དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 《2010ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་3ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ 《2010ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས 》ཡོངས་བསྒྲགས་བྱས་པ་དང་སྦྲགས་རང་ལྗོངས་ཀྱི་2010ལོའི་ཁོར་ཡུག་ལས་དོན་སྤེལ་ཚུལ་ཡང་ངོ་སྤྲོད་བྱས་པ་རེད།

        རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་གཞོན་པ་འཇམ་དཔལ་གྱིས་གསར་འགྱུར་ཡོངས་བསྒྲགས་བྱས་ཤིང་། ཁོང་གིས། 2010ལོར་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་ཚན་རིག་དང་མཐུན་པའི་གོང་འཕེལ་དང་སྤྱི་ཚོགས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བའི་བརྗོད་བྱ་གཙོ་བོ་དེར་དམ་པོར་དམིགས་པ་དང་། བོད་ལྗོངས་ས་མཐོའི་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་སྣོད་བཅུད་བཟང་བའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་གཞི་ཚུགས་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། འཛུགས་སྐྲུན། སྦགས་བཙོག་འགོག་བཅོས། ཁྱབ་འགྱེད་ཁོར་ཡུག་དོ་དམ་བཅས་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ། ཁོར་ཡུག་ཁྲིམས་འཛིན་གྱི་ལྟ་སྐུལ་དོ་དམ་ནན་དུ་གཏོང་བ་བཅས་བྱས་པར་བརྟེན་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁག་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང་ལྗོངས་ཡོངས་ཀྱི་ཁོར་ཡུག་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བཤད་པ་རེད།

        འཇམ་དཔལ་གྱིས། 2010ལོར་རང་ལྗོངས་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི་78317དོན་འཁྱོལ་བྱས་ཏེ་རང་བྱུང་ན་ཁ་སྲུང་སྐྱོང་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་སྲུང་སྐྱོང་། དེ་བཞིན་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན། ནགས་ཚལ་མེ་ཟོན་དང་དེ་བཞིན་གནོད་ལྡན་སྐྱེ་དངོས་འགོག་བཅོས། ཞིང་འབྲོག་ཁུལ་གྱི་སྲོལ་རྒྱུན་ནུས་རྒྱུ་ཚབ་བརྗེ། གལ་ཆེའི་འདམ་ར་སྲུང་སྐྱོང་། འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྱོང་། མི་ཐབས་ལ་བརྟེན་ནས་རྩ་འདེབས་པ་དང་རང་བྱུང་ན་ཁ་ལེགས་བཅོས། ས་ཆུ་ཤོར་རྒྱུ་འགོག་བཅོས། བྱེ་འགོག་བྱེ་བཅོས། སྣོད་བཅུད་བདེ་འཇགས་སྲུང་ཡོལ་ལ་ལྟ་ཞིབ་ཚད་ལེན་སོགས་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་ལས་དོན་སྤེལ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་ཆུ་འདྲེན་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་དང་། གཙོ་གནད་ཐོག་ཨར་འདམ་བཟོ་གྲྭ་དང་ལས་གྲྭའི་ཁོར་ཡུག་ལ་ལྟ་ཞིབ། གཏེར་ལས་ཐོན་ཁུངས་གསར་སྤེལ་གྱི་ཁོར་ཡུག་སྲུང་སྐྱོང་དང་ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་ལྡན་པའི་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། གཙོ་གནད་ཐོག་གྲོང་ཁྱེར་དང་གྲོང་རྡལ་དང་། ཞིང་འབྲོག་ཁུལ། གཙོ་གནད་འགྲིམ་འགྲུལ་ལམ་རྒྱུད། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ཀྱི་ས་ཁོངས་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། ལྗོངས་ཡོངས་ཀྱི་ས་ཁུལ (གྲོང་ཁྱེར )བདུན་གནས་སའི་གཏེར་འདེམས་དང་གཙོ་གནད་གཏེར་རི་སྔོག་འདོན་གྱི་ཁེ་ལས་འགའ་ཞིག་གི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ཁྲིམས་འཛིན་ལ་བརྟག་ཞིབ་བཅས་བྱས་སྟབས་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུ་དེ་གཅིག་གྱུར་འཆར་འགོད་དང་། སྤྱི་ཡོངས་སྐུལ་འདེད། སྲུང་སྐྱོང་དང་འཛུགས་སྐྲུན་གལ་ཆེ་མཉམ་དུ་འཇོག་པ་བཅས་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།