དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་ཀྱི་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་སྲོལ་ཡིག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

        (2009)ཨང་5པ།

        《བོད་རང་སྐྱོང་ལྗོངས་ཀྱི་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་སྲོལ་ཡིག 》འདི་2009ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པས་2009ལོའི་ཟླ་10ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ། དམིགས་བསལ་དུ་སྤྱི་བསྒྲགས་བྱེད་རྒྱུ།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

        2009ལོའི་ཟླ་8ཚེས་ 13ཉིན།

        ལེའུ་དང་པོ། སྤྱིའི་རྩ་འཛིན།

        དོན་ཚན་དང་པོ། གཞི་རིམ་གྱི་དམངས་གཙོ་ཆབ་སྲིད་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་བཟོའི་དམངས་གཙོའི་དབང་ཆ་འགན་སྲུང་དང་། ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ་གཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་སྐྱོང་དང་། ཁེ་ལས་དང་བྱ་གཞག་ཚན་པ་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་ཆེད 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས 》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་སིའི་བཅའ་ཁྲིམས 》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས 》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།

        དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་ཁེ་ལས་དང་། བྱ་གཞག་ཚན་པ། ཁེ་ལས་མིན་པའི་དམངས་གཉེར་ཚན་པ་བཅས་དང་། དེ་བཞིན་དཔལ་འབྱོར་རྩ་འཛུགས་གཞན་དག (གཤམ་དུ་ཁེ་ལས་བྱ་གཞག་ཚན་པ་ཞེས་བསྡུ་རྒྱུ )ལ་བེད་སྤྱོད་བྱས་ན་འཐུས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་བཅའ་ཁྲིམས 》གཞིར་བཟུང་དོ་དམ་བྱེད་པའི་བྱ་གཞག་ཚན་པར་སྲོལ་ཡིག་འདི་སྤྱོད་རྒྱུ་མིན།

        དོན་ཚན་གསུམ་པ། ལས་བཟོའི་འཐུས་མི་ཚོགས་ཆེན་ནི་ཁེ་ལས་བྱ་གཞག་ཚན་པའི་དམངས་གཙོས་དོ་དམ་བྱེད་པའི་རྩ་བའི་ལམ་ལུགས་ཤིག་ཡིན་པ་དང་། ལས་བཟོས་དམངས་གཙོའི་དོ་དམ་དབང་ཆ་ལག་བསྟར་བྱེད་པའི་ལས་ཁུངས་ཤིག་ཡིན་པས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་ཁེ་ལས་བྱ་གཞག་ཚན་པས་ཁྲིམས་ལུགས་ལྟར་ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་གཞི་རྩའི་རྣམ་པ་བྱེད་པའི་དམངས་གཙོའི་དོ་དམ་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས།

        དོན་ཚན་བཞི་པ། ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་ཁེ་ལས་བྱ་གཞག་ཚན་པའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བསམ་བློའི་འགོ་ཁྲིད་དང་ལེན་ཞུ་དགོས་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཁྲིམས་ལུགས་ལྟར་འགན་དབང་སྤྱོད་དགོས།

        དོན་ཚན་ལྔ་པ། ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་རྒྱུ། ཁེ་ལས་བྱ་གཞག་ཚན་པས་ཁྲིམས་ལུགས་ལྟར་ལས་བཟོ་རྣམས་དམངས་གཙོའི་ཇུས་ཐག་གཅོད་པ་དང་། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་བྱེད་པའི་ནང་ཞུགས་རྒྱུ་ཁྱབ་སྤེལ་གཏོང་དགོས།

        དོན་ཚན་དྲུག་པ། ཁེ་ལས་བྱ་གཞག་ཚན་པའི་བཟོ་ཚོགས་ཨུ་ཡོན་ལྷན་ཁང་ནི་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་དོན་བྱེད་ལས་ཁུངས་ཤིག་ཡིན་པས་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལྡན་ལས་ཀའི་འགན་འཁུར་རྒྱུ།

        དོན་ཚན་བདུན་པ། རྫོང་རིམ་པ་ཡན་གྱི་རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་སྲོལ་ཡིག་འདི་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་འགན་འཁུར་དགོས། རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་བཟོ་ཚོགས་དང་ཐོན་ལས་བཟོ་ཚོགས་ཀྱིས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་སྲོལ་ཡིག་འདི་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

        དོན་ཚན་བརྒྱད་པ། ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་ཁྲིམས་ལུགས་ལྟར་ལས་དོན་སྤེལ་བར་ཁེ་ལས་བྱ་གཞག་ཚན་པ་དང་དེའི་འགན་ཁུར་མི་སྣས་རྒྱབ་སྐྱོར་བྱེད་པ་དང་། ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་བཏོན་པའི་འབྲེལ་ཡོད་གྲོས་ཆོད་དང་གཏན་འབེབས་ལག་བསྟར་སྒྲིག་འཛུགས་བྱེད་པ། ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་ལྟ་སྐུལ་དང་ལེན་བཅས་བྱེད་དགོས། ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་ཁེ་ལས་བྱ་གཞག་ཚན་པའི་ཁྲིམས་མཐུན་ཐོན་སྐྱེད་གཉེར་སྐྱོང་དང་དོ་དམ་སོགས་ཀྱི་བྱེད་སྒོར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། རྐང་བདག་ལྷན་ཚོགས་དང་། ལས་འཛིན་ལྷན་ཚོགས། ལྟ་ཞིབ་ལྷན་ཚོགས། ཁེ་ལས་བྱ་གཞག་ཚན་པའི་འགན་ཁུར་མི་སྣ་བཅས་ཀྱིས་ཁྲིམས་ལྟར་འགན་དབང་སྤྱོད་པར་རྒྱབ་སྐྱོར་བྱེད་དགོས།

        དོན་ཚན་དགུ་པ། ཁེ་ལས་བྱ་གཞག་ཚན་པའི་དམངས་གཙོའི་དོ་དམ་ལས་ཀའི་ནང་ལེགས་སྐྱེས་གཟེངས་སུ་ཐོན་པ་འབུལ་མཁན་ལས་བཟོའི་འཐུས་མིར་ཁེ་ལས་བྱ་གཞག་ཚན་པས་གཟེངས་བསྟོད་བྱེད་པ་དང་བྱ་དགའ་སྤྲོད་དགོས།

        ལེའུ་གཉིས་པ། ལས་བཟོའི་འཐུས་མི།

        དོན་ཚན་བཅུ་པ། ཁྲིམས་ལུགས་ལྟར་སྤྱི་དམངས་ཀྱི་དབང་ཆ་དང་འོས་འགན་ཡོད་པ་མ་ཟད་ཁེ་ལས་བྱ་གཞག་ཚན་པ་དང་ངལ་རྩོལ་འབྲེལ་བ་བཙུགས་པའི (གདན་ཞུ་བྱས་པ་ཚུད )ལས་བཟོ་ཚང་མར་ལས་བཟོའི་འཐུས་མིར་གདམ་བྱའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད། ལས་བཟོའི་འཐུས་མིར་བབ་མཚུངས་ཀྱི་ཆབ་སྲིད་བྱང་ཚད་དང་དོན་གྲོས་བྱེད་ནུས་ཡོད་དགོས།

        དོན་ཚན་བཅུ་གཅིག་པ། ལས་བཟོའི་འཐུས་མི་ནི་ལས་བཟོས་དམངས་གཙོའི་འདེམས་བསྐོ་བྱས་ནས་ཐོན་རྒྱུ་དང་། དེའི་འགན་ཡུན་ནི་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་སྐབས་ཡུན་དང་གཅིག་མཚུངས་ཡིན་ཞིང་བསྟུད་མར་བདམས་ཐོན་གྱིས་ལས་འགན་འཛིན་ཆོགལས་བཟོའི་འཐུས་མི་འདེམས་བསྐོ་བྱེད་སྐབས་འདེམས་བསྐོ་ཚན་པ་དེ་གའི་ལས་བཟོ་གསུམ་ཆ་གཉིས་ཡན་ཞུགས་ཚེ་གཞི་ནས་གོ་ཆོད་པ་དང་། གདམ་བྱའི་འོས་མིར་ལས་བཟོ་ཕྱེད་ཀ་ཡན་གྱི་མོས་མཐུན་གྱི་འདེམས་ཤོག་ཐོབ་ན་བདམས་ཐོན་བྱུང་བ་ཡིན།

        དོན་ཚན་བཅུ་གཉིས་པ། ལས་བཟོའི་འཐུས་མིའི་ནང་འཐབ་ས་དང་པོའི་ལས་བཟོའི་བསྡུར་ཚད་དེ་ལས་བཟོའི་འཐུས་མི་སྤྱི་འབོར་གྱི་60%ལས་ཉུང་བ་བྱེད་མི་ཆོག་པ་དང་། འབྲིང་རིམ་ཡན་གྱི་དོ་དམ་མི་སྣས་ལས་བཟོའི་འཐུས་མི་སྤྱི་འབོར་གྱི་30%ལས་བརྒལ་མི་ཆོག་པ། དེ་མིན་གཞན་དག་10%ལས་བརྒལ་མི་ཆོགགྲངས་ཉུང་མི་རིགས་ཀྱི་ལས་བཟོའི་འཐུས་མི་དེ་ཚན་པ་དེ་གའི་ལས་བཟོའི་ནང་གྲངས་ཉུང་མི་རིགས་ཀྱི་ལས་བཟོས་བཟུང་བའི་བསྡུར་ཚད་ལས་ཉུང་བ་བྱེད་མི་ཆོག་པ་དང་། བུད་མེད་ཀྱི་ལས་བཟོའི་འཐུས་མིས་ཚན་པ་དེ་གའི་བུད་མེད་ལས་བཟོ་སྤྱི་འབོར་གྱི་20%ཡན་ཟིན་དགོས།

        དོན་ཚན་བཅུ་གསུམ་པ། ལས་བཟོའི་འཐུས་མིས་ལས་བཟོར་འགན་འཁུར་དགོས་པ་དང་། ལས་བཟོར་ཚན་པ་དེ་གའི་ལས་བཟོའི་འཐུས་མིར་ལྟ་སྐུལ་བྱེད་རྒྱུ་དང་འཐུས་མི་གནས་དབྱུང་གཏོང་རྒྱུའི་གྲོས་འཆར་འདོན་དབང་ཡོད། ལས་བཟོའི་འཐུས་མི་གནས་དབྱུང་གཏོང་དགོས་ཚེ་ཐོག་མའི་འདེམས་བསྐོ་ཚན་པའི་ལས་བཟོ་ལྔ་ཆ་གཅིག་ཡན་གྱིས་གྲོས་འཆར་བཏོན་ནས་ཐོག་མའི་འདེམས་བསྐོ་ཚན་པའི་ལས་བཟོ་ཕྱེད་ཀ་ཡན་གྱི་མོས་མཐུན་འདེམས་ཤོག་ཐོབ་རྗེས་གནས་དབྱུང་གཏོང་ཆོག

        དོན་ཚན་བཅུ་བཞི་པ། ལས་བཟོའི་འཐུས་མིའི་ཁེ་དབང་ནི། (གཅིག )རང་ཚན་པའི་ལས་བཟོའི་ཁེ་དབང་དང་འབྲེལ་བ་ཡོད་པའི་དོན་གནད་ཤེས་རྟོགས་བྱེད་པའི་དབང་ཆ་དང་། གྲོས་འཆར་འདོན་པའི་དབང་ཆ། ལྟ་སྐུལ་བྱེད་པའི་དབང་ཆ་བཅས་ཡོད་པ་དང་། ལས་བཟོའི་འཐུས་མི་ཚོགས་ཆེན་ཐོག་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་དང་བརྡས་ཐག་གཅོད་དབང་ཡོད་པ་དང་། (གཉིས )ལས་བཟོའི་འཐུས་མི་ཚོགས་ཆེན་དང་དེའི་ལས་ཁུངས་ཀྱིས་ཚན་པ་དེ་གའི་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་དང་། གཏན་འབེབས། བྱ་ཐབས། ཇུས་གཞི་བཅས་ལག་བསྟར་བྱས་ཚུལ་དང་གྲོས་གཞི་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ནང་ཞུགས་རྒྱུ། (གསུམ )ཚན་པ་དེ་གའི་འབྲིང་རིམ་ཡན་གྱི་དོ་དམ་མི་སྣར་དམངས་གཙོས་དཔྱད་གླེང་དང་འདྲི་རྩད་བྱེད་པའི་ནང་ཞུགས་རྒྱུ་བཅས་ཡིན།

        

        དོན་ཚན་བཅོ་ལྔ་པ། ལས་བཟོའི་འཐུས་མིའི་འོས་འགན་ནི། (གཅིག )རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དང་དེ་བཞིན་ཚན་པའི་སྒྲིག་སྲོལ་ལམ་ལུགས་སློབ་སྦྱོང་དང་དེར་བརྩི་སྲུང་ཞུ་བ་དང་། རང་འཁྲིའི་ལས་ཀ་ཡག་པོ་བསྒྲུབ་པ། ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱེད་རྒྱུ། (གཉིས )ལས་བཟོ་དམངས་ལ་འབྲེལ་བ་དམ་ཟབ་བྱས་ནས་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་། ལས་བཟོའི་བསམ་འཆར་དང་རེ་འདུན་ཇི་མ་ཇི་བཞིན་གོང་ལ་གསལ་ཞུ་བྱས་ཏེ་གཞི་མཐུན་བརྟན་ལྷིང་གི་ངལ་རྩོལ་འབྲེལ་བ་སྲུང་སྐྱོང་བྱེད་རྒྱུ། (གསུམ )ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་དང་གཏན་འབེབས་ལག་བསྟར་བྱེད་པ་དང་། ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་སྤྲད་པའི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུ། (བཞི )འདེམས་བསྐོ་བྱེད་མཁན་ཚན་པའི་ལས་བཟོར་འགན་འཁུར་ཏེ་ལས་བཟོར་འཐུས་མིའི་འགན་འཁྲི་བསྒྲུབས་ཚུལ་བརྡ་ཁྱབ་གཏོང་བ་དང་། ལས་བཟོའི་ལྟ་སྐུལ་དང་ལེན་བྱེད་རྒྱུ་བཅས་ཡིན།

        དོན་ཚན་བཅུ་དྲུག་པ། ལས་བཟོའི་འཐུས་མིས་འཐུས་མིའི་འགན་དབང་སྒྲུབ་སྐབས་ལས་ཀའི་དུས་ཚོད་བཟུང་སྤྱོད་བྱས་ཚེ་དེའི་གླ་ཕོགས་ཕན་བདེ་དང་ཐོབ་ཐང་གཞན་དག་ལ་སྐྱོན་རྒྱག་གི་མེད།

        དོན་ཚན་བཅུ་བདུན་པ། ལས་བཟོའི་འཐུས་མི་སྔར་གྱི་ཚན་པ་ནས་གཞན་ལ་ལས་སྒྱུར་བྱས་པ་དང་། ལས་བྲལ་ལས་འཁྱུར་ངལ་གསོའམ་ཡང་ན་ངལ་རྩོལ་གྱི་འབྲེལ་བ་མེད་པ་ཆགས་ཚེ་དེའི་འཐུས་མིའི་ཐོབ་ཐང་རང་ཤུགས་སུ་མཚམས་འཇོག་བྱེད་རྒྱུ་དང་། འཐུས་མིའི་ཆད་གྲངས་དེ་སྔར་གྱི་འདེམས་བསྐོའི་ཚན་པས་གཏན་འབེབས་ལྟར་གསབ་འདེམས་བྱེད་རྒྱུ། ལས་བཟོའི་འཐུས་མི་ཚན་པ་དེ་གའི་ནང་ཁུལ་དུ་ལས་གནས་སྒྱུར་ཚེ་འགན་འཛིན་དུས་ཡུན་ནང་མུ་མཐུད་དེ་འཐུས་མིའི་འགན་འཁྲི་སྒྲུབ་རྒྱུ། འགན་ཡུན་ནང་ལས་བཟོའི་འཐུས་མིས་ལག་བསྟར་བྱེད་བཞིན་པའི་ངལ་རྩོལ་གན་རྒྱའི་ཡུན་ཚད་དེ་འཐུས་མིའི་འགན་ཡུན་ལས་ཐུང་བ་ཡོད་ཚེ་ངལ་རྩོལ་གན་རྒྱའི་ཡུན་ཚད་གཙང་རྗེས་རང་གནས་སའི་ཚན་པས་འཐུས་མི་དེ་དང་འགན་ཡུན་མ་གཙང་བར་དུ་ངལ་རྩོལ་གན་རྒྱ་མུ་མཐུད་འཇོག་དགོས་ཤིང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་ཕུད་དེ་གནས་སའི་ཚན་པས་དེའི་ངལ་རྩོལ་གན་རྒྱ་འགྱུར་ལྡོག་གཏོང་བའམ་ཡང་ན་རྩིས་མེད་གཏོང་མི་ཆོག

        དོན་ཚན་བཅོ་བརྒྱད་པ། ཁེ་ལས་བུན་སྟོངས་སུ་གཏོང་བའམ་ཡང་ན་གཞན་དུ་ཟླ་སྒྲིལ་གཏོང་བའི་བརྒྱུད་རིམ་ནང་ལས་བཟོའི་འཐུས་མིས་མུ་མཐུད་ནས་རང་འགན་འཁྲི་སྒྲུབ་བྱེད་རྒྱུ།

        དོན་ཚན་བཅུ་དགུ་པ། ལས་བཟོའི་འཐུས་མིས་ཁྲིམས་ལུགས་ལྟར་འགན་དབང་སྤྱོད་པར་རྩ་འཛུགས་དང་མི་སྒེར་གང་རུང་གིས་བཙན་གནོན་དང་། བཀག་འགོགརྡུང་རྡེག་འཁོན་ལན་སློག་པ་བཅས་བྱེད་མི་ཆོག

        ལེའུ་གསུམ་པ། ལས་བཟོའི་འཐུས་མི་

        ཚོགས་ཆེན་གྱི་འགན་དབང་།

        དོན་ཚན་ཉི་ཤུ་པ། གཞུང་ཁོངས་ཁེ་ལས་དང་མ་རྐང་གཞུང་གཙོ་ཁེ་ལས་ཀྱི་ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་གཤམ་གསལ་འགན་དབང་སྤྱོད་རྒྱུ་སྟེ། (གཅིག )ཁེ་ལས་ཀྱི་ལས་དོན་སྙན་སྒྲོན་དང་། གཉེར་སྐྱོང་བྱེད་ཕྱོགས། གོང་འཕེལ་འཆར་འགོད། ལོ་འཁོར་འཆར་གཞི་དང་དེ་ལག་བསྟར་བྱས་ཚུལ་བཅས་ཉན་འཇོག་དང་གྲོས་ཞིབ་བྱེད་རྒྱུ་དང་། གལ་ཆེའི་མ་འཇོག་ཇུས་གཞི་དང་། གལ་ཆེའི་ལག་རྩལ་སྒྱུར་བཀོད་ཇུས་གཞི། གཞི་རྩའི་འཛུགས་སྐྲུན་ཇུས་གཞི། ལས་བཟོ་སྦྱོང་བརྡར་འཆར་གཞི། གླ་ཕོགས་མཉམ་སྡེབ་ཐོག་གྲོས་མོལ་བྱེད་པ། མཉམ་སྡེབ་གན་རྒྱ་དང་ངལ་རྩོལ་གན་རྒྱ་འཇོག་རྒྱུ་དང་ལག་བསྟར་བྱས་ཚུལ་བཅས་དང་དེ་བཞིན་ཁྲིམས་ལུགས་ལྟར་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་དང་སྡོད་ཁང་སྤྱི་གསོག་མ་དངུལ་སོགས་འཇལ་ཚུལ་སྐོར་གྱི་སྙན་སྒྲོན་ཉན་འཇོག་དང་གྲོས་ཞིབ་བྱེད་རྒྱུ། ནོར་དོན་ལས་ཀའི་སྙན་སྒྲོན་དང་ལས་སྒོའི་སྣེ་ལེན་གྲོན་དངུལ་བེད་སྤྱོད་བྱས་ཚུལ། བཟོ་གྲྭའི་དོན་དག་ཡོངས་བསྒྲགས་བྱས་ཚུལ། ཁེ་ལས་ཀྱི་འགོ་ཁྲིད་མི་སྣས་སྤྱོད་གཙང་རང་འདོམས་བྱས་ཚུལ་སོགས་ཀྱི་སྙན་སྒྲོན་ཉན་འཇོག་དང་གྲོས་ཞིབ་བྱེད་རྒྱུ། (གཉིས )ཁེ་ལས་ཀྱི་དཔལ་འབྱོར་འགན་འཁྲིའི་ལམ་ལུགས་ཀྱི་ཇུས་གཞི་དང་། ཁེ་ལས་བསྒྱུར་བཅོས་དང་དེའི་ལམ་ལུགས་སྒྱུར་བཅོས་ཇུས་གཞི། ཁེ་ལས་ཀྱི་མི་སྣ་འཕྲི་འཐེན། ཁེ་ལས་བུན་སྟོངས་སུ་གཏོང་བ་དང་། ལས་བཟོ་ཕྱོགས་བགོས་དང་བཀོད་སྒྲིག་བྱེད་པའི་ཇུས་གཞི། ལས་བཟོའི་ཡོང་འབབ་བགོ་འགྲེམས་ཇུས་གཞི། ཁེ་ལས་ཀྱི་འགོ་ཁྲིད་མི་སྣའི་ལོ་འཁོར་གྱི་ལོ་ཕོགས་ལམ་ལུགས་ལག་བསྟར་ཇུས་གཞི། ངལ་རྩོལ་ལས་མི་སྤྱོད་པའི་ཇུས་གཞི། མཉམ་སྡེབ་གན་རྒྱའི་འཆར་ཟིན། གླ་ཕོགས་མཉམ་སྡེབ་ཐོག་གྲོས་མོལ་བྱེད་པའི་འཆར་ཟིན། ངལ་རྩོལ་བདེ་འཇགས་འཕྲོད་བསྟེན་དང་བཟོ་གྲྭའི་དོན་དག་ཡོངས་བསྒྲགས་བྱེད་པའི་ལག་བསྟར་ཞིབ་སྲོལ། བུད་མེད་ལས་བཟོར་དམིགས་བསལ་སྲུང་སྐྱོབ་བྱ་ཐབས། ལས་བཟོར་བྱ་དགའ་ཆད་གཅོད་བྱ་ཐབས་བཅས་དང་དེ་མིན་སྒྲིག་སྲོལ་ལམ་ལུགས་གལ་ཆེ་རིགས་ལ་གྲོས་ཞིབ་གྲོས་འཆམ་བྱེད་རྒྱུ། (གསུམ )ལས་བཟོའི་ཕན་བདེའི་ཐེབས་རྩ་དང་སྤྱི་ཕན་མ་དངུལ་བེད་སྤྱོད་བྱེད་པའི་ཇུས་གཞི་དང་། དཀའ་ངལ་ཡོད་པའི་ལས་བཟོར་ཁ་གསབ་རོགས་རམ་བྱ་ཐབས་སོགས་ལས་བཟོའི་འཚོ་བའི་ཕན་བདེ་དང་། སྒྲིག་འགལ་ལས་བཟོའི་ངལ་རྩོལ་འབྲེལ་བ་མེད་པ་བཟོ་རྒྱུ་སོགས་དོན་དག་ཆེ་རིགས་གྲོས་ཞིབ་གཏན་འབེབས་བྱེད་རྒྱུ། (བཞི )ཁེ་ལས་ཀྱི་འགོ་ཁྲིད་ཚན་པ་དང་དེའི་ཁོངས་མིར་དཔྱད་བསྡུར་དང་ལྟ་སྐུལ་བྱེད་རྒྱུ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་བྱ་དགའ་ཆད་གཅོད་དང་གོ་གནས་བསྐོ་འཐེན་བྱེད་རྒྱུའི་གྲོས་འཆར་འདོན་རྒྱུ། (ལྔ )ཁྲིམས་ལུགས་ལྟར་ལས་བཟོའི་ལས་འཛིན་དང་ལྟ་ཞིབ་པ། དེ་བཞིན་འདྲ་མཉམ་ཐོག་གྲོས་མོལ་དང་ངལ་རྩོལ་གྱི་རྩོད་ཪྙོག་འདུམ་འགྲིག་བྱེད་མཁན་གྱི་རྩ་འཛུགས་ནང་ཞུགས་མཁན་ལས་བཟོའི་འཐུས་མི་ཁྲིམས་ལུགས་ལྟར་འདེམས་བསྐོ་དང་། གནས་དབྱུང་། ལེགས་སྒྲིག་བཅས་བྱེད་རྒྱུ། (དྲུག )སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ་འོས་སྦྱོར་བྱེད་རྒྱུ། (བདུན )བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་དང་ཡང་ན་ཁེ་ལས་དང་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གིས་གྲོས་མོལ་བྱས་ནས་གཏན་ལ་ཕབ་པའི་ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་སྤྱོད་དགོས་པའི་འགན་དབང་གཞན་དག་བཅས་སོ།

        དོན་ཚན་ཉེར་གཅིག་པ། མཉམ་སྡེབ་དང་དེ་བཞིན་མཉམ་སྡེབ་ཀྱི་མ་རྐང་གཙོ་འཛིན་ཁེ་ལས་ཀྱི་ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་གཤམ་གསལ་འགན་དབང་སྤྱོད་རྒྱུ་སྟེ། (གཅིག )ལས་བཟོའི་བྱ་དགའ་ཆད་གཅོད་བྱ་ཐབས་སོགས་ལས་བཟོའི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གལ་ཆེའི་སྒྲིག་སྲོལ་ལམ་ལུགས་གཞན་དག་གཏན་ལ་འབེབས་པ་དང་བཟོ་བཅོས་རྒྱག་རྒྱུ། (གཉིས )ཁེ་ལས་ཀྱིས་ཁྲིམས་ལུགས་ལྟར་སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ་འཇལ་ཚུལ་དང་། ལས་སྒོའི་སྣེ་ལེན་གྲོན་དངུལ་བེད་སྤྱོད་བཏང་ཚུལ། དེ་བཞིན་མཉམ་སྡེབ་གན་རྒྱ་དང་ངལ་རྩོལ་གན་རྒྱ་འཇོག་པ་དང་ལག་བསྟར་བྱས་ཚུལ། གླ་ཕོགས་མཉམ་སྡེབ་ཐོག་གྲོས་མོལ་བྱས་ཚུལ་སོགས་ཀྱི་སྙན་སྒྲོན་ཉན་འཇོག་དང་གྲོས་ཞིབ་བྱེད་རྒྱུ། (གསུམ )ཁེ་ལས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་དང་། ལོ་འཁོར་གཉེར་སྐྱོང་འཆར་གཞི། མ་འཇོག་ཇུས་གཞི། ནོར་དོན་སྔོན་རྩིས་དང་ངེས་རྩིས་ཀྱི་སྙན་ཞུ། ཁེ་ལས་བསྒྱུར་བཅོས་དང་ལམ་ལུགས་སྒྱུར་བཅོས། བུན་སྟོངས་སུ་གཏོང་བ་བཅས་ཀྱི་ཇུས་གཞི། ལས་བཟོའི་སྦྱོང་བརྡར་འཆར་གཞི། མཉམ་སྡེབ་གན་རྒྱའི་འཆར་ཟིན། བཟོ་གྲྭའི་དོན་དག་ཡོངས་བསྒྲགས་བྱེད་པའི་ལག་བསྟར་ཞིབ་སྲོལ། དཔལ་འབྱོར་འགན་འཁྲིའི་ལམ་ལུགས་ཀྱི་ཇུས་གཞི། ངལ་རྩོལ་ལས་མི་བཀོལ་སྤྱོད་བྱ་ཐབས། ངལ་རྩོལ་བདེ་འཇགས་འཕྲོད་བསྟེན་དང་བུད་མེད་ལས་བཟོར་དམིགས་བསལ་སྲུང་སྐྱོབ་བྱ་ཐབས་བཅས་ལ་གྲོས་ཞིབ་གྲོས་འཆམ་བྱེད་རྒྱུ། (བཞི )ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་བྱེད་ཕྱོགས་ཐད་ཀྱི་གལ་ཆེའི་དོན་གནད་དང་ལས་བཟོའི་ཡོང་འབབ་བགོ་བཤའ་རྒྱག་པའི་ཇུས་གཞི་དང་། ལས་བཟོའི་ཕན་བདེའི་ཐེབས་རྩ། སྤྱི་ཕན་མ་དངུལ་བེད་སྤྱོད་བྱེད་ཐབས་སོགས་ལས་བཟོའི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་དག་གལ་ཆེན་དང་ཁེ་ལས་ཀྱིས་འབུལ་སྤྲོད་བྱས་པའི་གྲོས་གཞི་གཞན་དག་ལ་གྲོས་ཞིབ་གཏན་འཁེལ་བྱེད་རྒྱུ། (ལྔ )ཁེ་ལས་ཀྱི་འགོ་ཁྲིད་མི་སྣ་ཁྲིམས་ལུགས་ལྟར་འདེམས་བསྐོ་དང་། གནས་དབྱུང་གཏོང་བ། གདན་ཞུ་བཀོལ་སྤྱོད་བྱེད་པ། གདན་ཞུ་མཚམས་འཇོག་བྱེད་པ་བཅས་དང་། ཁེ་ལས་ཀྱི་སྒྲིག་ཡིག་གཞིར་བཟུང་ལས་བཟོའི་ལས་འཛིན་དང་། ལས་བཟོའི་ལྟ་ཞིབ། དེ་བཞིན་འདྲ་མཉམ་གྲོས་མོལ་དང་ངལ་རྩོལ་རྩོད་ཪྙོག་འདུམ་འགྲིག་རྩ་འཛུགས་བཅས་ནང་ཞུགས་པའི་ལས་བཟོའི་འཐུས་མི་འདེམས་བསྐོ་དང་། གནས་དབྱུང་གཏོང་བ། བརྗེ་པོ་རྒྱག་པ་བཅས་བྱེད་རྒྱུ། (དྲུག )སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ་འོས་སྦྱོར་བྱེད་རྒྱུ། (བདུན )བཅའ་ཁྲིམས་དང་། ཁྲིམས་སྲོལ། ཁེ་ལས་ཀྱི་སྒྲིག་ཡིག་བཅས་ཀྱིས་གཏན་འབེབས་བྱས་པའི་འགན་དབང་གཞན་དག་བཅས་སོ།

        དོན་ཚན་ཉེར་གཉིས་པ། རྒྱལ་ཁབ་ནས་མ་རྩ་བཏང་བ་མིན་པའི་ཁེ་ལས་ཀྱི་ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་གཤམ་གསལ་འགན་དབང་སྤྱོད་རྒྱུ་སྟེ། (གཅིག )ཁེ་ལས་ཀྱི་ལོ་འཁོར་ལས་ཀའི་འཆར་གཞི་དང་། ཐོན་སྐྱེད་གཉེར་སྐྱོང་དོ་དམ་བྱས་ཚུལ་སྐོར་གྱི་དོ་བདག་གམ་ཡང་ན་གཉེར་སྐྱོང་བའི་སྙན་ཞུ་ཉན་རྒྱུ་དང་། བསམ་འཆར་དང་གྲོས་འགོ་འདོན་རྒྱུ། (གཉིས )མཉམ་སྡེབ་གན་རྒྱའི་འཆར་ཟིན་དང་ལས་བཟོའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གལ་ཆེའི་སྒྲིག་སྲོལ་ལམ་ལུགས་ལ་གྲོས་ཞིབ་གྲོས་འཆམ་བྱེད་རྒྱུ། (གསུམ )ལས་བཟོའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ངལ་རྩོལ་ཐོབ་ཆ་དང་། ངལ་རྩོལ་དུས་ཚོད། ངལ་གསོ་དང་འཁོར་ཞག ངལ་རྩོལ་སྒྲིག་ཁྲིམས། ལས་བཟོ་སྦྱོང་བརྡར། ངལ་རྩོལ་བདེ་འཇགས་འཕྲོད་བསྟེན། འགན་བཅོལ་ཕན་བདེ། གླ་ཕོགས་མཉམ་སྡེབ་ཐོག་གྲོས་མཐུན་འཇོག་པ། དཔལ་འབྱོར་རྐྱེན་གྱིས་མི་སྣ་འཕྲི་འཐེནབྱེད་པ། ལས་བཟོའི་བྱ་དགའ་ཆད་གཅོད་བྱ་ཐབས། བུད་མེད་ལས་བཟོར་དམིགས་བསལ་སྲུང་སྐྱོབ་བྱ་ཐབས་སོགས་ཀྱི་དོན་དག་གྲོས་མོལ་གཏན་འཁེལ་བྱེད་རྒྱུ། (བཞི )ཁེ་ལས་ཀྱིས་ངལ་རྩོལ་བཅའ་ཁྲིམས་དང་། ངལ་རྩོལ་གན་རྒྱའི་བཅའ་ཁྲིམས། བཟོ་ཚོགས་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་དང་། དེ་བཞིན་ལས་བཟོའི་སྤྱི་ཚོགས་འགན་བཅོལ་རིན་དངུལ་བསྡུ་འཇལ་དང་། བཟོ་གྲྭའི་དོན་དག་ཡོངས་བསྒྲགས་བྱེད་པ། མཉམ་སྡེབ་གན་རྒྱ་དང་ངལ་རྩོལ་གན་རྒྱ་འཇོག་པ་དང་ལག་བསྟར་བྱེད་པ་བཅས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་རྒྱུ། (ལྔ )ཁེ་ལས་ཀྱི་རེ་བ་ལྟར་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་མི་སྣར་དམངས་གཙོའི་དཔྱད་བསྡུར་བྱེད་རྒྱུ་མ་ཟད། བྱ་དགའ་ཆད་གཅོད་ཀྱི་གྲོས་འགོ་འདོན་རྒྱུ། (དྲུག ) ལས་བཟོའི་ཕྱོགས་ནས་འདྲ་མཉམ་གྲོས་མོལ་དང་ངལ་རྩོལ་རྩོད་ཪྙོག་འདུམ་འགྲིག་རྩ་འཛུགས་ནང་ཞུགས་མཁན་འཐུས་མི་དང་། ཀུང་སིའི་ལམ་ལུགས་ཅན་གྱི་ཁེ་ལས་ཀྱི་ལས་བཟོའི་ལས་འཛིན་པ་དང་ལས་བཟོའི་ལྟ་ཞིབ་པ་འདེམས་བསྐོ་དང་གནས་དབྱུང་གཏོང་རྒྱུ། (བདུན ) སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ་འོས་སྦྱོར་བྱེད་རྒྱུ། (བརྒྱད )བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ངམ་ཡང་ན་ཁེ་ལས་དང་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གིས་གྲོས་མོལ་བྱས་ནས་ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་ལག་བསྟར་བྱེད་རྒྱུར་གཏན་འབེབས་བྱས་པའི་འགན་དབང་གཞན་དག་བཅས་སོ།

        དོན་ཚན་ཉེར་གསུམ་པ། བྱ་གཞག་ཚན་པའི་ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་གཤམ་གསལ་འགན་དབང་སྤྱོད་རྒྱུ་སྟེ། (གཅིག )ཚན་པའི་ལས་དོན་སྙན་སྒྲོན་དང་། ཚན་པ་དེ་གའི་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད། ཚན་པ་དེ་གའི་གལ་ཆེའི་ལམ་ལུགས་སྒྱུར་བ་དང་བསྒྱུར་བཅོས་བྱེད་ཐབས། ནོར་དོན་ལས་ཀ བྱ་བ་ཡོངས་བསྒྲགས་སོགས་ཀྱི་གནས་ཚུལ་སྙན་ཞུ་ཉན་འཇོག་དང་གྲོས་ཞིབ་བྱེད་རྒྱུ། (གཉིས )ཚན་པ་དེ་གས་བཟོས་པའི་ལས་བཟོའི་ཁེ་དབང་དང་འབྲེལ་བ་ཡོད་པའི་གལ་ཆེའི་སྒྲིག་སྲོལ་ལམ་ལུགས་དང་། བྱ་བ་ཡོངས་བསྒྲགས་ཀྱི་ལག་བསྟར་ཞིབ་སྲོལ། དེ་བཞིན་མཉམ་སྡེབ་གན་རྒྱའི་འཆར་ཟིན་སོགས་འབྲེལ་ཡོད་ལམ་ལུགས་ལ་གྲོས་ཞིབ་གྲོས་འཆམ་བྱེད་རྒྱུ། (གསུམ )ཕན་བདེའི་གྲོན་དངུལ་དོ་དམ་དང་བེད་སྤྱོད་དེ་བཞིན་ལས་བཟོའི་འཚོ་བའི་ཕན་བདེ་བཀོད་སྒྲིག་བྱེད་ཕྱོགས་ཐད་ཀྱི་གལ་ཆེའི་དོན་དག་ལ་གྲོས་ཞིབ་གཏན་འབེབས་བྱེད་རྒྱུ། (བཞི )ལས་བཟོ་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པ་དང་ཚན་པ་དེ་གས་སྤྱི་ཚོགས་འགན་བཅོལ་རིན་དངུལ་བསྡུས་འཇལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་རྒྱུ། (ལྔ )ཚན་པ་དེ་གའི་འབྲིང་རིམ་ཡན་གྱི་དོ་དམ་མི་སྣར་དམངས་གཙོའི་དཔྱད་བསྡུར་དང་ལྟ་སྐུལ་བྱེད་རྒྱུ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་བྱ་དགའ་ཆད་གཅོད་དང་མི་སྣ་བསྐོ་འཐེན་བྱེད་ཕྱོགས་ཀྱི་གྲོས་འཆར་འདོན་རྒྱུ། (དྲུག )སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ་འོས་སྦྱོར་བྱེད་རྒྱུ་བཅས་སོ།

        དོན་ཚན་ཉེར་བཞི་པ། བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲོལ་ཡིག་འདི་བཅས་ཀྱི་གཏན་འབེབས་གཞིར་བཟུང་ལས་བཟོའི་འཐུས་མི་ཚོགས་ཆེན་ལ་གྲོས་ཞིབ་དང་། གྲོས་འཆམ། གཏན་འབེབས་བཅས་བྱེད་རྒྱུར་འབུལ་དགོས་ཀྱང་ཕུལ་མེད་པའི་དོན་དག་ཐད་ཁེ་ལས་བྱ་གཞག་ཚན་པས་གཏན་འབེབས་བྱས་རིགས་ལག་བསྟར་བྱེད་མི་ཆོག

        དོན་ཚན་ཉེར་ལྔ་པ། ལས་བཟོའི་འཐུས་མི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་དང་། གཏན་འབེབས། བྱ་ཐབས། འཆར་གཞི་སོགས་ཚན་པ་དང་མི་སྒེར་གང་རུང་གིས་ཀྱང་འགྱུར་ལྡོག་གཏོང་མི་ཆོག གལ་ཏེ་འགྱུར་ལྡོག་གཏོང་དགོས་ཚེ་ལས་བཟོའི་འཐུས་མི་ཚོགས་ཆེན་ལ་བསྐྱར་ཞིབ་བྱེད་རྒྱུར་འབུལ་དགོས། ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་བཏོན་པའི་གྲོས་ཆོད་དང་གཏན་འབེབས་སོགས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་གཞི་མི་ཡོང་བ་བྱེད་དགོས།

        ལེའུ་བཞི་པ། རྩ་འཛུགས་ལམ་ལུགས།

        དོན་ཚན་ཉེར་དྲུག་པ། ཁེ་ལས་བྱ་གཞག་ཚན་པས་ལས་བཟོའི་འཐུས་མི་ཚོགས་ཆེན་ནམ་ཡང་ན་ལས་བཟོའི་ཚོགས་ཆེན་ལམ་ལུགས་ལག་བསྟར་བྱེད་དགོས། ལས་བཟོའི་འཐུས་མི་ཚོགས་ཆེན་ལམ་ལུགས་བཟོ་བའི་ཐད། ལས་བཟོ་མི་གྲངས་ལྔ་བཅུ་ཡན་ནས་བརྒྱ་མ་ཟིན་བར་ཡོད་པའི་ཁེ་ལས་བྱ་གཞག་ཚན་པས་ལས་བཟོའི་འཐུས་མི་མི་གྲངས་ཉི་ཤུ་ལས་ཉུང་བ་བྱེད་མི་ཆོག་པ་དང་། མི་གྲངས་བརྒྱ་ཡན་ནས་ཉིས་བརྒྱ་མ་ཟིན་བར་ཡོད་པའི་ཁེ་ལས་བྱ་གཞག་ཚན་པས་ལས་བཟོའི་འཐུས་མི་མི་གྲངས་སུམ་ཅུ་ནས་ཉུང་བ་བྱེད་མི་ཆོག་པ། མི་གྲངས་ཉིས་བརྒྱ་ཡན་ནས་ལྔ་བརྒྱ་མ་ཟིན་བར་ཡོད་པའི་ཁེ་ལས་བྱ་གཞག་ཚན་པས་ལས་བཟོའི་འཐུས་མི་མི་གྲངས་བཞི་བཅུ་ནས་ཉུང་བ་བྱེད་མི་ཆོག་པ། མི་གྲངས་ལྔ་བརྒྱ་ཡན་ནས་ཆིག་སྟོང་མ་ཟིན་བར་ཡོད་པའི་ཁེ་ལས་བྱ་གཞག་ཚན་པས་ལས་བཟོའི་འཐུས་མི་མི་གྲངས་ལྔ་བཅུ་ནས་ཉུང་བ་བྱེད་མི་ཆོག་པ། མི་གྲངས་ཆིག་སྟོང་ཡན་ཡོད་པའི་ཁེ་ལས་བྱ་གཞག་ཚན་པས་ལས་བཟོའི་འཐུས་མི་མི་གྲངས་བརྒྱ་ལས་ཉུང་བ་བྱེད་མི་ཆོག མི་གྲངས་ལྔ་བཅུ་མན་ལས་མེད་པའི་ཁེ་ལས་བྱ་གཞག་ཚན་པས་ལས་བཟོའི་ཚོགས་ཆེན་ནམ་ཡང་ན་ལས་བཟོའི་འཐུས་མི་ཚོགས་ཆེན་ལམ་ལུགས་ལག་བསྟར་བྱས་ཆོག

        དོན་ ཚན་ཉེར་བདུན་པ། རྒྱལ་ཁབ་ནས་མ་རྩ་བཏང་བ་མིན་པའི་ཁེ་ལས་ཆུང་གྲས་དང་སྒེར་གཉེར་དཔལ་འབྱོར་རྩ་འཛུགས་རུབ་སྡུད་ཡིན་པའི་ས་ཁོངས་སུ་ས་ཁོངས་དང་ལས་རིགས་ཀྱི་ལས་བཟོའི་འཐུས་མི་ཚོགས་ཆེན་ལམ་ལུགས་འཛུགས་ཆོག

        དོན་ཚན་ཉེར་བརྒྱད་པ། ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་ཡུན་ལོ་གསུམ་ནམ་ཡང་ན་ལོ་ལྔ་ཡིན་པ་དང་། ལོ་རེར་ཉུང་མཐར་ཡང་ཚོགས་འདུ་ཐེངས་རེ་ཚོགས་དགོས། ལས་བཟོའི་འཐུས་མི་ཚོགས་ཆེན་དེ་ལས་བཟོའི་འཐུས་མི་གསུམ་ཆ་གཉིས་ཡན་ཞུགས་ན་གཞི་ནས་ཚོགས་ཆོག ལས་བཟོའི་འཐུས་མི་ཚོགས་ཆེན་དེ་ཀྲུའུ་ཞི་ཚོགས་པས་གཙོ་སྐྱོང་བྱེད་རྒྱུ། ཀྲུའུ་ཞི་ཚོགས་པའི་ཁོངས་མིའི་ནང་འཐབ་ས་དང་པོའི་ལས་བཟོ་དང་། ཚན་རྩལ་མི་སྣ། འབྲིང་རིམ་མན་གྱི་དོ་དམ་མི་སྣ་བཅས་ཀྱིས་མི་གྲངས་ཕྱེད་ཀ་བརྒལ་བ་བྱེད་དགོས། ལས་བཟོའི་འཐུས་མི་ཚོགས་ཆེན་གྲོལ་བའི་རིང་ལ་དོན་དག་གལ་ཆེན་རིགས་འཕྲད་ན་ཁེ་ལས་བྱ་གཞག་ཚན་པའི་ཁྲིམས་ཚན་འཐུས་ཚབ་པ་དང་། བཟོ་ཚོགས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ལས་བཟོའི་འཐུས་མི་གསུམ་ཆ་གཅིག་ཡན་གྱིས་གྲོས་འཆར་བཏོན་ན་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་སྐབས་འཕྲལ་ཚོགས་འདུ་འཚོགས་ན་འགྲིག

        དོན་ཚན་ཉེར་དགུ་པ། ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་དགོས་མཁོར་གཞིགས་ནས་ལས་བཟོའི་འཐུས་མི་ཚོགས་པ (ཙུའུ )དང་། ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཆེད་དོན་ཚོགས་ཆུང་ཁ་ཤས་བཙུགས་ནས་ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་རྩིས་སྤྲོད་བྱས་པའི་དོན་དག་སྒྲུབ་འགན་འཁུར་དུ་བཅུག་ན་འགྲིགལས་བཟོའི་འཐུས་མི་ཚོགས་ཆེན་གྲོལ་བའི་རིང་སྲོལ་ཡིག་འདིའི་གཏན་འབེབས་ལྟར་ལས་བཟོའི་འཐུས་མི་ཚོགས་ཆེན་ལ་གྲོས་ཞིབ་གཏན་འབེབས་བྱེད་རྒྱུར་འབུལ་རྒྱུའི་དོན་དག་ཕུད་དེ་མིན་སྐབས་འཕྲལ་གཏན་འབེབས་བྱེད་དགོས་པའི་གནད་དོན་གལ་ཆེན་རིགས་ཁེ་ལས་བྱ་གཞག་ཚན་པའི་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གིས་ལས་བཟོའི་འཐུས་མི་ཚོགས་པ (ཙུའུ )ཡི་ཚོགས་གཙོ (ཙུའུ་ཀྲང་)དང་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཆེད་དོན་ཚོགས་ཆུང་གི་འགན་འཁུར་མི་སྣ་བསྡུ་རུབ་བྱས་ནས་མཉམ་ཞུགས་ཚོགས་འདུ་འཚོགས་ཏེ་གྲོས་མོལ་ཐག་གཅོད་བྱེད་རྒྱུ་མ་ཟད། ཐེངས་རྗེས་མའི་ལས་བཟོའི་འཐུས་མི་ཚོགས་ཆེན་ཐོག་གཏན་འཁེལ་བྱེད་རྒྱུར་འབུལ་དགོས། མཉམ་ཞུགས་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་དོན་དག་ལ་ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་མཐའ་མཇུག་གི་གྲོས་ཞིབ་གཏན་འཁེལ་བྱེད་དབང་ཡོད།

        དོན་ཚན་སུམ་ཅུ་པ། ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་དང་། གཏན་འབེབས། བྱ་ཐབས། ཇུས་གཞི་བཅས་དང་དེ་བཞིན་ལས་བཟོའི་འཐུས་མིའི་གྲོས་གཞི་དོན་འཁྱོལ་དང་གཉེར་སྒྲུབ་བྱས་ཚུལ་དུས་ཐེངས་རྗེས་མའི་ལས་བཟོའི་འཐུས་མི་ཚོགས་ཆེན་ཐོག་སྙན་སེང་ཞུ་དགོས།

        དོན་ཚན་སོ་གཅིག་པ། ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་དོན་དག་གལ་ཆེན་རིགས་ལ་གྲོས་ཞིབ་གཏན་འབེབས་བྱེད་པ་དང་འདེམས་བསྐོའི་བརྡས་ཐག་གཅོད་སྐབས་མིང་མ་བཀོད་པར་འདེམས་ཤོག་འཕེན་པའི་བྱ་ཐབས་སྤྱོད་དགོས་པ་མ་ཟད། ལས་བཟོའི་འཐུས་མི་ཕྱེད་ཀ་ཡན་གྱི་མོས་མཐུན་འདེམས་ཤོགས་བྱུང་ན་གྲོས་འཆམ་བྱུང་བ་ཡིན།

        དོན་ཚན་སོ་གཉིས་པ། ཁེ་ལས་བྱ་གཞག་ཚན་པས་རིམ་མང་དམངས་གཙོའི་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས་ཤིང། ཁོངས་གཏོགས་ཀྱི་ཡན་ལག་ཀུང་སི་དང་། ཡན་ལག་བཟོ་གྲྭའཁོར་ཁང་། དེ་མིན་ཡན་ལག་ཚན་པ་བཅས་ཀྱིས་ལས་བཟོའི་འཐུས་མི་ཚོགས་ཆེན་ནམ་ཡང་ན་ལས་བཟོའི་ཚོགས་ཆེན་སོགས་ཀྱི་བྱ་ཐབས་གཞན་དག་བརྒྱུད་ནས་ལས་བཟོའི་དམངས་གཙོ་དོ་དམ་གྱི་ཁེ་དབང་འགན་སྲུང་བྱེད་དགོས།

        དོན་ཚན་སོ་གསུམ་པ། ཁེ་ལས་བྱ་གཞག་ཚན་པས་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་ལས་ཀའི་ལམ་ལུགས་བཟོ་དགོས་པ་དང་། ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་དཔྱད་ཞིབ་དང་། ཞིབ་བཤེར། བྱ་དགའ་ཆད་གཅོད། ཡིག་ཚགས་དོ་དམ་བཅས་ཀྱི་ལམ་ལུགས་འཐུས་ཚང་བཟོ་དགོས།

        དོན་ཚན་སོ་བཞི་པ། ཁེ་ལས་བྱ་གཞག་ཚན་པས་ལས་བཟོའི་འཐུས་མི་ཚོགས་ཆེན་འཚོགས་རྒྱུ་དང་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལྡན་ལས་ཀར་མཁོ་བའི་གྲོན་དངུལ་དེ་ཚན་པ་དེ་གའི་སྲིད་འཛིན་གྲོན་དངུལ་ཁོངས་ནས་གཏོང་རྒྱུ།

        ལེའུ་ལྔ་པ། ལས་བཟོའི་འཐུས་མི་ཚོགས་ཆེན་ལས་ཁུངས་ཀྱི་འགན་འཁྲི།

        དོན་ཚན་སོ་ལྔ་པ། ཁེ་ལས་བྱ་གཞག་ཚན་པའི་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གིས་གཤམ་གསལ་གྱི་འགན་འཁྲི་སྒྲུབ་དགོས་པ་སྟེ། (གཅིག )ལས་བཟོ་སྒྲིག་འཛུགས་བྱས་ནས་ལས་བཟོའི་འཐུས་མི་འདེམས་བསྐོ་བྱེད་རྒྱུ། (གཉིས )ལས་བཟོའི་འཐུས་མི་ཚོགས་ཆེན་འཚོགས་རྒྱུའི་གྲ་སྒྲིག་དང་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ། (གསུམ )ལས་བཟོའི་འཐུས་མིའི་གྲོས་གཞི་བསྡུ་རུབ་དང་། ལས་བཟོའི་འཐུས་མི་ཚོགས་ཆེན་ལ་གྲོས་འགོ་འདོན་རྒྱུ་མ་ཟད། ཚོགས་ཆེན་མ་འཚོགས་ཀྱི་ཉིན་བདུན་གོང་ནས་ལས་བཟོའི་འཐུས་མིར་ཡོངས་བསྒྲགས་བྱེད་རྒྱུ། (བཞི )ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཆེད་དོན་ཚོགས་ཆུང་འཛུགས་ཕྱོགས་ཀྱི་ཇུས་གཞི་འདོན་རྒྱུ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཆེད་དོན་ཚོགས་ཆུང་དང་ལས་བཟོའི་འཐུས་མི་སྒྲིག་འཛུགས་བྱས་ནས་རྒྱུན་ལྡན་གྱི་སྐོར་ཞིབ་དང་། ལྟ་སྐུལ། བརྟག་དཔྱད་ཞིབ་འཇུག་བཅས་བྱས་ཏེ་ལས་བཟོའི་འཐུས་མི་ཚོགས་ཆེན་ཐོག་གྲོས་འཆར་འདོན་རྒྱུ། (ལྔ )ལས་བཟོ་སྒྲིག་འཛུགས་བྱས་ནས་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་དང་གཏན་འབེབས་དོན་འཁྱོལ་བྱེད་རྒྱུ་དང་། ཚན་པ་དེ་གའི་ནང་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་དང་གཏན་འབེབས་ལག་བསྟར་བྱས་ཚུལ་དང་གྲོས་གཞི་གཉེར་སྒྲུབ་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ། (དྲུག )ལས་བཟོའི་འཐུས་མིར་སྦྱོང་བརྡར་སྤྲོས་རྒྱུའི་འཆར་འགོད་བཟོས་ནས་དུས་བཀག་ཐོག་ལས་བཟོའི་འཐུས་མིར་སྦྱོང་བརྡར་སྤྲོས་རྒྱུ་དང་། ལས་བཟོའི་འཐུས་མི་སྒྲིག་འཛུགས་བྱས་ནས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས། ཁེ་ལས་དོ་དམ་བཅས་ཀྱི་ཤེས་བྱ་སློབ་སྦྱོང་བྱས་ཏེ་ལས་བཟོའི་འཐུས་མིའི་བྱང་ཚད་མཐོ་རུ་གཏོང་རྒྱུ། (བདུན )ལས་བཟོའི་འཐུས་མི་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་བཟོས་ཏེ་ལས་བཟོའི་འཐུས་མིས་བཏོན་པའི་ཞུ་འབུལ་དང་གྲོས་འཆར་བདག་སྤྲོད་བྱས་ནས་ལས་བཟོའི་འཐུས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ། (བརྒྱད )ལས་བཟོའི་ལས་འཛིན་དང་། ལས་བཟོའི་ལྟ་ཞིབ། ལས་བཟོའི་ཕྱོགས་ནས་འདྲ་མཉམ་གྲོས་མོལ་དང་ངལ་རྩོལ་རྩོད་ཪྙོག་འདུམ་འགྲིག་གི་རྩ་འཛུགས་བཅས་ནང་ཞུགས་མཁན་འཐུས་མིའི་འོས་མི་མིང་འདོན་བྱེད་རྒྱུ། (དགུ )ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་སྤྲད་པའི་ལས་ཀ་གཞན་དག་ལེགས་སྒྲུབ་བྱེད་རྒྱུ་བཅས་སོ།

        དོན་ཚན་སོ་དྲུག་པ། ལས་བཟོའི་འཐུས་མི་ཚོགས་ཆེན་གྲོལ་བའི་རྗེས་ཀྱི་ཉིན་བདུན་ནང་ཁེ་ལས་བྱ་གཞག་ཚན་པའི་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུའི་འབྲེལ་ཡོད་གནས་ཚུལ་རང་ལས་རིམ་པ་གཅིག་གིས་མཐོ་བའི་བཟོ་ཚོགས་ཨུ་ཡོན་ལྷན་ཁང་ལ་སྙན་ཐོ་དཔོ་དགོས།

        དོན་ཚན་སོ་བདུན་པ། ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་འགན་དབང་ལ་བཙན་གནོད་དང་། ལས་བཟོའི་འཐུས་མིར་རྡུང་རྡེག་འཁོན་ལན་སློག་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་རིགས་ལ་རྫོང་རིམ་པ་ཡན་གྱི་ས་གནས་སྤྱི་ཁྱབ་བཟོ་ཚོགས་སམ་ཡང་ན་ཐོན་ལས་བཟོ་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཚན་ལ་ཐག་གཅོད་བྱེད་རྒྱུའི་གྲོས་འཆར་འདོན་དབང་ཡོད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ཐག་གཅོད་བྱས་འབྲས་རྫོང་རིམ་པ་ཡན་གྱི་ས་གནས་སྤྱི་ཁྱབ་བཟོ་ཚོགས་སམ་ཡང་ན་ཐོན་ལས་བཟོ་ཚོགས་ལ་བརྡ་ཁྱབ་གཏོང་དགོས། ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

        དོན་ཚན་སོ་བརྒྱད་པ། ཁེ་ལས་བྱ་གཞག་ཚན་པར་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་རང་འཁྲིའི་འགན་འཁྲི་གཞིར་བཟུང་དུས་བཀག་བཟོས་ནས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། སྐྱོན་བརྗོད་བརྡ་ཁྱབ་གཏོང་རྒྱུ་སྟེ། (གཅིག )གཏན་འབེབས་ལྟར་ལས་བཟོའི་འཐུས་མི་ཚོགས་ཆེན་ལམ་ལུགས་མ་བཟོས་པ་དང་། (གཉིས )གཏན་འབེབས་ལྟར་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་མ་ཚོགས་པ། (གསུམ )ལས་བཟོའི་འཐུས་མི་ཚོགས་ཆེན་ཐོག་གྲོས་ཞིབ་དང་གཏན་འབེབས་བྱེད་རྒྱུར་འབུལ་དགོས་པའི་དོན་དག་ཕུལ་མེད་པ། (བཞི )རྣམ་པ་གཞན་དག་གི་ཐོག་ནས་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་འགན་དབང་ཚབ་སྒྲུབ་བྱེད་པ། (ལྔ )བཟོ་ཚོགས་ཀྱིས་ཁྲིམས་ལུགས་ལྟར་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལྡན་ལས་དོན་སྤེལ་བར་འགོག་རྐྱེན་བཟོ་བ། (དྲུག )ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་དང་གཏན་འབེབས་ལག་བསྟར་དང་ལེན་མི་བྱེད་པ་བཅས་སོ།

        དོན་ཚན་སོ་དགུ་པ། ལས་བཟོའི་འཐུས་མིར་རྡུང་རྡེག་འཁོན་ལན་སློག་པ་དང་། དེའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱས་ནས་ཉེས་གསོག་ཚད་ལ་སླེབས་རིགས་ཁྲིམས་ལུགས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

        དོན་ཚན་བཞི་བཅུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་དང་། རིམ་ཁག་བཟོ་ཚོགས་རྩ་འཛུགས་དང་དེའི་ལས་བྱས་ཁེ་ལས་བྱ་གཞག་ཚན་པར་ལས་བཟོའི་འཐུས་མི་ཚོགས་ཆེན་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ནང་རང་འགན་ཟོལ་འཇོག་དང་ཉེ་དགའ་ཕྱོགས་ཞེན་བྱས་ཚེ་གནས་ཚུལ་ཆེ་ཆུང་ལ་གཞིགས་ནས་དེ་གནས་སའི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཐད་ཀར་འགན་འཁུར་མཁན་གཙོ་འགན་མི་སྣ་དང་དེ་མིན་འགན་འཁྲི་ཡོད་མཁན་ལ་སྐྱོན་བརྗོད་སློབ་གསོ་རྒྱག་རྒྱུའམ་ཡང་ན་སྲིད་འཛིན་ཆད་པ་གཅོད་རྒྱུ། ཉེས་གསོག་ཚད་ལ་སླེབས་རིགས་ཁྲིམས་ལུགས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

        དོན་ཚན་ཞེ་གཅིག་པ། སྲོལ་ཡིག་འདི་དང་འགལ་མཁན་ཚན་པ་དང་མི་སྒེར་ལ་ཁེ་ལས་བྱ་གཞག་ཚན་པའི་བཟོ་ཚོགས་ཨུ་ཡོན་ལྷན་ཁང་དང་ལས་བཟོས་རྫོང་རིམ་པ་ཡན་གྱི་རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་དང་གོང་རིམ་བཟོ་ཚོགས་ལ་ཞུ་འབུལ་རྒྱག་རྒྱུའི་དབང་ཆ་ཡོད་པ་དང་། ཁྲིམས་ལུགས་ལྟར་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་ཁོངས་སུ་གཏོགས་པ་རྣམས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་ཆོགལེའུ་བདུན་པ། ཞར་བྱུང་།

        དོན་ཚན་ཞེ་གཉིས་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་ཁེ་ལས་མིན་པའི་དམངས་གཉེར་ཚན་པ་ཞེས་པ་ནི་ཁེ་ལས་བྱ་གཞག་ཚན་པ་དང་། སྤྱི་ཚོགས་ཚོགས་པ། དེ་མིན་སྤྱི་ཚོགས་སྟོབས་ཤུགས། དེ་བཞིན་སྤྱི་དམངས་སྒེར་བཅས་ཀྱིས་གཞུང་ཁོངས་མིན་པའི་རྒྱུ་ནོར་བེད་སྤྱད་ནས་གཉེར་བའི་ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཚོགས་ཞབས་ཞུའི་བྱེད་སྒོ་སྤེལ་མཁན་སྤྱི་ཚོགས་ཀྱི་རྩ་འཛུགས་ལ་ཟེར་བ་ཡིན།

        དོན་ཚན་ཞེ་གསུམ་པ། ཁེ་ལས་བྱ་གཞག་ཚན་པའི་ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་སྲོལ་ཡིག་འདིར་གཞིགས་ནས་ལག་བསྟར་ཞིབ་སྲོལ་བཟོ་རྒྱུ།

        དོན་ཚན་ཞེ་བཞི་པ། སྲོལ་ཡིག་འདི་2009ལོའི་ཟླ་10ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།