དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

                                               (2010)ཨང་2པ།

        《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་ཕྱོགས་ཀྱི་བཅའ་ཁྲིམས་〉བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས 》འདི་2010ལོའི་ཟླ་1ཚེས་6ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པས་2010ལོའི་ཟླ་5ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ།

        དམིགས་བསལ་དུ་སྤྱི་བསྒྲགས་བྱེད་རྒྱུ།

               བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

                                                           2010ལོའི་ཟླ་4ཚེས་1ཉིན།

         ལེའུ་དང་པོ། སྤྱིའི་རྩ་འཛིན།

        དོན་ཚན་དང་པོ། ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དང་། དཔལ་འབྱོར་གོང་འཕེལ་དང་ལས་ཞུགས་རྒྱ་ཆེར་གཏོང་རྒྱུ་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་རྒྱུ། སྤྱི་ཚོགས་གཞི་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་དུ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་བཅའ་ཁྲིམས 》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན།

         དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་བྱེད་སྒོར་བྱ་ཐབས་འདི་བེད་སྤྱོད་གཏོང་རྒྱུ།

        དོན་ཚན་གསུམ་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་ངལ་རྩོལ་པར་མི་རིགས་དང་། ཕོ་མོ། རིགས་རྒྱུད། ཆོས་དད་སོགས་མི་དབྱེ་བར་ཚང་མར་ཁྲིམས་ལུགས་གཞིར་བཟུང་འདྲ་མཉམ་གྱིས་ལས་ཞུགས་བྱེད་རྒྱུ་དང་རང་ཐོག་ནས་བྱ་གཞག་གསར་གཏོད་བྱེད་པའི་དབང་ཆ་སྤྱོད་རྒྱུ་ཡོད།

        དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ནང་གནས་བབ་མངོན་གསལ་དོད་སར་བཞག་སྟེ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་གཉིས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱེད་རྒྱུ་དང་། ངལ་རྩོལ་པས་རང་ཐོག་ནས་བྱ་གཞག་གསར་གཏོད་བྱེད་རྒྱུ་དང་། ཁྲོམ་རས་ལས་ཞུགས་སྙོམས་སྒྲིག་བྱེད་རྒྱུ། སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་མཛད་ཕྱོགས་མཐའ་འཁྱོངས་བྱས་ནས་ངལ་རྩོལ་པ་ལས་ཞུགས་གང་ལེགས་ཐུབ་པ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

         དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་བཅུག་སྟེ་དུས་འབྲིང་དུས་རིང་གི་ལས་ཞུགས་འཆར་འགོད་དང་ལོ་འཁོར་འཆར་འགོད་བཟོ་དགོས།

         དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ལས་ཞུགས་ཀྱི་ཆེད་སྤྱོད་མ་དངུལ་སྒྲིག་དགོས་པ་མ་ཟད། དེ་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས།

        དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ཁྱད་ཡོན་དང་ཟུང་འབྲེལ་གྱིས་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་བ་དང་། ཐོན་ལས་གྲུབ་ཆ་ལེགས་སྒྲིག སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་དང་སྟོབས་ཆེར་གཏོང་བ་བཅས་ཀྱི་ཐོག་ནས་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོད་དགོས་པ་དང་ལས་ཞུགས་བྱེད་ས་མང་དུ་གཏོང་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་སྲིད་ཇུས་བཟོ་འགོད་དང་། སྲིད་གཞུང་གི་མ་འཇོག་བཀོད་སྒྲིག གཙོ་གནད་འཛུགས་སྐྲུན་རྣམ་གྲངས་གཏན་འཁེལ་བཅས་བྱེད་སྐབས་ལས་ཞུགས་བྱེད་ས་མང་དུ་གཏོང་རྒྱུ་དེ་གནད་དོན་གལ་ཆེར་བརྩིས་ནས་བསམ་གཞིགས་བྱེད་དགོས།

         དོན་ཚན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་མཐུན་སྦྱོར་བྱེད་སྟངས་དང་ལས་ཤོར་ཉེན་བརྡ་གཏོང་ལམ་འཛུགས་པ་དང་འཐུས་ཚང་བཟོས་ཐོག སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ལས་ཞུགས་ལས་དོན་ཐད་ཀྱི་གལ་ཆེའི་གནད་དོན་ལ་ཞིབ་འཇུག་དང་མཐུན་སྦྱོར་བྱས་ཏེ་ཐག་གཅོད་བྱེད་དགོས་པ་དང་འབྲེལ། ལས་ཞུགས་སྲིད་ཇུས་དོན་འཁྱོལ་དང་། ལས་ཞུགས་ཁོར་ཡུག་ལེགས་སུ་གཏོང་བ། གྲོང་ཁྱེར་གྲོང་གསེབ་ཀྱི་ལས་ཞུགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ལས་ཀ་ཤོར་ཚད་ཚོད་འཛིན་བྱེད་པ་བཅས་བྱེད་དགོས།

         དོན་ཚན་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་ཁྱེར་གྲོང་རྡལ་གྱི་གསར་བྱུང་ལས་ཞུགས་དང་། ལས་ཤོར་བྱེད་ཚད་ཚོད་འཛིན། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཁ་བསྒྱུར་ལས་ཞུགས་བྱེད་པའི་མི་གྲངས། ལས་ཤོར་པ་ལས་ཞུགས་བྱེད་པ། ལས་ཞུགས་བྱེད་རྒྱུར་དཀའ་ངལ་ཡོད་མཁན་ལས་ཞུགས་བྱེད་པ། ངལ་རྩོལ་ནུས་ཤུགས་ཡོད་མཁན་ཡུན་རིང་ལས་ཀ་ཤོར་རིགས་ཉུང་དུ་གཏོང་བ་སོགས་ཀྱི་དམིགས་ཚད་དེ་འགན་འཁྲིའི་ལམ་ལུགས་ལ་ཞིབ་དཔྱད་བྱེད་པའི་དམིགས་ཚད་དུ་བརྩི་དགོས།

           དོན་ཚན་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་ལས་དོན་སྒྲུབ་འགན་འཁུར་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་དུས་འབྲིང་དུས་རིང་གི་འཆར་འགོད་དང་ལོ་འཁོར་འཆར་གཞི་ལག་བསྟར་བྱེད་འཇུག་དགོས་པ་དང་། ལས་ཞུགས་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུར་གཞོགས་འདེགས་བྱས་ཏེ་སྤྱི་པའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་རང་འཁྲིའི་འགན་ཁོངས་ནང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས། རིམ་ཁག་བཟོ་ཚོགས་དང་། གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་སྐྱོན་ལྷན་ཚོགས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་དང་། དེ་མིན་སྤྱི་ཚོགས་ཀྱི་རྩ་འཛུགས་ཁག་གིས་ངེས་པར་དུ་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་ལས་དོན་སྤེལ་དགོས་པ་དང་། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།

         དོན་ཚན་བཅུ་གཅིག་པ། ཤང (གྲོང་རྡལ )མི་དམངས་སྲིད་གཞུང་དང་། ཁྲོམ་གཞུང་དོན་གཅོད་ཁང་། གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་བཅས་ཀྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་བྱེད་རྒྱུ་དང་། ལས་ཞུགས་དང་ལས་ཤོར་པ་བསྡོམས་རྩིས་རྒྱག་རྒྱུ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཁ་བསྒྱུར་བྱས་ཚུལ་སོགས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་རྨང་གཞིའི་ལས་དོན་ཡག་པོ་བསྒྲུབ་དགོས།

          དོན་ཚན་བཅུ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་དང་། སྤྱི་ཚོཌ་རྩ་འཛུཌ་བཅས་ཀྱིས་ངལ་རྩོལ་པའི་ལས་ཞུགས་ལྟ་བ་འགྱུར་ལྡོག་གཏོང་རྒྱུ་དང་། སྦྱོང་བརྡར་ཞབས་ཞུ་བསྒྲུབ་རྒྱུ། ངལ་རྩོལ་པའི་ངལ་རྩོལ་རྩལ་ནུས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཁྲིད་སྟོན་བྱེད་རྒྱུ་དང་། ངལ་རྩོལ་པས་རང་ཐོག་ནས་བྱ་གཞག་གསར་གཏོད་དང་རང་ལས་རང་འཚོལ་གྱིས་བྱ་གཞག་གསར་གཏོད་བྱེད་པར་བརྟེན་ནས་ལས་ཞུཌ་ཐུབ་རྒྱུར་སྐུལ་མ་གཏོང་དགོས།

         དོན་ཚན་བཅུ་གསུམ་པ། མི་བཀོལ་སྤྱོད་བྱེད་མཁན་ཚན་པར་ཁྲིམས་ལུགས་གཞིར་བཟུང་མི་བཀོལ་སྤྱོད་བྱེད་པའི་རང་དབང་ཡོད། མི་བཀོལ་སྤྱོད་བྱེད་མཁན་ཚན་པས་ལས་ཞུགས་པ་བསྡུ་འཇུག་གང་ཐུབ་བྱས་ནས་ལས་ཞུགས་བྱེད་ས་མང་དུ་གཏོང་བ་དང་བརྟན་པོ་ཡོང་བ་བྱེད་དགོས་པ་དང་། ལས་མི་བཀོལ་སྤྱོད་བྱེད་ལམ་ཚད་ལྡན་བཟོས་ཏེ་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས།

        དོན་ཚན་བཅུ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ནང་གྲུབ་འབྲས་མངོན་གསལ་དོད་པོ་འཇོག་མཁན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

        ལེའུ་གཉིས་པ། སྲིད་ཇུས་ཀྱི་གཞོགས་སྐྱོར།

        དོན་ཚན་བཅོ་ལྔ་པ། རང་སྐྱོང་ལྗོངས་ཀྱིས་ཞབས་ཞུའི་ལས་རིགས་དང་། མི་རིགས་ཀྱི་ཁྱད་ལྡན་ཐོན་ལས། ངལ་རྩོལ་འདུས་ཆེའི་ཐོན་ལས་བཅས་གོང་འཕེལ་གཏོང་རྒྱུར་སྐུལ་ལྕག་བཏང་ཐོག་ནོར་སྲིད་དང་། དངུལ་རྩ། ཁྲལ་རིན། མ་འཇོག་སོགས་ཀྱི་ཐད་གཞོགས་སྐྱོར་བྱས་ནས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་དང་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་དགོས།

        དོན་ཚན་བཅུ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཞུང་ཁོངས་ཁེ་ལས་ཀྱི་བསྒྱུར་བཅོས་སྔར་བས་གཏིང་ཟབ་བྱེད་པ་དང་གཞུང་ཁོངས་ཁེ་ལས་གོང་འཕེལ་བཏང་ནས་ལས་ཞུཌ་ཀྱི་གོ་སྐབས་དེ་བས་མང་བ་ཞིག་སྤྲོད་ཐུབ་པ་བྱེད་དགོས།

        དོན་ཚན་བཅུ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་རྒྱུའི་མཛད་ཕྱོགས་སྲིད་ཇུས་དོན་འཁྱོལ་བྱེད་དགོས། ངལ་རྩོལ་འདུས་ཆེའི་ཐོན་ལས་དང་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་རྒྱུའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་ཁེ་ལས་འབྲིང་ཆུང་རིགས་གོང་འཕེལ་གཏོང་རྒྱུར་གཞོགས་སྐྱོར་དང་ལས་ཞུཌ་བྱེད་ལམ་རྒྱ་ཆེར་བཏང་ནས་ལས་ཞུཌ་བྱེད་ས་མང་དུ་གཏོང་དགོས།

        དོན་ཚན་བཅོ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་བཙུགས་པའི་ལས་ཞུགས་ཀྱི་ཆེད་སྤྱོད་མ་དངུལ་རྣམས་ངེས་པར་དུ་ལས་ཞུགས་ཀྱི་གནས་ཚུལ་དང་ལས་ཞུགས་ལས་དོན་གྱི་དམིགས་ཚད་གཞིར་བཟུང་ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱེད་པ་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ལས་ཞུགས་ལ་སྐུལ་སྤེལ་གཏོང་རྒྱུའི་ཐོག་སྤྱོད་དགོས། རང་སྐྱོང་ལྗོངས་རིམ་པའི་ནོར་སྲིད་ཀྱིས་ངེས་པར་དུ་ཆེད་སྤྱོད་མ་དངུལ་སྒྱུར་སྤྲོད་བྱེད་ཐབས་ལ་བརྟེན་ནས་ས་གནས་ཁག་གི་ལས་ཞུགས་ཀྱི་ཆེད་སྤྱོད་མ་དངུལ་ལ་ཁ་གསབ་གང་འཚམ་སྤྲོད་དགོས་པ་མ་ཟད། ཐག་རིང་ལུང་ཁུག་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་རུབ་སྡོད་ས་ཁུལ་ལ་འཁྱོགས་དགོས།

          དོན་ཚན་བཅུ་དགུ་པ། ལས་ཞུགས་ཀྱི་ཆེད་སྤྱོད་མ་དངུལ་རྣམས་ལས་རིགས་ངོ་སྤྲོད་དང་། ལས་རིགས་སྦྱོང་བརྡར། ལས་རིགས་ཀྱི་རྩལ་ནུས་ཆོད་སྡོམ། སྤྱི་ཕན་རང་བཞིན་གྱི་ལས་གནས། དམིགས་གཏན་འཁེལ་བའི་ལས་ཞུགས་སྲིད་ཇུས། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་ཁ་གསབ་རོགས་དངུལ་དང་གྲངས་ཉུང་དངུལ་བུན་གྱི་ཁག་ཐེག་ཐེབས་རྩ་དང་ཁེ་ཆུང་རྣམ་གྲངས་ཀྱི་གྲངས་ཉུང་ཁག་ཐེག་དངུལ་བུན་སྐྱེད་གསབ་དང་དེ་བཞིན་སྤྱི་པའི་ལས་ཞུགས་ཀྱི་ཞབས་ཞུར་གཞོགས་སྐྱོར་བྱེད་རྒྱུ་སོགས་ཀྱི་ཐོག་སྤྱོད་དགོས།

        དོན་ཚན་ཉི་ཤུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲངས་ཉུང་དངུལ་བུན་གྱི་ཁག་ཐེག་ཞབས་ཞུའི་མ་ལག་འཛུགས་དགོས་པ་དང་། གྲངས་ཉུང་དངུལ་བུན་གྱི་ཁག་ཐེག་ཐེབས་རྩ་བཙུགས་ནས་ཁག་ཐེག་ཚན་པ་ཁ་གསལ་བཟོས་ཐོག་ཐོ་བཀོད་ལས་ཤོར་པ་དང་། བྱ་གཞག་གསར་གཏོད་བྱེད་མཁན་ཞིང་འབྲོག་པ། སློབ་ཆེན་ཐོན་པའི་སློབ་མ། དམག་ཞབས་ཐིམ་པའི་ཕྱིར་ལོག་དམག་མི། དབང་པོ་སྐྱོན་ཅན། ས་ཞིང་བསྡུ་ལེན་བྱས་པའི་ཞིང་འབྲོག་མང་ཚོགས་སོགས་རང་ཐོག་ནས་བྱ་གཞག་གསར་གཏོད་བྱེད་མཁན། རང་ལས་རང་འཚོལ་བྱེད་མཁན། དེ་བཞིན་ལས་ཞུགས་པ་བསྡུ་སྤྱོད་བྱེད་མཁན་ཆ་རྐྱེན་གང་འཚམ་འཛོམས་པའི་མི་བཀོལ་སྤྱོད་བྱེད་མཁན་ཚན་པ་བཅས་ལ་གྲངས་ཉུང་དངུལ་བུན་གཏོང་རྒྱུ་དང་སྐྱེད་གསབ་སྤྲོད་རྒྱུའི་རྒྱབ་སྐྱོར་བྱེད་དགོས།

           དོན་ཚན་ཉེར་གཅིག་པ། གཤམ་གསལ་ཁེ་ལས་དང་མི་ལ་ཁྲིམས་ལུགས་གཞིར་བཟུང་ཁྲལ་བསྡུའི་ཐད་ཀྱི་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོག་པ་སྟེ། (གཅིག )རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་པའི་ལས་ཤོར་པ་ལས་ཀར་བསྡུ་འཇུག་བྱས་པའི་ཐོག་གཏན་འབེབས་ཀྱི་དགོས་འདུན་དང་མཐུན་པའི་ཁེ་ལས། (གཉིས )ལས་ཤོར་པས་བཙུགས་པའི་ཁེ་ལས་འབྲིང་ཆུང་རིགས། (གསུམ )དབང་པོ་སྐྱོན་ཅན་ལ་ལས་ཀ་བཀོད་སྒྲིག་བྱས་པའི་གྲངས་འབོར་གཏན་འབེབས་ཀྱི་བསྡུར་ཚད་དུ་སླེབས་པའམ་ཡང་ན་དབང་པོ་སྐྱོན་ཅན་རྣམས་གཅིག་སྡུད་ཀྱིས་བེད་སྤྱོད་བྱེད་མཁན་ཁེ་ལས།

        (བཞི )ཁེར་རྐྱང་ཚོང་གཉེར་བྱེད་མཁན་རྒྱལ་ཁབ་ཀྱི་གཏན་འབེབས་ནང་གསལ་ཆ་རྐྱེན་དང་མཐུན་པའི་ལས་ཤོར་པ། (ལྔ )ཁེར་རྐྱང་ཚོང་གཉེར་བྱེད་མཁན་དབང་པོ་སྐྱོན་ཅན། (དྲུག )རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཁྲལ་བསྡུའི་གཟིགས་སྐྱོང་བྱེད་གཏན་འཁེལ་བའི་ཁེ་ལས་དང་མི་གཞན་དག་བཅས་སོ།

        དོན་ཚན་ཉེར་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྲིད་གཞུང་གི་མ་འཇོག་བཀོད་སྒྲིག་དང་འཛུགས་སྐྲུན་རྣམ་གྲངས་གཏན་འཁེལ་བྱེད་སྐབས་ལས་ཞུགས་བྱེད་ས་མང་དུ་གཏོང་རྒྱུ་དེ་མ་འཇོག་རྣམ་གྲངས་ལ་དཔྱད་ཞིབ་བྱེད་པའི་གལ་ཆེའི་དམིགས་ཚད་ལ་བརྩིས་ཏེ་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་ཀྱི་བསྡུར་ཚད་ངེས་ཅན་ཞིག་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་སུ་འཇུག་དགོས། སྲིད་གཞུང་ནས་མ་འཇོག་བྱས་པའམ་ཡང་ན་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་འཛུགས་སྐྲུན་བྱས་པའི་གྲོང་ཁྱེར་གྲོང་བརྡལ་གྱི་ཚོང་འདུས་ཁྲོམ་རས་ངེས་པར་དུ་ཁྲོམ་ས་གྲངས་འབོར་ངེས་ཅན་ཞིག་བཞག་སྟེ་ལས་ཞུགས་བྱེད་རྒྱུར་དཀའ་ངལ་ཡོད་པའི་མི་ལས་ཞུགས་ཐུབ་རྒྱུའི་བཀོད་སྒྲིག་བྱེད་དགོས།

         དོན་ཚན་ཉེར་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཞིང་བསྡུ་ལེན་བྱས་པའི་ཞིང་པ་འབྲོག་པའི་ལས་ཞུགས་འགན་སྲུང་ལམ་ལུགས་བཙུགས་ཏེ་ས་ཞིང་བསྡུ་ལེན་བྱས་པའི་ཞིང་པ་འབྲོག་པ་རྣམས་ལས་ཞུགས་ཀྱི་གཞོགས་སྐྱོར་བྱེད་ཁོངས་སུ་འཇུག་དགོས།

        དོན་ཚན་ཉེར་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་འབྲོག་ཁུལ་གྱི་ལས་ཞུགས་ཁ་བསྒྱུར་བྱས་པའི་ངལ་རྩོལ་པའི་བུ་ཕྲུག་སློབ་ཞུགས་དང་། སྤྱི་པའི་འཕྲོད་བསྟེན། སྡོད་ཁང་གནས་གཡར་དང་ཉོ་སྒྲུབ། སྤྱི་ཚོགས་འགན་སྲུང་སོགས་ཐད་ཀྱི་སྲིད་ཇུས་ཀྱི་བྱ་ཐབས་སྔར་བས་ཚགས་ཚུད་དུ་གཏོང་དགོས།

        དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ཞབས་ཞུར་སྐུལ་འདེད་གཏོང་བའི་མ་ལག་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་པ་དང་། སློབ་ཆེན་ཐོན་པའི་སློབ་མ་གྲོང་ཁྱེར་གྲོང་གསེབ་ཀྱི་གཞི་རིམ་དང་ཁེ་ལས་སུ་ལས་ཞུགས་བྱས་ཏེ་རང་ཐོག་ནས་བྱ་གཞག་གསར་གཏོད་ཐུབ་པ་བྱེད་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་གཏོང་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ངེས་པར་དུ་སློབ་ཆེན་ཐོན་པའི་སློབ་མར་ལས་ལམ་གསར་གཏོད་བྱེད་རྒྱུའི་གཞོགས་སྐྱོར་མ་དངུལ་བསྒྲིགས་ཏེ་སློབ་ཆེན་ཐོན་པའི་སློབ་མས་རང་ཐོག་ནས་བྱ་གཞག་གསར་གཏོད་བྱེད་རྒྱུར་གཞོགས་སྐྱོར་བྱེད་དགོས།

          དོན་ཚན་ཉེར་དྲུག་པ། སློབ་ཆེན་ཐོན་པའི་སློབ་མས་ཆ་རྐྱེན་དང་མཐུན་པའི་གཞི་རིམ་དུ་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་ལས་གནས་ཐོག་ལས་ཞུགས་བྱས་རིགས་ལ་དུས་ཡུན་ངེས་ཅན་ནང་ལས་གནས་ཀྱི་ཁ་གསབ་རོགས་དངུལ་དང་། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ། འཚོ་སྣོན་བཅས་སྤྲོད་དགོས། སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་ལྟ་སྦྱོང་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་ལྕག་གཏོང་དགོས། ལྟ་སྦྱོང་བྱེད་རིང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལྟ་སྦྱོང་གི་གཞི་རྩའི་འཚོ་སྣོན་ལེན་ཆོག

        དོན་ཚན་ཉེར་བདུན་པ། སློབ་ཆེན་ཐོན་པའི་སློབ་མ་ལས་ཀར་བསྡུ་འཇུག་བྱས་ནས་དེ་དང་ངལ་རྩོལ་གྱི་གན་རྒྱ་དུས་ཡུན་ངེས་ཅན་བཞག་པའི་ཐོག འབྲེལ་ཡོད་ཆ་རྐྱེན་དང་མཐུན་པའི་མི་བཀོལ་སྤྱོད་བྱེད་མཁན་ཚན་པར་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནས་གྲངས་འབོར་ངེས་ཅན་གྱི་བྱ་དགའི་དངུལ་དང་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་སྤྲོད་དགོས།

        དོན་ཚན་ཉེར་བརྒྱད་པ། མི་བཀོལ་སྤྱོད་བྱེད་མཁན་ཚན་པས་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་ལས་ཀར་བསྡུ་འཇུག་བྱས་པའི་གྲངས་འབོར་དེ་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་ལས་བཟོའི་སྤྱི་འབོར་གྱི་བསྡུར་ཚད་ཟིན་པར་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཐོ་འགོད་དང་། དོ་དམ། ལག་ཁྱེར་སོགས་ཐད་ཀྱི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གླ་རིན་བསྡུ་རྒྱུ་མེད་པ་བཟོ་དགོས།

           དོན་ཚན་ཉེར་དགུ་པ། མི་བཀོལ་སྤྱོད་བྱེད་མཁན་ཚན་པས་ལོ་དེ་རང་གི་ལས་གནས་གསར་པའི་ཐོག་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་བསྡུ་སྤྱོད་བྱས་པ་དང་འབྲེལ། དེ་དང་ངལ་རྩོལ་གན་རྒྱ་ལོ་གཅིག་ཡན་བཞག་པའི་ཐོག་གཏན་འབེབས་གཞིར་བཟུང་སྤྱི་ཚོགས་ཀྱི་འགན་བཅོལ་ཞུ་གྲོན་བསྐྱལ་རིགས་ལ་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་ཡོང་རེ་ཞུས་ན་འགྲིག 《ལས་ཞུགས་དང་ལས་ཞུགས་བསྐྱར་མའི་གཟིགས་སྐྱོང་ལག་ཁྱེར 》ཡོད་མཁན་བསྡུ་འཇུག་བྱས་པའི་ཁེ་ལས་ལ་གཏན་འབེབས་གཞིར་བཟུང་ངལ་རྩོལ་གྱི་གན་རྒྱའི་དུས་ཡུན་ནང་སྤྱི་ཚོགས་ཀྱི་འགན་བཅོལ་ཁ་གསབ་རོགས་དངུལ་སྤྲོད་དགོས། 《ལས་ཞུགས་དང་ལས་ཞུགས་བསྐྱར་མའི་གཟིགས་སྐྱོང་ལག་ཁྱེར 》ཡོད་མཁན་གྱིས་བབ་བསྟུན་ལས་ཞུགས་བྱས་རྗེས་ལས་ཞུགས་ཐོ་འགོད་བྱས་པ་མ་ཟད་སྤྱི་ཚོགས་ཀྱི་འགན་བཅོལ་ཞུ་གྲོན་བསྐྱལ་རིགས་ལ་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་གྲངས་འབོར་ངེས་ཅན་ཞིག་སྤྲོད་དགོས།

           དོན་ཚན་སུམ་ཅུ་པ། སྦྱོང་བརྡར་ཚན་པས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ངལ་རྩོལ་པར་སྦྱོང་བརྡར་ཞབས་ཞུའི་གླ་རིན་ཆག་ཡང་ངམ་རྩ་ཆག་བཏང་བར་སྦྱོང་བརྡར་གྱི་ཁ་གསབ་རོགས་དངུལ་ལེན་ཆོག ལས་རིགས་མཚམས་སྦྱོར་ཚན་པས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ངལ་རྩོལ་པར་གླ་རིན་མི་དགོས་པའི་ཐོག་ནས་ལས་ཞུགས་ཐོ་འགོད་དང་ལས་རིགས་ངོ་སྤྲོད་ཀྱི་ཞབས་ཞུ་བསྒྲུབས་པར་ལས་རིགས་ངོ་སྤྲོད་ཀྱི་ཁ་གསབ་རོགས་དངུལ་ལེན་ཆོག ལས་རིགས་རྩལ་ནུས་ཀྱི་ཆོད་སྡོམ་ཚན་པས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ངལ་རྩོལ་པར་ལས་རིགས་རྩལ་ནུས་ཀྱི་ཆོད་སྡོམ་ཞབས་ཞུའི་གླ་རིན་ཆག་ཡང་དང་རྩ་ཆག་བཏང་བར་ལས་རིགས་རྩལ་ནུས་ཆོད་སྡོམ་གྱི་ཁ་གསབ་རོགས་དངུལ་ལེན་ཆོག

         དོན་ཚན་སོ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ངལ་རྩོལ་པར་རང་ཐོག་ནས་བྱ་གཞག་གསར་གཏོད་བྱེད་རྒྱུའི་སྐུལ་ལྕག་གཏོང་དགོས་པ་དང་ཁྲོམ་རར་འཛུལ་ཞུགས་བྱེད་རྒྱ་ལྷུག་ཏུ་གཏོང་དགོས་པའི་ཐོག བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བཀག་ཆ་མེད་པའི་ལས་རིགས་དང་ཁྱབ་ཁོངས་ཡིན་ཕྱིན་ཚང་མ་རིགས་འདྲ་མིན་གྱི་ལས་ལམ་གསར་གཏོད་བྱེད་མཁན་ལ་སྒོ་དབྱེ་དགོས་པ་དང་། རྒྱལ་ཁབ་ཀྱིས་ཚད་བཀག་གི་ཆ་རྐྱེན་དང་ཚད་གཞི་བཟོས་ཡོད་པའི་ལས་རིགས་དང་ཁྱབ་ཁོངས་ནང་རིགས་འདྲ་མིན་གྱི་ལས་ལམ་གསར་གཏོད་བྱེད་མཁན་ཚང་མར་འདྲ་མཉམ་དྲང་སྙོམས་བྱེད་དགོས། གྲོང་ཁྱེར་གྲོང་རྡལ་གྱི་འཛུགས་སྐྲུན་འཆར་འགོད་ནང་ལས་ལམ་གསར་གཏོད་བྱེད་ཡུལ་གཅིག་གྱུར་འཆར་འགོད་བྱེད་དགོས་པ་དང་། དུས་ཡུན་ངེས་ཅན་ནང་བོགས་མ་རྩ་ཆག་གཏོང་དགོས། ལས་ལམ་གསར་གཏོད་བྱེད་མཁན་ལ་དུས་ཡུན་ངེས་ཅན་ནང་ཁྲལ་བསྡུའི་ཐད་གཟིགས་སྐྱོང་བྱེད་དགོས་པའི་ཐོག་ཐོ་འགོད་དང་། ལག་ཁྱེར། དོ་དམ་སོགས་ཀྱི་འབྲེལ་ཡོད་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གླ་རིན་ཆག་ཡང་དང་རྩ་ཆག་གཏོང་བ་དང་། ལས་ལམ་གསར་གཏོད་ཀྱི་བྱ་དགའི་སྲིད་ཇུས་ལག་བསྟར་བྱེད་དགོས།

         ལེའུ་གསུམ་པ། དྲང་གཞག་གི་ལས་ཞུགས།

        དོན་ཚན་སོ་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དྲང་གཞག་གི་ལས་ཞུགས་ཁོར་ཡུག་ཅིག་གཏོད་དགོས་པ་དང་འབྲེལ་ལས་ཞུགས་བྱེད་མཁན་ལ་མཐོང་ཆུང་བྱེད་རིགས་མེད་པ་བཟོས་ནས་ངལ་རྩོལ་པར་འདྲ་མཉམ་གྱི་ངལ་རྩོལ་ཁེ་དབང་དང་དྲང་གཞག་གི་ལས་ཞུགས་གོ་སྐབས་ཐོབ་པའི་འགན་སྲུང་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་སྲིད་ཇུས་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་སྐབས་ལས་ཞུགས་ཐད་མཐོང་ཆུང་བྱེད་པའི་ནང་དོན་རིགས་ཡོད་མི་ཆོག

           དོན་ཚན་སོ་གསུམ་པ། མི་བཀོལ་སྤྱོད་བྱེད་མཁན་ཚན་པས་མི་བསྡུ་སྤྱོད་བྱེད་སྐབས་ཁྲིམས་ལུགས་གཞིར་བཟུང་གྲངས་ཉུང་མི་རིགས་ཀྱི་ངལ་རྩོལ་པར་ལྟ་རྟོག་འོས་འཚམ་བྱེད་དགོས།

         དོན་ཚན་སོ་བཞི་པ། མི་བཀོལ་སྤྱོད་བྱེད་མཁན་ཚན་པ་དང་། སྤྱི་པའི་ལས་ཞུགས་ཞབས་ཞུའི་ཚན་པ། ལས་རིགས་མཚམས་སྦྱོར་ཚན་པ་བཅས་ཀྱིས་མི་བསྡུ་འཇུག་བྱེད་རྒྱུའི་ཆ་འཕྲིན་སྤེལ་སྐབས་རྫུན་མ་དང་ལས་ཞུགས་བྱེད་མཁན་ལ་མཐོང་ཆུང་རང་བཞིན་གྱི་ནང་དོན་ཡོད་མི་ཆོག བསྡུ་འཇུག་གི་ཆ་རྐྱེན་འགོད་སྐབས་མི་བཀོལ་སྤྱོད་བྱེད་མཁན་ཚན་པའི་ཐོན་སྐྱེད་དང་ལས་ཀའི་དགོས་མཁོ་ལས་བརྒལ་བའི་ཆ་རྐྱེན་ཁ་སྣོན་བྱེད་མི་ཆོག

         དོན་ཚན་སོ་ལྔ་པ། མི་བཀོལ་སྤྱོད་བྱེད་མཁན་ཚན་པས་མི་བསྡུ་སྤྱོད་བྱེད་སྐབས། རྒྱལ་ཁབ་ནས་གཏན་འབེབས་བྱས་པའི་བུད་མེད་དང་འཚམ་པོ་མེད་པའི་ལས་ཀའི་སྣེ་རིགས་སམ་ལས་གནས་ཡོད་པ་ཕུད། དེ་མིན་ཕོ་མོའི་དབྱེ་བ་ཕྱེ་ནས་བུད་མེད་མི་བསྡུ་བའམ་ཡང་ན་བུད་མེད་ལ་ཚད་གཞི་མཐོ་རུ་གཏོང་བ་སོགས་བྱེད་མི་ཆོགམི་བཀོལ་སྤྱོད་བྱེད་མཁན་ཚན་པས་བུད་མེད་ལས་བཟོ་བསྡུ་སྐབས་ངལ་རྩོལ་གན་རྒྱའི་ནང་བུད་མེད་ལས་བཟོ་བར་གཉེན་སྒྲིག་དང་བུ་བཙའ་སོགས་ཐད་ཚད་བཀག་བཟོ་བའི་ནང་དོན་རིགས་གཏན་འབེབས་བྱེད་མི་ཆོག

          དོན་ཚན་སོ་དྲུག་པ། མི་བཀོལ་སྤྱོད་བྱེད་མཁན་ཚན་པས་དབང་པོ་སྐྱོན་ཅན་པའི་དབང་སྐྱོན་གྱི་རིགས་ཁྱད་དང་ཁྱད་ཆོས་ལ་གཞིགས་ནས་ལས་ཀའི་སྣེ་རིགས་དང་ལས་གནས་བཀོད་སྒྲིག་འོས་འཚམ་བྱེད་དགོས་པ་དང་། ལུགས་མཐུན་གྱི་སྒོ་ནས་ངལ་རྩོལ་གྱི་བཅད་གྲངས་གཏན་འཁེལ་བཟོ་དགོས། རིམ་པ་གཏན་འཁེལ་དང་། ལས་རིགས་ཀྱི་གོ་མིང་བཟོ་བ། ངལ་རྩོལ་ཐོབ་ཆ། འཚོ་བའི་ཕན་བདེ། སྤྱི་ཚོགས་ཀྱི་འགན་བཅོལ་སོགས་ཀྱི་ཐད་ལས་བཟོ་བ་གཞན་དང་འདྲ་མཉམ་གྱི་ལྟ་སྟངས་གཅིག་པ་འཛིན་དགོས།

        དོན་ཚན་སོ་བདུན་པ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་པར་གྲོང་ཁྱེར་གྲོང་རྡལ་གྱི་ངལ་རྩོལ་པ་དང་འདྲ་བའི་ལས་ཞུགས་དབང་ཆ་ཡོད་པས། ཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་གཞོགས་སྐྱོར་སྲིད་ཇུས་དང་། སྤྱི་པའི་ལས་ཞུགས་ཞབས་ཞུ། ལས་རིགས་མཚམས་སྦྱོར་བྱེད་སྒོ་སོགས་ཀྱི་ནང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་པར་མཐོང་ཆུང་གི་ཚད་བཀག་རིགས་བཟོ་མི་ཆོག

         དོན་ཚན་སོ་བརྒྱད་པ། མི་བཀོལ་སྤྱོད་བྱེད་མཁན་ཚན་པས་མི་བསྡུ་སྤྱོད་བྱེད་སྐབས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་བཅས་ནས་མཆིན་ནད་ཁ་པའི་ནད་སོན་ལུས་འཁྱེར་རིགས་ལས་ཀ་འགའ་ཤས་བྱེད་མི་ཆོག་པའི་གཏན་འབེབས་ཡོད་པ་ཕུད། དེ་མིན་མཆིན་ནད་ཁ་པའི་ནད་དུག་གི་དྭངས་ཁྲག་ཚད་གཞི་དེ་ལས་ཞུགས་པའི་བདེ་ཐང་གི་ཚད་གཞིར་བཙན་ཤེད་ཀྱིས་འཛིན་མི་ཆོག

           ལེའུ་བཞི་པ། ལས་ཞུགས་ཀྱི་ཞབས་ཞུ་དང་དོ་དམ།

        དོན་ཚན་སོ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཚང་མར་ཁྱབ་པའི་ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཚན་པ་འཛུགས་པ་དང་། ལས་ཞུགས་ཞབས་ཞུའི་ལམ་ལུགས་ཚགས་ཚུད་དུ་བཏང་ནས་ལས་རིགས་མཚམས་སྦྱོར་ཚན་པ་གོང་འཕེལ་གཏོང་རྒྱུར་སྐུལ་མ་བཏང་སྟེ་ལས་ཞུགས་ཀྱི་ཞབས་ཞུ་བྱེད་རྒྱུ་ཚད་ལྡན་བཟོ་བ་དང་དེར་ཤུགས་སྣོན་རྒྱག་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་པའི་ལས་ཞུགས་ཞབས་ཞུ་དང་ལས་རིགས་མཚམས་སྦྱོར་གྱི་བྱེད་ནུས་ཚད་ལྡན་བཟོས་ཏེ་ངལ་རྩོལ་པས་ཁྲོམ་རར་བརྟེན་ནས་ལས་ཞུགས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

          དོན་ཚན་བཞི་བཅུ་པ། རྫོང་རིམ་ཡན་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཚན་པས་ངེས་པར་དུ་ཕྱོགས་བསྡུས་ལས་ཞུགས་ཞབས་ཞུ་བྱ་ཡུལ་བཙུགས་ཐོག་དེ་མཚུངས་ཀྱི་ལས་དོན་མི་སྣ་དང་སྒྲིག་བཀོད་རིགས་བཀོད་སྒྲིག་བྱེད་དགོས་པ་དང་ཞབས་ཞུའི་གོ་རིམ་དང་ཚད་གཞི་ཚད་ལྡན་བཟོས་ནས་ངལ་རྩོལ་པ་དང་མི་བཀོལ་སྤྱོད་བྱེད་མཁན་ཚན་པར་རིན་མེད་ཀྱི་སྒོ་ནས་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱེད་དགོས།

         དོན་ཚན་ཞེ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་རྒྱུན་ཐོན་ཁུངས་ཁྲོམ་ར་དང་ཆ་འཕྲིན་དྲ་རྒྱ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་རྒྱུན་ཐོན་ཁུངས་ཐད་ཀྱི་ཆ་འཕྲིན་རིན་མེད་ཀྱི་སྒོ་ནས་འགྲེམས་བསྒྲགས་བྱེད་པའི་ལམ་ལུགས་བཙུགས་ནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱེད་དགོས།

        དོན་ཚན་ཞེ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སློབ་ཆེན་ཐོན་པའི་སློབ་མར་ལས་ཞུགས་ཞབས་ཞུ་དང་ལས་ཞུགས་ཀྱི་མཛུབ་ཁྲིད་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་རྣམ་པ་འདྲ་མིན་གྱི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་སྤེལ་དགོས། སློབ་གྲྭ་ཆེ་ཁག་གིས་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་ཁ་ཕྱོགས་སུ་བྱས་ཏེ་ལས་ཞུགས་མཛུབ་ཁྲིད་ཀྱི་སློབ་ཚན་བཟོས་ནས་སློབ་མར་ལས་ཞུགས་དང་ལས་ལམ་གསར་གཏོད་བྱེད་རྒྱུའི་ཐད་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སློབ་མའི་ལས་ཞུགས་དང་ལས་ལམ་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་དགོས།

        དོན་ཚན་ཞེ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལས་ཤོར་ཉེན་བརྡ་གཏོང་བའི་ལམ་ལུགས་བཙུགས་ནས་ལས་ཤོར་གྱི་འགུལ་ལྡན་ལ་ལྟ་ཞིབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་འབྲེལ་གཞི་ཁྱོན་ཆེ་ཙམ་གྱི་ལས་ཤོར་བྱུང་རིགས་ལ་ཁ་གཏད་གཅོག་བྱེད་ཀྱི་སྟངས་འཛིན་ཇུས་གཞི་བཟོས་ཏེ་དུས་ཐོག་ཏུ་ཆེད་དོན་སྲིད་ཇུས་ཀྱི་བྱ་ཐབས་སྤྱད་དེ་ལས་ཤོར་སྔོན་འགོག་དང་ལས་ཤོར་ལ་ཚོད་འཛིན་ནུས་ལྡན་བྱེད་དགོས།

        དོན་ཚན་ཞེ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལས་ཞུགས་དང་། ལས་ཤོར་ཐོ་འགོད། ངལ་རྩོལ་ནུས་ཤུགས་བཅས་ལ་བསྒྲུགས་བཤེར་བྱས་ནས་བསྡོམས་རྩིས་རྒྱག་པའི་ལམ་ལུགས་འཛུགས་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་དང་། བསྡོམས་རྩིས་སྡེ་ཚན། སྤྱི་པའི་ལས་ཞུགས་ཞབས་ཞུའི་ཚན་པ་བཅས་ཀྱིས་ལས་ཞུགས་དང་། ལས་ཤོར་ཐོ་འགོད། ངལ་རྩོལ་ནུས་ཤུགས་བཅས་ལ་བརྟག་དཔྱད་བསྡོམས་རྩིས་བྱེད་སྐབས། མི་བཀོལ་སྤྱོད་བྱེད་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་ཐོ་འགོད་དང་བརྟག་དཔྱད་བསྡོམས་རྩིས་ཐད་མཁོ་བའི་གཞི་རྩའི་གནས་ཚུལ་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས།

        དོན་ཚན་ཞེ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྤུས་ཚད་ལྟ་སྡོམ་ལམ་ལུགས་འཛུགས་དགོས་པ་དང་། སྤྱི་པའི་ལས་ཞུགས་ཞབས་ཞུའི་ཚད་གཞི་བཟོས་ནས་སྤྱི་པའི་ལས་ཞུགས་ཞབས་ཞུའི་ལས་རིམ་ཚད་ལྡན་བཟོས་ཐོག་ཞབས་ཞུའི་ཁས་ལེན་དང་སྒོ་བྱང་འགེལ་བའི་ཞབས་ཞུའི་ལམ་ལུགས་ལག་བསྟར་བྱས་ཏེ་བྱས་འབྲས་ཚོད་སྐོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་དགོས།

           དོན་ཚན་ཞེ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནོར་སྲིད་དང་། མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་བཅས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཞུགས་ཆེད་སྤྱོད་མ་དངུལ་དོ་དམ་བྱེད་ཕྱོགས་སྐོར་གྱི་གཏན་འབེབས་གཞིར་བཟུང་ལས་ཞུགས་ཆེད་སྤྱོད་མ་དངུལ་གྱི་ནོར་སྲིད་རྩིས་ཁྲ་ཆེད་མངགས་ཟུར་བཙུགས་བྱེད་དགོས་པ་དང་འབྲེལ་ནོར་དོན་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལས་ཞུགས་ཀྱི་ཆེད་སྤྱོད་མ་དངུལ་དུས་ཐོག་ཏུ་ཞིབ་དཔྱད་དང་གཏོང་སྤྲོད་བྱེད་དགོས། ཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་ལས་ཞུགས་ཀྱི་ཆེད་སྤྱོད་མ་དངུལ་བར་བཟུང་དང་། གཞན་སྤྱོད། ཥམ་བཟུང་། གཡོ་འཕྲོག་བཅས་བྱེད་མི་ཆོག

        དོན་ཚན་ཞེ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་རེ་འདུན་ཞུ་མཁན་ནས་བསྐྱལ་བའི་ལས་རིགས་མཚམས་སྦྱོར་ཚན་པ་འཛུགས་རྒྱུའི་རེ་འདུན་ཞུ་ཡིག་འབྱོར་ཉིན་ནས་བཟུང་ངེས་པར་དུ་ལས་ཀའི་ཉིན་གྲངས་15ནང་ཚུད་དུ་རེ་འདུན་ཞུ་ཡིག་ལ་ཞིབ་བཤེར་བྱེད་དགོས་པ་དང་དགོས་ངེས་ཀྱི་སྐབས་སུ་གཟུ་ཉན་བྱེད་རྒྱུ་སྒྲིག་འཛུགས་བྱས་ན་འགྲིག ཆ་རྐྱེན་དང་མཐུན་པའི་རིགས་ལ་ལས་རིགས་མཚམས་སྦྱོར་གྱི་འཁྲོལ་འཛིན་སྤྲོད་དགོས་པ་དང་། ཆ་རྐྱེན་དང་མི་མཐུན་པའི་རིགས་ལ་ཡིག་ཐོག་ནས་རེ་འདུན་ཞུ་མཁན་ལ་བརྡ་ཐོ་གཏོང་དགོས་པ་མ་ཟད། རྒྱུ་མཚན་གསལ་བཤད་བྱེད་དགོས།

           དོན་ཚན་ཞེ་བརྒྱད་པ། རེ་འདུན་ཞུ་མཁན་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་ནས་སྤྲད་པའི་ལས་རིགས་མཚམས་སྦྱོར་གྱི་འཁྲོལ་འཛིན་ཐོབ་མཁན་གྱིས་ངེས་པར་དུ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ལ་ཐོ་འགོད་བྱེད་དགོས། ཐོ་འགོད་བྱས་མེད་ཚེ་ལས་རིགས་མཚམས་སྦྱོར་བྱེད་སྒོ་སྤེལ་མི་ཆོག

         དོན་ཚན་ཞེ་དགུ་པ། ལས་རིགས་མཚམས་སྦྱོར་ཚན་པར་གཤམ་གསལ་བྱ་སྤྱོད་རིགས་ཡོད་མི་ཆོག (གཅིག )ལས་ཞུགས་ཀྱི་ཆ་འཕྲིན་རྫུན་མ་མཁོ་འདོན་བྱེད་པ། (གཉིས )ཆོག་འཐུས་ཚོང་གཉེར་ཁྱབ་ཁོངས་ལས་བརྒལ་བ། (གསུམ )ལོ་བཅུ་དྲུག་ཧྲིལ་པོར་མ་སླེབས་པའི་ནར་མ་སོན་པའི་མི་ལས་ཞུགས་བྱེད་རྒྱུར་ངོ་སྤྲོད་བྱེད་པ། (བཞི )ཁྲིམས་མཐུན་གྱི་ལག་འཁྱེར་རིགས་མེད་པའི་མི་བཀོལ་སྤྱོད་བྱེད་མཁན་ཚན་པར་མཚམས་སྦྱོར་ཞབས་ཞུ་མཁོ་འདོན་བྱེད་པ། (ལྔ )དྲག་ཤུགས་དང་། མགོ་སྐོར་གཡོ་འཁྲུལ། བཙན་ཤེད་སོགས་ཀྱི་ཐོག་ནས་ལས་རིགས་མཚམས་སྦྱོར་གྱི་བྱེད་སྒོ་སྤེལ་བ། (དྲུག )མི་བཀོལ་སྤྱོད་བྱེད་མཁན་ཚན་པ་དང་ངན་པ་ཁ་མཐུན་གྱིས་ལས་ཀ་འཚོལ་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ། (བདུན )མཚམས་སྦྱོར་འཁྲོལ་འཛིན་རྫུན་བཟོ་དང་། སུབ་བཅོས། ནང་བཤུག་བཅས་བྱེད་པ། (བརྒྱད )ངལ་རྩོལ་པའི་གྲོང་མིའི་མིང་བབ་ལག་ཁྱེར་དང་ལག་ཁྱེར་གཞན་དག་བཙན་ཉར་བྱེད་པའམ་ཡང་ན་ངལ་རྩོལ་པའི་ས་ནས་གཏའ་དངུལ་ལེན་པ། (དགུ )བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བའི་ལས་རིགས་མཚམས་སྦྱོར་གྱི་བྱེད་སྒོ་གཞན་དག་བཅས་སོ།

        དོན་ཚན་ལྔ་བཅུ་པ། ངལ་ནུས་མངགས་གཏོང་གི་ལས་སྒོ་སྤེལ་མཁན་ཚན་པས་ངེས་པར་དུ་བཟོ་ཚོང་ཐོ་འགོད་བྱས་རྗེས་ཀྱི་ཉིན་བཅུའི་ནང་ཚུད་དུ་རང་གནས་སའི་གྲོང་ཁྱེར (ས་གནས )དང་། རྫོང་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས། ངལ་ནུས་མངགས་གཏོང་ཚན་པས་ངེས་པར་དུ་མི་བཀོལ་སྤྱོད་བྱེད་མཁན་ཚན་པ་དང་ངལ་ནུས་མངགས་གཏོང་སྐོར་གྱི་གྲོས་དན་འཇོག་དགོས་པ་དང་། མངགས་གཏོང་བྱས་པའི་ལས་མི་དང་ངལ་རྩོལ་གན་རྒྱ་འཇོག་དགོས།

          དོན་ཚན་ང་གཅིག་པ། ངལ་ནུས་མངགས་གཏོང་ཚན་པས་ངེས་པར་དུ་གཤམ་གསལ་འགན་ནུས་ཁག་སྒྲུབ་དགོས། (གཅིག )ལས་མི་བཀོལ་སྤྱོད་བྱེད་མཁན་ཚན་པའི་དགོས་མཁོ་གཞིར་བཟུང་། ངལ་རྩོལ་པ་བསྡུ་སྐོང་བྱེད་རྒྱུ། (གཉིས ) མངགས་གཏོང་བྱས་པའི་ངལ་རྩོལ་པར 《ངལ་ནུས་མངགས་གཏོང་གྲོས་དན 》གྱི་ནང་དོན་ཤོད་རྒྱུ། (གསུམ ) མངགས་གཏོང་བྱས་པའི་ངལ་རྩོལ་པར་ཁྲིམས་ལུགས་གཞིར་བཟུང་ཟླ་རེ་བཞིན་ངལ་རྩོལ་གྱི་ཐོབ་ཆ་སྤྲོད་དགོས་པ་མ་ཟད། མི་བཀོལ་སྤྱོད་བྱེད་མཁན་ཚན་པས་ངལ་ནུས་མངགས་གཏོང་གི་གྲོས་དན་གཞིར་བཟུང་མངགས་གཏོང་བྱས་པའི་ངལ་རྩོལ་པར་སྤྲད་པའི་ངལ་རྩོལ་ཐོབ་ཆ་འཁྲི་འཐེན་བྱེད་མི་ཆོག (བཞི ) མངགས་གཏོང་བྱས་པའི་ངལ་རྩོལ་པའི་སྤྱི་ཚོགས་འགན་བཅོལ་ཞུས་རིན་ཁྲིམས་ལུགས་གཞིར་བཟུང་སྐྱེལ་རྒྱུ། (ལྔ ) ལས་མི་བཀོལ་སྤྱོད་བྱེད་མཁན་ཚན་པ་དང་གྲོས་མོལ་བྱས་ནས་མཉམ་དུ་ངལ་རྩོལ་རྩོད་ཪྙོག་རིགས་ཐག་གཅོད་བྱེད་རྒྱུ། (དྲུག )ལས་མི་བཀོལ་སྤྱོད་བྱེད་མཁན་ཚན་པར་གཞོགས་འདེགས་བྱས་ཏེ་མངགས་གཏོང་བྱས་པའི་ངལ་རྩོལ་པའི་རྒྱུན་གཏན་གྱི་དོ་དམ་ལས་དོན་ཡག་པོ་སྒྲུབ་རྒྱུ། (བདུན ) མངགས་གཏོང་བྱས་པའི་ངལ་རྩོལ་པ་ལས་མི་བཀོལ་སྤྱོད་བྱེད་མཁན་ཚན་པས་ཁྲིམས་ལུགས་གཞིར་བཟུང་ཕྱིར་སློག་བྱས་པ་རྣམས་རྩིས་ལེན་བྱེད་དགོས་པ་མ་ཟད། ལས་གནས་གཞན་དུ་ལས་ཀ་བྱེད་པར་མངགས་གཏོང་བྱེད་པའམ་ཡང་ན་ལས་རིགས་རྩལ་ནུས་སྦྱོང་བརྡར་སྤྲས་རྗེས་ཡང་བསྐྱར་ལས་ཀ་བཀོད་སྒྲིག་བྱེད་རྒྱུ། (བརྒྱད )མངགས་གཏོང་བྱས་པའི་ངལ་རྩོལ་པར་ངལ་རྩོལ་འགན་སྲུང་བྱེད་རྒྱུའི་ལས་དོན་ཚབ་སྒྲུབ་བྱེད་རྒྱུ་བཅས་སོ།

           ལེའུ་ལྔ་པ། ལས་རིགས་ཀྱི་སློབ་གསོ་དང་སྦྱོར་བརྡར།

        དོན་ཚན་ང་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པའི་ལས་རིགས་སློབ་གསོ་དང་ལས་རིགས་སྦྱོང་བརྡར་སྲིད་ཇུས་ལག་བསྟར་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལས་རིགས་རྩལ་ནུས་སྦྱོང་བརྡར་ལ་གཏོང་ཆ་མང་དུ་གཏོང་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་མི་རྒྱུན་ཐོན་ཁུངས་ཁྲོམ་རའི་དགོས་མཁོར་གཞིགས་ཏེ་ལས་རིགས་ཀྱི་ནུས་པ་འདོན་སྤེལ་འཆར་གཞི་བཟོས་ནས་ལག་བསྟར་བྱས་ཏེ་ལས་རིགས་སྦྱོང་བརྡར་ཐོན་ཁུངས་སྒྲིལ་སྤྱོད་བྱེད་པ་དང་། རིགས་ཁག་གི་སྦྱོང་བརྡར་ཚན་པར་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་ནས་སྤྱི་པའི་དངོས་སྦྱོང་རྟེན་གཞི་རིམ་པས་བཙུགས་ཐོག་ལས་རིགས་ལག་རྩལ་སློབ་གསོ་གོང་འཕེལ་ཤུགས་ཆེ་གཏོང་དགོས།

        དོན་ཚན་ང་གསུམ་པ། རིགས་འདྲ་མིན་གྱི་ལས་རིགས་སློབ་གྲྭ་དང་། ལས་རིགས་རྩལ་ནུས་སྦྱོང་བརྡར་ཚན་པ། མི་བཀོལ་སྤྱོད་བྱེད་མཁན་ཚན་པ་བཅས་ཀྱིས་ལས་ཞུགས་མ་བྱས་གོང་གི་སྦྱོང་བརྡར་དང་། ལས་ཐོག་ཁ་བསྒྱུར་དང་ལས་བསྒྱུར་སྦྱོང་བརྡར། ལས་ཀ་བསྐྱར་འཚོལ་གྱི་སྦྱོང་བརྡར། ལས་ལམ་གསར་གཏོད་ཀྱི་སྦྱོང་བརྡར། ལས་ཞུགས་ཁ་བསྒྱུར་གྱི་རྩལ་ནུས་སྦྱོང་བརྡར་བཅས་བྱེད་པར་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ལུགས་གཞིར་བཟུང་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།

         དོན་ཚན་ང་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ལས་རིགས་སློབ་གྲྭ་དང་། ལས་རིགས་རྩལ་ནུས་སྦྱོང་བརྡར་ཚན་པར་མི་རྒྱུན་ཐོན་ཁུངས་ཁྲོམ་རའི་དགོས་མཁོའི་ཆ་འཕྲིན་མཁོ་འདོན་བྱེད་དགོས། ལས་རིགས་སློབ་གྲྭ་དང་། ལས་རིགས་རྩལ་ནུས་སྦྱོང་བརྡར་ཚན་པས་མི་རྒྱུན་ཐོན་ཁུངས་ཁྲོམ་རའི་དགོས་མཁོའི་ཆ་འཕྲིན་གཞིར་བཟུང་སྦྱོང་བརྡར་གྱི་ཁ་ཕྱོགས་ལེགས་སྒྲིག་དང་རིག་ཚན་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་ལས་རིགས་སློབ་གསོ་དང་སྦྱོང་བརྡར་གྱི་སྤུས་ཚད་མཐོ་རུ་གཏོང་དགོས།

        དོན་ཚན་ང་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྩལ་ནུས་ཆེ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ལས་ཀའི་འཇོན་ཐང་དཔྱད་བསྡུར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། རྩལ་ནུས་ཆེ་བའི་ཤེས་ལྡན་པར་བྱ་དགའ་སྤྲད་ནས་སྐུལ་ལྕག་གཏོང་ལམ་འཛུགས་ཐུབ་པ་བཅས་བྱེད་དགོས།

         དོན་ཚན་ང་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ལུགས་གཞིར་བཟུང་ངལ་རྩོལ་སྔོན་གྲབས་ལམ་ལུགས་ལག་བསྟར་བྱས་ཏེ་ལས་ཞུགས་ཀྱི་རེ་བ་བྱེད་མཁན་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་ཐོན་པའི་སློབ་མར་དུས་ཡུན་ངེས་ཅན་ནང་ལས་རིགས་སློབ་གསོ་དང་སྦྱོང་བརྡར་སྤྲས་ནས་ཁོ་ཚོར་བབ་མཚུངས་ཀྱི་ལས་རིགས་འོས་ཐོབ་རག་པའམ་ཡང་ན་ལས་རིགས་རྩལ་ནུས་ངེས་ཅན་ཞིག་ཤེས་ཐུབ་པ་བཟོས་ནས་ལས་ཞུགས་བྱེད་རྒྱུའི་རྩལ་ནུས་དང་ལས་ཞུགས་བྱེད་ནུས་ཆེ་རུ་གཏོང་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ལས་ཤོར་མི་སྣ་དང་། དམག་ཞབས་ཐིམ་པའི་ཕྱིར་ལོག་དམག་མི། སློབ་ཆེན་ཐོན་པའི་སློབ་མ་བཅས་དང་དེ་བཞིན་གྲོང་ཁྱེར་དུ་ལས་ཀ་འཚོལ་བར་ཡོང་བའི་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་པ་བཅས་ལ་ངེས་པར་དུ་དམིགས་སའི་རང་བཞིན་དང་། དངོས་ཕན་རང་བཞིན། གོ་ཆོད་རང་བཞིན་བཅས་ལྡན་པའི་ལས་རིགས་རྩལ་ནུས་ཀྱི་སྦྱོང་བརྡར་སྤྲོས་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཁ་བསྒྱུར་མ་བྱས་གོང་ནས་ཁོ་ཚོར་ངེས་པར་དུ་ལས་ཞུགས་ཀྱི་རྩལ་ནུས་སྦྱོང་བརྡར་སྤྲོས་དགོས་པ་དང་། ལས་མི་བཀོལ་སྤྱོད་བྱེད་རྒྱུའི་དགོས་མཁོར་གཞིགས་ཏེ་འགྲོ་ཁུངས་མངགས་བཅོལ་དང་། འགྲོ་ཁུངས་གཏན་འཁེལ། དམིགས་འཛུགས་སྦྱོར་བརྡར་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་ཆེ་རུ་འགྲོ་བ་བྱེད་དགོས།

        དོན་ཚན་ང་བདུན་པ། ལས་རིགས་མཚམས་སྦྱོར་ཚན་པ་དང་ལས་རིགས་སྦྱོང་བརྡར་ཚན་པའི་ལས་གཉེར་བྱེད་སྒོའི་གླ་རིན་གྱི་ཚད་གཞི་དེ་ས་གནས (གྲོང་ཁྱེར )ཡན་གྱི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས།

        དོན་ཚན་ང་བརྒྱད་པ། ཁེ་ལས་ཀྱིས་ངེས་པར་དུ་ལས་བཟོའི་སློབ་གསོ་དང་སྦྱོང་བརྡར་ལམ་ལུགས་འཛུགས་དགོས་པ་དང་འབྲེལ་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་ལས་བཟོའི་སློབ་གསོའི་གྲོན་དངུལ་འཐེན་འཇོག་བྱས་ནས་ལས་བཟོའི་རྩལ་ནུས་སྦྱོང་བརྡར་ཐད་ལ་སྤྱོད་དགོས། ལས་བཟོའི་སློབ་གསོའི་གྲོན་དངུལ་བེད་སྤྱོད་གཏོང་དགོས་རིགས་ངེས་པར་དུ་ཁེ་ལས་ཀྱི་ལས་བཟོའི (འཐུས་མི )ཚོགས་ཆེན་གྱིས་གྲོས་བསྡུར་བྱས་ནས་ཐག་གཅོད་དགོས་པ་མ་ཟད། མི་དམངས་སྲིད་གཞུང་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་འབྲེལ་ཡོད་སྡེ་ཚན་གྱི་ལྟ་སྐུལ་དང་ལེན་བྱེད་དགོས།

        དོན་ཚན་ང་དགུ་པ། ལས་རིགས་ཀྱི་འོས་ཐོབ་ལག་འཁྱེར་སྤྲོད་ལམ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ལས་ཞུགས་ཆོག་མིན་གྱི་ཆ་རྐྱེན་ཡོད་དགོས་པའི་ལས་རིགས་ཡིན་ཚེ་མི་བཀོལ་སྤྱོད་བྱེད་མཁན་ཚན་པས་ངེས་པར་དུ་དེ་མཚུངས་ཀྱི་ལས་རིགས་འོས་ཐོབ་ལག་འཁྱེར་ཡོད་པའི་མི་བསྡུ་སྤྱོད་བྱེད་དགོས།

          ལེའུ་དྲུག་པ། ལས་ཞུགས་ཀྱི་རོགས་སྐྱོར།

        དོན་ཚན་དྲུག་ཅུ་པ། རང་སྐྱོང་ལྗོངས་ཀྱིས་ལས་ཞུགས་ཀྱི་རོགས་སྐྱོར་བྱེད་ལམ་ལག་བསྟར་བྱས་ནས་ཁྲལ་གླ་ཆག་ཡང་རྩ་ཆག་དང་། དངུལ་བུན་སྐྱེད་སྦྱར། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་སྤྲོད་པ། ལས་གནས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་བཟོ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མིར་སྔོན་ལ་གཞོགས་སྐྱོར་བྱེད་དགོས་པ་དང་གཙོ་གནད་དུ་བཞག་ནས་རོགས་རམ་བྱེད་དགོས།

         དོན་ཚན་རེ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་རིགས་སྙན་སེང་ཐོ་འགོད་བྱེད་ལམ་བཙུགས་ནས་ལས་ཞུགས་ཀྱི་དཀའ་ངལ་ཡོད་མི་གཏན་འཁེལ་དང་། བཀོད་སྒྲིག་ཕྱིར་འཐེན་བཅས་ཐད་ཀྱི་འགྱུར་ལྡོག་གཞིར་བཟུང་དོ་དམ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། ལས་ཞུགས་ཐད་ལ་དཀའ་ངལ་ཡོད་པའི་མིའི་ཆ་འཕྲིན་སྐོར་གྱི་ཐོ་མཛོད་བཟོ་རྒྱུ་ཚགས་ཚུད་དུ་གཏོང་དགོས།

        དོན་ཚན་རེ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལས་ཞུགས་པ་གཅིག་ཀྱང་མེད་པའི་གྲོང་ཁྱེར་གྲོང་བརྡལ་གྱི་ཁྱིམ་ཚང་ལ་ལས་ཞུགས་རོགས་སྐྱོར་བྱེད་ལམ་བཙུགས་ཏེ་ལས་ཀ་དགོས་འདོད་ཡོད་པའི་གྲོང་ཁྱེར་གྲོང་བརྡལ་གྱི་ཁྱིམ་ཚང་ལ་ཉུང་མཐར་ཡང་མི་གཅིག་ལས་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས།

        དོན་ཚན་རེ་གསུམ་པ། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་ཞེས་པ་ནི་གཟུགས་པོའི་གནས་ཚུལ་དང་། རྩལ་ནུས་ཆུ་ཚད། ཁྱིམ་ཚང་གི་རྒྱུ་རྐྱེན། ས་ཞིང་ཤོར་བ་སོགས་ཀྱིས་རྐྱེན་པས་ལས་ཞུགས་ཐད་ལ་དཀའ་ངལ་འཕྲད་པ་དང་དེ་བཞིན་བསྟུད་མར་ལས་ཀ་ཤོར་ནས་དུས་ཚོད་ངེས་ཅན་སོང་ཡང་ད་དུང་ལས་ཞུགས་མ་ཐུབ་པའི་རིགས་ལ་ཟེར་བ་ཡིན། ལས་ཞུགས་ཐད་ལ་དཀའ་ངལ་ཡོད་པའི་མིའི་ཁྱབ་ཁོངས་ནི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་གཏན་འབེབས་ལོགས་སུ་བྱེད་རྒྱུ། དོན་ཚན་རེ་བཞི་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ལས་ཞུགས་ཐད་དཀའ་ངལ་ཡོད་རིགས་ལ་གཤམ་གསལ་གྱི་རོགས་སྐྱོར་ཐོབ་ཐུབ། (གཅིག )གླ་རིན་མི་དགོས་པའི་ཐོག་ནས་ལས་རིགས་སྦྱོང་བརྡར་དང་ལས་རིགས་རྩལ་ནུས་ཆོད་སྡོམ་བྱེད་རྒྱུ། (གཉིས )སྲིད་གཞུང་གིས་གསར་སྤེལ་བྱས་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ལས་ཀ་སྔོན་ལ་བཀོད་སྒྲིག་བྱེད་རྒྱུ་མ་ཟད། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་དང་ལས་གནས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། (གསུམ )ཁེར་རྐྱང་ལས་གཉེར་བྱེད་མཁན་ལ་འབྲེལ་ཡོད་སྡེ་ཚན་གྱིས་ཐོ་འགོད་དང་། དོ་དམ། ལག་འཁྱེར་བཅས་ཐད་ཀྱི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གླ་རིན་མི་བསྡུ་རྒྱུ། (བཞི ) རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་གཞོགས་སྐྱོར་སྲིད་ཇུས་གཞན་དག་བཅས་སོ།

          དོན་ཚན་རེ་ལྔ་པ། སྤྱི་པའི་ལས་ཞུགས་ཞབས་ཞུའི་ཚན་པས་ངེས་པར་དུ་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་ཐོ་འགོད་བྱེད་པ་དང་། ཆེད་བཙུགས་རྩིས་ཁྲ་བཟོས་ཏེ་ལས་ཞུགས་ཀྱི་རོགས་སྐྱོར་བྱ་ཡུལ་ལ་འགྱུར་ལྡོག་གཞིར་བཟུང་དོ་དམ་དང་རོགས་སྐྱོར་བྱེད་རྒྱུའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ནས་དུས་ཐོག་དང་ཕན་ནུས་ལྡན་པའི་སྒོ་ནས་ལས་ཞུགས་བྱེད་རྒྱུར་རོགས་སྐྱོར་བྱེད་དགོས།

        ལེའུ་བདུན་པ། ལྟ་སྐུལ་ཞིབ་བཤེར།

        དོན་ཚན་རེ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་དམིགས་ཚད་ཀྱི་བླང་བྱ་ལྟར་རང་ཁོངས་འབྲེལ་ཡོད་སྡེ་ཚན་དང་འོག་རིམ་མི་དམངས་སྲིད་གཞུང་གིས་ལས་ཞུགས་ཀྱི་ལས་ཀ་ལེགས་གྲུབ་ཇི་བྱུང་སྐོར་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

        དོན་ཚན་རེ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནོར་སྲིད་དང་། མི་རྒྱུན་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་བཅས་ཀྱིས་ལས་ཞུགས་ཐད་ཀྱི་ཆེད་སྤྱོད་མ་དངུལ་དོ་དམ་དང་བེད་སྤྱོད་བྱེད་ཚུལ་ལ་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རྩིས་བཤེར་ལས་ཁུངས་ཀྱིས་ངེས་པར་དུ་དུས་བཀག་བཟོས་ནས་ལས་ཞུགས་ཐད་ཀྱི་ཆེད་སྤྱོད་མ་དངུལ་དོ་དམ་དང་བེད་སྤྱོད་བྱེད་ཚུལ་ལ་རྩིས་བཤེར་བྱེད་དགོས།

        དོན་ཚན་རེ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་མི་རྒྱུན་ཐོན་ཁུངས་དང་། སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ལས་རིགས་མཚམས་སྦྱོར་ཚན་པ་དང་། ལས་རིགས་སྦྱོང་བརྡར་ཚན་པ། ངལ་ནུས་མངགས་གཏོང་ཚན་པ་བཅས་ཀྱི་ལས་གཉེར་བྱེད་སྒོའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལ་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱེད་དགོས།

         དོན་ཚན་རེ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཐེར་འདོན་ལམ་ལུགས་བཙུགས་ནས་ཐེར་འདོན་སྒམ་དང་ཁ་པར་བཟོ་དགོས་པ་དང་འབྲེལ་དེ་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་དགོས་པ་དང་། ཐེར་འདོན་བྱས་པའི་ནང་དོན་ངེས་པར་དུ་དུས་ཐོག་ཏུ་བརྟག་དཔྱད་ཞིབ་བསྡུར་བྱེད་དགོས་པ་མ་ཟད་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱེད་དགོས།

        ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

        དོན་ཚན་བདུན་ཅུ་པ། མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་དང་། སྤྱི་པའི་ཞབས་ཞུའི་ཚན་པ་སོགས་འབྲེལ་ཡོད་སྡེ་ཚན་དང་དེའི་ལས་བྱས་བྱ་ཐབས་འདིའི་གཏན་འབེབས་དང་འགལ་བའི་གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཐོན་ཚེ་ཚན་པ་གནས་ཡུལ་ལམ་ཡང་ན་གོང་རིམ་གཙོ་འགན་འཁུར་མཁན་ལས་ཁུངས་ཀྱིས་ཐད་ཀའི་གཙོ་འགན་འཁུར་མཁན་དང་དེ་མིན་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་ཁྲིམས་ལུགས་གཞིར་བཟུང་ཆད་པ་གཅོད་དགོས་པ་དང་། ངལ་རྩོལ་པའི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ནས་གྱོང་གུན་བཟོས་ཚེ་ཁྲིམས་ལུགས་གཞིར་བཟུང་དམངས་དོན་འགན་འཁྲི་འཁུར་དགོས་པ་དང་། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་ལུགས་གཞིར་བཟུང་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས། (གཅིག )ལས་ཞུགས་ཐད་ཀྱི་ཆེད་སྤྱོད་མ་དངུལ་བར་བཟུང་དང་། ཥམ་བཟུང་། གཞན་སྤྱོད་བཅས་བྱེད་རིགས། (གཉིས )ཁག་ཐེག་གི་ལས་རིམ་དང་ཆ་རྐྱེན་གྱི་གཏན་འབེབས་ལས་འགལ་ཏེ་གྲངས་ཉུང་དངུལ་བུན་གྱི་ཁག་ཐེག་བྱེད་པའི་རིགས། (གསུམ )ལས་རིགས་མཚམས་སྦྱོར་ཚན་པར་དོ་དམ་བྱེད་རྒྱུར་ཧོལ་རྒྱུག་སོང་ནས་ཤུགས་རྐྱེན་ངན་པ་བཟོ་རིགས། (བཞི )སྲིད་གཞུང་གི་སྦྱོང་བརྡར་ཁ་གསབ་རོགས་དངུལ་ཐོབ་པའི་མི་ལ་ལས་ཞུགས་སྦྱོང་བརྡར་བྱེད་སའི་སྦྱོང་བརྡར་ཚན་པ་གཏན་འཁེལ་བྱས་པ་དེར་འོས་སྐུལ་རྒྱག་པ་སོགས་ཀྱི་ཡོངས་བསྒྲགས་དང་དྲང་གཞག་གི་བྱ་ཐབས་སྤྱད་མེད་པའི་རིགས། (ལྔ )སྦྱོང་བརྡར་ཚན་པ་ཕན་ཚུན་ཁ་མཐུན་བྱས་པའམ་ཡང་ན་ཞིབ་དཔྱད་ནན་པོ་མ་བྱུང་བའི་རྐྱེན་གྱིས་སྦྱོང་བརྡར་ཚན་པས་སྦྱོང་བརྡར་སྤྲས་པའི་མི་གྲངས་སམ་ཡང་ན་སྦྱོང་བརྡར་གྱི་དུས་ཚོད་རྫུན་མ་བཟོ་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་སྲིད་གཞུང་གི་སྦྱོང་བརྡར་གྱི་ཁ་གསབ་རོགས་དངུལ་རག་ཐབས་བྱེད་པའི་རིགས། (དྲུག )འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་ཟོལ་འཇོག་བྱེད་པ། དགའ་ཉེ་ཕྱོགས་ལྷུང་བྱེད་པ་བཅས་ཀྱི་རིགས་སོ།

        དོན་ཚན་དོན་གཅིག་པ། བྱ་ཐབས་འདིའི་གཏན་འབེབས་དང་རྒྱབ་འགལ་བྱས་ནས་ལས་ཞུགས་བྱེད་མཁན་ལ་མཐོང་ཆུང་བྱེད་པའི་རིགས་ལ་ངལ་རྩོལ་པས་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཆོག དོན་ཚན་དོན་གཉིས་པ། བྱ་ཐབས་འདིའི་དོན་ཚན་ལྔ་བཅུ་པའི་ནང་གསེས་དང་པོའི་གཏན་འབེབས་དང་རྒྱབ་འགལ་བྱས་ཏེ་གཏན་འབེབས་ཀྱི་དུས་བཀག་ནང་སྙན་དཔོད་མ་བྱས་ན་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ཡོ་བསྲང་བྱེད་རྒྱུའི་བཀོད་པ་གཏོང་དགོས། དུས་བཀག་ནང་ཡོ་བསྲང་མ་བྱས་ཚེ་སྒོར་5000ཡན་ནས་སྒོར་ཁྲི་1མན་གྱི་དངུལ་ཆད་འགེལ་རྒྱུ།

        དོན་ཚན་དོན་གསུམ་པ། བྱ་ཐབས་འདིའི་གཏན་འབེབས་དང་རྒྱབ་འགལ་བྱས་ཏེ་ལས་རིགས་མཚམས་སྦྱོར་ཚན་པ་དང་ལས་རིགས་སྦྱོང་བརྡར་ཚན་པ་ནས་རང་འཚམ་གྱིས་ངལ་རྩོལ་པའི་ས་ནས་གྲོན་དངུལ་བསྡུས་རིགས་མི་རྒྱུན་ཐོན་ཁུངས་དང་། སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན། རིན་གོང་དོ་དམ་གཙོ་འགན་འཁུར་མཁན་སྡེ་ཚན་བཅས་ཀྱིས་ཁོར་ཚོར་བཀོད་པ་བཏང་སྟེ་ཁོ་ཚོས་ཁྲིམས་འགལ་ཐོག་ནས་བསྡུས་པའི་གྲོན་དངུལ་རིགས་ངལ་རྩོལ་པར་ཕྱིར་སློག་བྱེད་འཇུག་དགོས་པ་མ་ཟད་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གསལ་གཏན་འབེབས་གཞིར་བཟུང་ཁོ་ཚོར་ཉེས་ཆད་གཅོད་རྒྱུ།

        དོན་ཚན་དོན་བཞི་པ། ལས་རིགས་མཚམས་སྦྱོར་ཚན་པར་བྱ་ཐབས་འདིའི་གཏན་འབེབས་དང་རྒྱབ་འགལ་བྱས་པའི་གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་རིགས་ལ་གཤམ་གསལ་གྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་ནས་ཁོ་ཚོའི་ལས་རིགས་མཚམས་སྦྱོར་འཁྲོལ་འཛིན་མེད་པ་བཟོས་ཆོག (གཅིག )ལས་ཞུགས་ཀྱི་ཆ་འཕྲིན་རྫུན་མ་མཁོ་འདོན་བྱེད་པ་དང་། ལས་རིགས་མཚམས་སྦྱོར་འཁྲོལ་འཛིན་རྫུན་བཟོ་བྱེད་པ་དང་། སུབ་བཅོས་བྱེད་པ། ནང་བཤུག་གཏོང་བ་བཅས་ཀྱི་རིགས་ལ་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ཡོ་བསྲང་བྱེད་རྒྱུའི་བཀོད་པ་གཏོང་དགོས་པ་དང་ཁོ་ཚོའི་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད་སྒོར་ཁྲི་1ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་འགེལ་རྒྱུ། (གཉིས )གཏུམ་སྤྱོད་དང་། མགོ་སྐོར་གཏོང་བ། བཙན་ཤེད་སོགས་ཀྱི་བྱ་ཐབས་སྤྱད་དེ་ལས་རིགས་མཚམས་སྦྱོར་བྱེད་སྒོ་སྤེལ་རིགས་ལ་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ཡོ་བསྲང་བྱེད་རྒྱུའི་བཀོད་པ་གཏོང་དགོས་པ་དང་ཁོ་ཚོའི་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད་སྒོར་ཁྲི་1ཡན་ནས་སྒོར་ཁྲི་3མན་གྱི་དངུལ་ཆད་འགེལ་རྒྱུ་དང་། བདེ་འཇགས་དོ་དམ་ལས་འགལ་རིགས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་གཅོད་རྒྱུ། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་ལུགས་གཞིར་བཟུང་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ། (གསུམ )མི་བཀོལ་སྤྱོད་བྱེད་མཁན་ཚན་པས་ངན་པ་ཁ་མཐུན་གྱིས་ལས་ཀ་འཚོལ་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་རིགས་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ཁོ་ཚོར་ཡོ་བསྲང་བྱེད་རྒྱུའི་བཀོད་པ་གཏོང་དགོས་པ་དང་ཁོ་ཚོའི་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་གཞེས་གཏོང་རྒྱུ་མ་ཟད་ཁག་སོ་སོར་སྒོར་ཁྲི་1ཡན་ནས་སྒོར་ཁྲི་3མན་གྱི་དངུལ་ཆད་འགེལ་རྒྱུ།

        དོན་ཚན་དོན་ལྔ་པ། ལས་རིགས་མཚམས་སྦྱོར་ཚན་པས་བྱ་ཐབས་འདིའི་གཏན་འབེབས་དང་རྒྱབ་འགལ་བྱས་ཏེ་ངལ་རྩོལ་པའི་ས་ནས་གཏའ་དངུལ་བསྡུས་རིགས་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ཁོ་ཚོར་དུས་བཀག་ནང་ཕྱིར་སློག་བྱེད་དགོས་པའི་བཀོད་པ་གཏོང་དགོས་པ་མ་ཟད་མི་རེར་སྒོར་500ཡན་ནས་སྒོར་2000མན་གྱི་ཚད་གཞི་བཟོས་ཏེ་དངུལ་ཆད་འགེལ་རྒྱུ།

         དོན་ཚན་དོན་དྲུག་པ། བྱ་ཐབས་འདིའི་དོན་ཚན་ང་བརྒྱད་པའི་ནང་གསེས་དང་པོའི་གཏན་འབེབས་དང་རྒྱབ་འགལ་བྱས་ཏེ་ཁེ་ལས་ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལས་བཟོའི་སློབ་གསོའི་འགྲོ་གྲོན་འཐེན་འཇོག་མ་བྱས་རིགས་ལ་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ཁོ་ཚོར་ཡོ་བསྲང་བྱེད་རྒྱུའི་བཀོད་པ་གཏོང་དགོས་པ་མ་ཟད་སྒོར་5000ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་འགེལ་རྒྱུ།

        དོན་ཚན་དོན་བདུན་པ། བྱ་ཐབས་འདིའི་གཏན་འབེབས་དང་རྒྱབ་འགལ་བྱས་པའི་བྱ་བ་གཞན་དག་ཡོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཉེས་ཆད་དང་ཆད་གཅོད་བྱེད་རྒྱུའི་གཏན་འབེབས་ཡོད་ན་གཏན་འབེབས་དེ་ལྟར་ཉེས་ཆད་དང་ཆད་པ་གཅོད་རྒྱུ།

         ལེའུ་དགུ་པ། ཞར་བྱུང་།

        དོན་ཚན་དོན་བརྒྱད་པ། བྱ་ཐབས་འདིའི་ནང་འཁོད་པའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཚན་པ་ཞེས་པ་ནི་སྲིད་གཞུང་གིས་བཙུགས་པའི་མི་བཀོལ་སྤྱོད་བྱེད་མཁན་དང་ངལ་རྩོལ་པར་གླ་རིན་མི་དགོས་པའི་ཐོག་ནས་ལས་ཞུགས་ཀྱི་ཞབས་ཞུ་སྒྲུབ་མཁན་གྱི་སྤྱི་ཕན་རང་བཞིན་གྱི་ཚན་པར་ཟེར།

           དོན་ཚན་དོན་དགུ་པ། བྱ་ཐབས་འདི་2010ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།