབ་འབྲས་ཇི་མ་ཇི་བཞིན་ངོ་སྤྲོད་བྱས་པ་རེད།

        2010ལོར 《བོད་ལྗོངས་ཉིན་རེའི་ཚགས་པར 》སོགས་གསར་འགྱུར་སྨྱན་སྦྱོར་ཐོག་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་རྩོམ་ཡིག་220བཀོད་ཡོད་པ་དང་ལོ་ཧྲིལ་པོར་ཁྱོན་བསྡོམས 《བོད་ལྗོངས་ཁོར་ཡུག་སྲུང་སྐྱོང་གི་ཆ་འཕྲིན 》དུས་ཐེངས་12དང་རྩོམ་ཡིག་681རྩོམ་སྒྲིག་འགྲེམས་སྤེལ་བྱས་ཡོད་པ་རེད།

        ●ཁོར་ཡུག་ལྟ་སྐུལ་ཚད་ལེན་དང་ཚན་རིག་ཞིབ་འཇུ ག

        ཆུ་རླངས་སྒྲ་གསུམ་གྱི་ཁོར་ཡུག་སྤུས་ཚད་ལ་རྒྱུན་སྲོལ་ལྟ་སྐུལ་ཚད་ལེན་དང་དེ་བཞིན་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁུལ་དུ་ཆུ་སྤུས་ལྟ་སྐུལ་ཚད་ལེན། སྦགས་བཙོག་ཡོང་གཞིའི་གཙོ་གནད་དུ་ལྟ་སྐུལ་རང་བཞིན་གྱི་ལྟ་སྐུལ་ཚད་ལེན “གསུམ་དུས་གཅིག་ཏུ ”ཞིབ་བཤེར་རྩིས་ལེན་གྱི་ལྟ་སྐུལ་ཚད་ལེན། ཇོ་མོ་གླང་མ་སོགས་དཔེ་མཚོན་ས་ཁོངས་སྤུས་ཚད་ཀྱི་ད་ལྟའི་གནས་ཚུལ་བརྟག་དཔྱད་ཀྱི་ལྟ་སྐུལ་ཚད་ལེན་བཅས་བྱས་པ་རེད།

        2010ལོར་ལྟ་སྐུལ་ཚད་ལེན་གྱི་གཞི་གྲངས་ཁྱོན་བསྡོམས་ཁྲི་གསུམ་ཐོབ་པ་དང་ལྟ་སྐུལ་ཚད་ལེན་གྱི་སྙན་ཞུ་ཁག་265སྒྲིག་བཟོ་བྱས་ཡོད་པ་རེད། 《བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྤུས་ཚད་དཔྱད་འཇོག་གི་སྙན་ཞུ 》སྒྲིག་བཟོ་བྱས་པ་རེད། ནང་སའི་སྤུན་ཟླའི་ཞིང་གྲོང་གི་ཁོར་ཡུག་ལྟ་ཞིབ་སྤྱི་ཁྱབ་རུ་ཁག་དང་ཁོར་ཡུག་ལྟ་སྐུལ་ཚད་ལེན་ས་ཚིགས་ཀྱི་ཤུགས་ཆེའི་རོགས་རམ་འོག་ཁོར་ཡུག་ལྟ་ཞིབ་པ་གསུམ་དང་ཁོར་ཡུག་ལྟ་སྐུལ་ཚད་ལེན་གྱི་ལག་རྩལ་རྐང་འཛིན་པ་དགུ་བོད་དུ་ལས་ཀ་བྱེད་པར་བཏང་ཡོད།

        རྒྱལ་ཡོངས་ཀྱི་ཁོར་ཡུག་ལྟ་སྐུལ་ཚད་ལེན་གྱི་ཆེད་ལས་ལག་རྩལ་མི་སྣའི་འགྲན་བསྡུར་སྐབས་དང་པོའི་བཀོད་སྒྲིག་ལྟར་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མཉམ་འབྲེལ་ཐོག་ལྗོངས་ཡོངས་ཀྱི་ཁོར་ཡུག་ལྟ་སྐུལ་ཚད་ལེན་གྱི་ལག་རྩལ་མི་སྣའི་འགྲན་བསྡུར་གྱི་གསོ་སྦྱོང་བྱས་པ་དང་དེའི་ནང་ཞུགས་མཁན་44ལ་ཟླ་བ་གསུམ་རིང་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ཚོད་ལྟའི་བཀོལ་སྤྱོད་ཀྱི་གསོ་སྦྱོང་བྱས་པ་བརྒྱུད་ཕུལ་བྱུང་མི་སྣ་5བདམས་ནས་བོད་ཀྱི་ཚབ་བྱས་ཏེ་ཟླ་9པར་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་ཁོར་ཡུག་ལྟ་སྐུལ་ཚད་ལེན་ཆེད་ལས་ལག་རྩལ་མི་སྣའི་འགྲན་བསྡུར་སྐབས་དང་པོའི་ནང་ཞུགས་པ་དང་འགྲན་བསྡུར་ནང་ཞུགས་མཁན་རང་ལྗོངས་ཀྱི་མི་སྣས་འགྲན་བསྡུར་བྱེད་སྒོའི་ནང་གི་འགྲན་བསྡུར་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད།

        ཚན་རྩལ་པུའི་རྒྱལ་ཁབ་ཀྱི་ཚན་རྩལ་འདེགས་སྐྱོར་འཆར་གཞིའི་རྣམ་གྲངས 《བོད་ལྗོངས་ས་མཐོའི་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་སྲུང་ཡུལ་སྲུང་སྐྱོང་དང་འགག་རྩའི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན 》གྱི་ཞིབ་འཇུག་བྱ་གཞིའི་ཡན་ལག་ཡིན་པའི 《བོད་ལྗོངས་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་དཔྱད་འཇོག་མ་ལག་ཞིབ་འཇུག 》གི་རྣམ་གྲངས་ཞིབ་འཇུག་ལས་དོན་ལེགས་གྲུབ་བྱུང་བ་དང 《མཚོ་བོད་ས་མཐོའི་སྣོད་བཅུད་ནུས་པའི་སྲུང་སྐྱོང་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་དང་འཚམས་པའི་ལམ་སྲོལ་ཞིབ་འཇུག 》གཙོ་སྐྱོང་བྱས་ནས་བཟོས་པ་དང་གཙོ་གནད་ལས་གྲྭ་26ལ་ཁོར་ཡུག་སྲུང་སྐྱོང་གི་ཞིབ་བཤེར་རྩིས་ལེན་དང་བརྟག་དཔྱད་བྱས་པ་རེད།

        ●ཁོར་ཡུག་སྲུང་སྐྱོང་གི་སྒྲིག་གཞི་དང་དཔུང་ཁག

        2010ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ཁྱོན་བསྡོམས་རིམ་ཁག་ཁོར་ཡུག་སྒྲིག་གཞི 111དང་ཆེད་བསྐོས་དང་ལས་འགན་གཅིག་ལྕོགས་ཀྱི་ཁོར་ཡུག་སྲུང་སྐྱོང་མི་སྣ་600ཡོད་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།