དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཅིན་ཀྲུང་རྒྱལ་མཚན་ཕུན་ཚོགས་ཀྱི་སྐུ་ཚེ་ཧྲིལ་པོ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཀྲུང་གོ་གུང་ཁྲན་ཏང་གི་གྲོགས་པོ་བློས་ཐུབ་དང་། ཏང་དང་ཡུན་རིང་མཉམ་ལས་གནང་མཁན་བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་རིང་ལུགས་པ། རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པའི་རྒྱུན་ཨུ་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཅིན་ཀྲུང་རྒྱལ་མཚན་ཕུན་ཚོགས་སྙིང་ཤུགས་ཉམས་ནས་མྱུར་སྐྱོབ་བྱས་ཀྱང་ཕན་ནུས་མ་ཐོན་པར་2010ལོའི་ཟླ་12ཚེས་29ཉིན་གྱི་ཆུ་ཚོད་10དང་སྐར་མ་40ཡི་ཐོག་ལྷ་སར་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ་85ཡིན།

        བློ་མཐུན་ཅིན་ཀྲུང་རྒྱལ་མཚན་ཕུན་ཚོགས་ནི་1926ལོའི་ཟླ་3པར་བོད་ལྗོངས་ལྷུན་གྲུབ་རྫོང་དུ་འཁྲུངས་པ་དང་1952ལོའི་ཟླ་3པར་གསར་བརྗེའི་ལས་ཀའི་ནང་ཞུགས་ཡོད། ཁོང་གིས་བོད་དམག་ཁུལ་ཁང་ལས་བྱེད་སློབ་གྲྭའི་བོད་ཡིག་དགེ་རྒན་དང་བོད་ལྗོངས་ལས་དོན་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའི་འབྲེལ་གཏུག་པ་དང་། བོད་ལྗོངས་ལས་དོན་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའི་འབྲེལ་གཏུག་ཁྲུའི་སྣེ་ལེན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ། བོད་ལྗོངས་དགའ་ལྡན་དགོན་པའི་ལས་དོན་ཚོགས་ཆུང་གི་ཁོངས་མི་དང་ལྷ་ས་གྲོང་ཁྱེར་རིག་གནས་སློབ་གསོ་ཁྲུའི་ཁྲུའུ་ཀྲང་གཞོན་པ། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་ཧྲེ་ཀྲང་གཞོན་པ། བོད་ལྗོངས་ཚོང་དོན་ཁྲུའི་ཁྲུའུ་ཀྲང་གཞོན་པ། བོད་རང་སྐྱོང་ལྗོངས་ཚོང་ལས་ཐིང་གི་ཐིང་ཀྲང་། རང་སྐྱོང་ལྗོངས་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་གནང་ཡོད། 2003ལོའི་ཟླ་12པར་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་ལྟར་རྒན་ཡོལ་ཞུས་ཤིང་། ཅིན་ཀྲུང་རྒྱལ་མཚན་ཕུན་ཚོགས་སྐུ་འཚོ་བཞུགས་སྐབས་རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་གནང་།

        ཅིན་ཀྲུང་རྒྱལ་མཚན་ཕུན་ཚོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་གྲོགས་པོ་བློས་ཐུབ་དང་བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་རིང་ལུགས་པ་ཞིག་ཡིན། ལོ་བཅུ་ཕྲག་ཁ་ཤས་ཀྱི་ནང་ཐོག་མཐའ་བར་གསུམ་དུ་ཏང་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་དང་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་གནང་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་བ་དང་། ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བ། དམངས་གཙོའི་བཅོས་སྒྱུར་བྱེད་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་ཀྲུང་གོ་གུང་ཁྲན་ཏང་དང་ལྷག་བསམ་རྣམ་དག་གིས་མཉམ་ལས་གནང་སྟེ་དཀའ་སྡུག་མཉམ་མྱོང་དང་ཁྲེལ་གྲགས་མཉམ་འཁུར་གྱིས་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་དང་ལྷག་དོན་དུ་མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བོད་ཞི་བས་བཅིངས་འགྲོལ་གཏོང་བའི་དུས་འགོར་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་ལས་དོན་ཆེད་ལྷ་ས་དང་། ཆབ་མདོ། པེ་ཅིང་བཅས་ཀྱི་དབར་འགྲོ་འོང་གནང་སྟེ་དགེ་མཚན་ལྡན་པའི་ཕྱག་ལས་འབོར་ཆེན་གནང་བ་མ་ཟད། 1951ལོར་ཞི་བའི་གྲོས་མོལ་གནང་མཁན་སྐུ་ཚབ་ཀྱི་སྐུ་འཁོར་གྱི་མིང་ཐོག་ནས 《གྲོས་མཐུན་དོན་ཚན་བཅུ་བདུན 》ལ་མིང་རྟགས་འགོད་པའི་ནང་ཞུགས། ཁོང་གིས་སྔ་རྗེས་སུ་སྡེ་ཚན་མང་པོར་འགོ་ཁྲིད་ཀྱི་འགན་བཞེས་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་ནན་ཏན་གནང་བ་དང་འབྲེལ་ཏང་དང་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་གིས་རྒྱ་ཆེའི་མི་དམངས་མང་ཚོགས་ཁྲོད་དྲིལ་བསྒྲགས་གནང་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཁོང་གིས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་རབ་དང་རིམ་པར་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ་དང་། ཏང་གི་ཆབ་སྲིད་ཀྱི་འདོད་ཚུལ་རང་རྟོགས་ངང་དང་ལེན་གནང་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྦྱོང་ནན་ཏན་གནང་ཁར་རྟག་ཏུ་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་གནང་བར་ཕེབས་ཏེ་སྤྱི་ཚུལ་དམངས་འདོད་ཤེས་རྟོགས་གནང་སྟེ་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་གནང་བ་དང་། སྲིད་ཞུགས་སྲིད་གླེང་ཧུར་ཐག་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་ཐབས་དང་ཇུས་བཏོན་ནས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

        ཅིན་ཀྲུང་རྒྱལ་མཚན་ཕུན་ཚོགས་ཀྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ། ཏཱ་ལར་ཐེར་འདོན་དགག་རྒྱག་སོགས་དང་འབྲེལ་བ་ཡོད་པའི་ཡིན་མིན་ཆེན་པོའི་གནད་དོན་ཐད་དང་ལྷག་པར་དུ་ལྷ་སར་ཟིང་ཆའི་དོན་རྐྱེན་ཐེངས་ཁ་ཤས་ཐོན་རྗེས་ཁོང་གིས་ཐོག་མཐའ་བར་གསུམ་དུ་རྣམ་འགྱུར་གསལ་པོ་དང་། ལངས་ཕྱོགས་ཧ་ཅང་བརྟན་པོ། དར་ཆ་གསལ་སྟོན་བཅས་ཀྱི་སྒོ་ནས་དཔའ་ངར་ཆེན་པོས་ཕྱིར་ཐོན་ཏེ་རང་མི་སྒེར་གྱི་བདེ་སྡུག་ལ་མ་བལྟོས་པར་ཏང་དང་མི་དམངས་ཀྱི་ཕྱོགས་སུ་བརྟན་པོར་ལངས་པ་དང་ཡུལ་དུས་མི་འདྲ་བ་སོ་སོར་ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་ཉེས་སྤྱོད་ལ་དགག་པ་བརྒྱབ་ནས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱས་ཡོད། པཎ་ཆེན་གྱི་ཡང་སྲིད་ངོས་འཛིན་ཞུ་བའི་གནད་དོན་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་དང་ཀྲུང་དབྱང་གི་དབང་གྲགས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ནས་ལོ་རྒྱུས་ཀྱི་ངེས་སྲོལ་དང་ཆོས་ལུགས་ཀྱི་འགྲོ་ལུགས་བཞིན་ངོས་འཛིན་ཞུས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཁས་ལེན་གནང་ནས་ཏཱ་ལའི་རུ་ཚོགས་ཀྱིས་པཎ་ཆེན་གྱི་ཡང་སྲིད་ངོས་འཛིན་ཞུ་བའི་ལས་དོན་ལ་འགོག་རྐྱེན་དང་གཏོར་བཤིག་གཏོང་བའི་ཉེས་སྤྱོད་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཡོད། 1988ལོ་དང་1994ལོ་སོ་སོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར ”དང “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་བཟང ”གི་གཟི་བརྗིད་མཚན་སྙན་གནང་ཡོད། ཁོང་གི་གཤིས་རྒྱུད་མཆོག་ཏུ་གྱུར་པ་སྟེ། གཞུང་དྲང་དང་། སྤྱོད་ཚུལ་བབ་ཆགས། མང་ཚོགས་ལ་སེམས་ཁུར། ཁེངས་སྐྱུངས་གཟབ་ནན། རང་གཅུན་ནན་པོ། སྒེར་གྱི་ཐོབ་ཤོར་ལ་མི་བལྟོས་པ་བཅས་གནང་གི་ཡོད་པས་རྒྱལ་གཅེས་མི་སྣའི་ཁྲོད་ཤུགས་རྐྱེན་ཆེན་པོ་ཡོད་པ་དང་། ལས་བྱེད་པ་དང་མང་ཚོགས་ཁྲོད་སྙན་གྲགས་ཆེན་པོ་ཡོད།

        བློ་མཐུན་ཅིན་ཀྲུང་རྒྱལ་མཚན་ཕུན་ཚོགས་སྐུ་གཤེགས་པ་དེ་ནི་ང་ཚོའི་ཏང་གི་གྲོགས་པོ་བློས་ཐུབ་ཞིག་མེད་པར་གྱུར་པས་རང་རེའི་ཏང་གི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་གྱོང་གུན་ཧ་ཅང་ཆེན་པོ་ཞིག་རེད། ཅིན་ཀྲུང་རྒྱལ་མཚན་ཕུན་ཚོགས་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་བཅས་ཀྱི་ཆེད་ཚེ་གང་གི་སེམས་ནུས་ལེགས་སྐྱེས་སུ་ཕུལ་ཡོད་པས་ཁོང་གི་རྒྱལ་གཅེས་ཀྱི་ཉམས་འགྱུར་ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད།

        བློ་མཐུན་ཅིན་ཀྲུང་རྒྱལ་མཚན་ཕུན་ཚོགས་དུས་ནམ་ཡང་ང་ཚོའི་སེམས་ནང་གནས་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།