དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་2010ལོའི་ཟླ་1ཚེས་11ནས་ཚེས་13ཉིན་བར་པེ་ཅིང་དུ་འཚོགས་པ་དང་ཚོགས་འདུར་ཞུགས་མཁན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་123དང་ཟུར་ཞུགས་322ཡོད་པ་རེད།

        ཀྲུང་དབྱང་སྒྲིག་ཨུད་རྒྱུན་ཨུད་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱས་ཏེ་2009ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་འགོག་ལས་དོན་ཕྱོགས་སྡོམ་དང་2010ལོའི་ལས་འགན་ཞིབ་འཇུག་བཀོད་སྒྲིག་གནང་བརེད། ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཧོ་གོ་ཆང་གིས་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ཨུད་ཀྱི་ཚབ་ཞུས་ཏེ་གནང་བའི 《ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས 》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་དང་གྲོས་འཆམ་གནང་བ་རེད།

        ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཝུའུ་པང་གོ་དང་། དབུན་ཅ་པའོ། ཅ་ཆིང་ལིན། ལི་ཁྲང་ཁྲུན། ཞིས་ཅིན་ཕིང་། ལི་ཁེ་ཆང་། ཧོ་གོ་ཆང་། ཀྲོའུ་ཡུང་ཁང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཕེབས་པ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེར་སློབ་སྦྱོང་ནན་ཏན་གནང་བ་དང་། གསུང་བཤད་དེ་ཉིད་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་མིག་སྔའི་རུལ་རྒོལ་གཙང་སྤེལ་གྱི་དུས་བབ་ལ་ཕྱོགས་ཡོངས་དང་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་གནང་བ་དང་། འདི་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་གྱི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་ཁ་གསལ་བཏོན་གནང་བ། རུལ་རྒོལ་གཙང་སྤེལ་ལམ་ལུགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་དང་། དགོས་གཏུགས་ཀྱི་རང་བཞིན། གཞི་རྩའི་བླང་བྱ་རྒྱས་བཤད་གནང་བ། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་མ་ལག་གི་ལམ་ལུགས་ཁག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་། དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱ་རྒྱུ་སྲོག་ཤིང་དུ་བྱེད་པ། ལམ་ལུགས་ལག་བསྟར་བྱེད་ཤུགས་མཐོ་རུ་གཏོང་རྒྱུ་དམ་འཛིན་བྱེད་གཞིར་འཛིན་ནས་སྤྱིའི་འཆར་འགོད་ལ་ཤུགས་སྣོན་དང་གཙོ་གནད་ཚད་བརྒལ་ཡོང་རྒྱུར་དམ་འཛིན་བྱས་ཏེ་ནང་དོན་ཚན་རིག་དང་མཐུན་པ་དང་། གོ་རིམ་དམ་ལ་ནན་པ། ལེ་ལག་འཐུས་སྒོ་ཚང་བ། ནུས་ལྡན་གོ་ཆོད་པ་བཅས་ཀྱི་རུལ་རྒོལ་གཙང་སྤེལ་ལམ་ལུགས་ཀྱི་མ་ལག་རིམ་གྱིས་བཙུགས་ཏེ་ལམ་ལུགས་ལག་བསྟར་བྱེད་ཤུགས་མཐོ་རུ་དང་། ལམ་ལུགས་ཀྱི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་ཡོད་པ་བཅས་ཀྱི་ངོས་འཛིན་གཅིག་གྱུར་གནང་ཡོད། བློ་མཐུན་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་དེ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན་ལ་སྔར་བས་བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ་དང་ལས་དོན་གྱི་ཡིད་ཆེས་བརྟན་དུ་བཏང་ནས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་གཏིང་ཟབ་སྤེལ་བ། དུས་བབ་གསར་པའི་འོག་གི་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་དང་དེ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་རྒྱང་རིང་གཏིང་ཟབ་ལྡན་ཡོད་པས་ཏང་ཡོངས་ཀྱི་བློ་མཐུན་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།

        ཚང་འཛོམས་གྲོས་ཚོགས་ཐོག་འདས་ཟིན་པའི་ལོ་གཅིག་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྟོབས་ལྡན་འགོ་ཁྲིད་འོག་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་བཅས་ཀྱིས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། སྒྱུར་བཅོས་དང་གསར་གཏོད་སྙིང་སྟོབས་ཐོག་ནས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུར་སྒོ་ཀུན་ནས་སྐུལ་འདེད་བཏང་སྟེ་འཕར་རྒྱུ་འགན་ལེན་དང་། དམངས་འཚོ་འགན་ལེན། བརྟན་ལྷིང་འགན་ལེན་སོགས་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་བྱ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། ཁྲིམས་འགལ་དང་སྒྲིག་འགལ་གྱི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་ནན་ཏན་བྱས་ནས་འགོ་ཁྲིད་ལས་བྱེད་པ་དང་འབྲེལ་བ་ཡོད་པའི་སྤྱོད་གཙང་རང་འདོམས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་བྱས་པ། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ཁྲིམས་སྲོལ་དང་ལམ་ལུགས་ཞིབ་འཇུག་བྱས་ནས་བཟོས་ཏེ་སྒྱུར་བཅོས་ཀྱི་བྱ་ཐབས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་མ་ཟད་འཐུས་སྒོ་ཚང་དུ་བཏང་ནས་འགོ་ཁྲིད་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། ཏང་སྲོལ་དང་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་དང་འཐབ་རྩོད་བྱེད་པའི་ཁ་ཕྱོགས་སྔར་བས་གསལ་སྟོན་དང་། བསམ་ཕྱོགས་སྔར་བས་གསལ་བ། བྱ་ཐབས་སྔར་བས་ནུས་ལྡན་བཅས་བྱུང་ནས་མངོན་གསལ་དོད་པའི་གྲུབ་འབྲས་གསར་པ་ཐོབ་ཡོད། ལོ་གཅིག་རིང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ཁྲོད་ཐོག་མཐའ་བར་གསུམ་དུ་བཞག་ནས་འཆར་འགོད་དང་བཀོད་སྒྲིག་བྱས་པ་དེས་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་གི་རྗེས་སུ་དུས་ཐོག་ཏུ་འབྲངས་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་བཀའ་ཤར་བགྲོད་ཐུབ་རྒྱུའི་འགན་ལེན་བྱས་པ། བརྒྱུད་རིམ་ལྡན་པའི་བསམ་གཞིགས་དང་། གཅིག་གྱུར་འཆར་འགོད་ཀྱི་འདུ་ཤེས། ཚན་རིག་དང་མཐུན་པའི་བྱ་ཐབས་བཅས་ལ་བརྟེན་ནས་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱ་རྒྱུར་མཐོང་ཆེན་བྱས་ཏེ་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་སྐྱོང་ལ་སྤྱི་ཡོངས་ནས་སྐུལ་འདེད་བཏང་བ། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་འདེབས་ཏེ་མི་དམངས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐག་གཅོད་བྱས་པ། རུལ་སུངས་ལ་ངོ་རྒོལ་དང་འཐབ་རྩོད་བྱེད་རིང་གི་འཕེལ་ཕྱོགས་གསར་པ་དང་འགུལ་ཚུལ་གསར་པར་དོ་ཁུར་དམ་ཟབ་བྱས་ཏེ་སྒྱུར་བཅོས་ཀྱི་སྙིང་སྟོབས་དང་གསར་གཏོད་ཀྱི་བསམ་ཕྱོགས་ལ་གཞིགས་ནས་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་རྒྱུའི་ཐད་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་བྱས་པ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད་པ་བཅས་ཀྱི་ངོས་འཛིན་བྱས་པ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག་ཏང་ཡོངས་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་གང་ལེགས་མཐོང་ཐུབ་པ་བྱས་ནས་སྙིང་སྟོབས་ཆེར་བསྐྱེད་དང་ཡིད་ཆེས་བརྟན་གཏོང་གི་སྒོ་ནས་མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཛ་དྲག་པོ་དེ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། ཪྙོག་འཛིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ངོས་འཛིན་གཏིང་ཟབ་བྱས་ཏེ་ངར་ཤུགས་འཕེལ་བ་དང་ཆོད་སེམས་བརྟན་དུ་བཏང་ནས་དེ་བས་བློ་ཐག་ཆོད་པའི་རྣམ་འགྱུར་དང་། དེ་བས་ནུས་པ་ལྡན་པའི་བྱ་ཐབས། དེ་བས་ཏན་ཏིག་གི་ལས་དོན་བཅས་ཀྱི་ཐོག་ནས་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་དེ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། 2010 ལོར་ཏང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཆད་གཅོད་དང་སྔོན་འགོག་གལ་ཆེ་མཉམ་དུ་འཛིན་པ། སྔོན་འགོག་ལ་དོ་སྣང་བྱ་རྒྱུ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་གཙོ་གནད་དུ་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་གཙོ་བོར་བྱེད་པའི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རིང་མི་དམངས་མང་ཚོགས་ཀྱིས་ཚུར་སྣང་ལན་ཆ་ཆེ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་གསར་འབྱེད་གསར་གཏོད་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་བྱེད་དགོས་ལུགས་བཏོན་ཡོད།

        དང་པོ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་འགངས་ཆེན་ལག་བསྟར་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། 《དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་གནད་དོན་འགངས་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 》དང 《གཏན་འབེབས 》སྐོར་གྱི་ཀྲུང་དབྱང་གི་བྱེད་ཐབས་གལ་ཆེན་གྱི་ལས་བགོས་ཇུས་གཞི་ལག་བསྟར་ནན་ཏན་བྱས་ནས 《གཏན་འབེབས 》དང་བཀོད་སྒྲིག་བྱས་པའི་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་གཞིར་བཟུང་དཔལ་འབྱོར་འཕེལ་སྟངས་ལ་འགྱུར་ལྡོག་མགྱོགས་སུ་གཏོང་བ་དང་དཔལ་འབྱོར་བརྟན་ལ་མྱུར་ཙམ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པར་དམ་པོར་དམིགས་ཏེ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་དང་། གྲུབ་ཆ་ལེགས་སྒྲིག རང་བདག་གསར་གཏོད། “ཞིང་གསུམ ”ལས་དོན། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་དང་ཁོར་ཡུག་སྲུང་སྐྱོང་། ས་ཆ་སྤྱོད་རྒྱུ་ཚད་ལྡན་ཡོང་བ་དང་གྲོན་ཆུང་བྱེད་པ་སོགས་སྐོར་གྱི་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དབུན་ཁྲོན་ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་བསྐྲུན་དང་། “སྤྱོད་གཙང་ངང་འཛམ་གླིང་དངོས་མང་སྟོན་ཚོགས་གཉེར་བ ”“སྤྱོད་གཙང་ངང་ཡ་གླིང་ལུས་རྩལ་འགྲན་ཚོགས་གཉེར་བ ”བཅས་ཀྱི་ལས་དོན་གྱི་ལྟ་སྐུལ་ཞིབ་བཤེར་ཡག་པོ་བྱེད་པ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གཙོ་གནད་མངོན་གསལ་དོད་པོ་དང་དངོས་ཕན་དོན་གཉེར་བྱས་ཐོག་ཀྲུང་དབྱང་གི་སྲིད་བཀའ་ཤར་གཏོང་ཐུབ་རྒྱུའི་འགན་ལེན་བྱེད་དགོས། ཏང་གི་སྒྲིག་ཁྲིམས་དང་ལྷག་པར་དུ་ཆབ་སྲིད་སྒྲིག་ཁྲིམས་དམ་ནན་བྱས་ཏེ་ཏང་གི་གཅིག་སྡུད་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

         གཉིས་པ། རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་བྱེད་རིང་མི་དམངས་མང་ཚོགས་ཀྱིས་ལབ་གླེང་མང་པོ་བྱེད་པའི་མངོན་གསལ་དོད་པའི་གནད་དོན་དུས་ཚོད་དམ་འཛིན་གྱིས་ཐག་གཅོད་བྱེད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པའི་ཕན་འབྲས་གསར་པར་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས། དེང་སྐབས་དོན་དངོས་དང་ཟུང་འབྲེལ་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཁག་དྲུག་གི་ལས་ཀར་དམ་འཛིན་བྱེད་དགོས་པ་གཤམ་གསལ། (གཅིག ) གྱོད་གཞི་ཞིབ་གཅོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་རུལ་སུངས་པར་ཆད་གཅོད་ནན་པོ་དང་སྒྱིད་ལུག་དང་རུལ་སུངས་ཀྱི་གནས་ཚུལ་བཅོས་སྒྲིག་ནན་པོ་བྱེད་དགོས། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པའི་ཁྲོད་ཐོན་པའི་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རྒྱུ་ནོར་ལྐོག་ཟ། རྒྱུ་ཟ་རྔན་སྤྲོད། རུལ་ལད་ངན་ལྷུང་། འགན་ཤོར་ལས་འཛོལ་བཅས་ཀྱི་གྱོད་གཞིར་ཞིབ་གཅོད་ནན་པོ་བྱེད་པ་དང་། ཚོང་ལས་རྔན་སྤྲོད་ཀྱི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ནས་ཚོང་ལས་ལྐོག་རྔན་སྤྲོད་པའི་གྱོད་གཞིར་ཞིབ་གཅོད་ནན་པོ་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་གྱོད་གཞི་དང་། ཚོགས་སྤྱིའི་རང་བཞིན་གྱི་ལས་འཛོལ། འགན་འཁྲིའི་ལས་འཛོལ་ཚབས་ཆེན་བཅས་རྒྱབ་ཀྱི་རུལ་སུངས་གྱོད་གཞིར་ཞིབ་གཅོད་ནན་པོ་བྱེད་པ། ལས་གྲྭ་འཛུགས་སྐྲུན་དང་། ས་ཁང་བདག་ཁོངས་གསར་སྤེལ། ས་ཆ་དོ་དམ། གཏེར་ཐོན་ཐོན་ཁུངས་གསར་སྤེལ་སོགས་རུལ་སུངས་གནས་ཚུལ་ཐོན་སླ་བ་དང་ཐོན་མང་བའི་ཁྱབ་ཁོངས་ནང་གི་གྱོད་གཞིར་ཞིབ་གཅོད་ནན་པོ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ལམ་དང་རྩ་འཛུགས་མི་དོན་གྱི་སྒྲིག་ལམ་དང་ཚབས་ཆེན་འགལ་བའི་གྱོད་གཞི་དང་ནག་ཚོགས་ལ “ སྲུང་གདུགས ”བྱེད་པའི་གྱོད་གཞིར་ཞིབ་གཅོད་ནན་པོ་བཅས་བྱེད་དགོས་པ་དང་། (གཉིས ) ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་སེང་ཞུ་བའི་ལམ་ལུགས་ནན་ཏན་ངང་དོན་འཁྱོལ་བྱེད་པ་དང་འབྲེལ་དུས་ཚོད་དམ་འཛིན་གྱིས་འཐུས་ཚང་དུ་བཏང་སྟེ་སྡོད་ཁང་དང་། མ་འཇོག བཟའ་ཟླ་དང་བུ་ཕྲུག་གི་ལས་ཞུགས་སོགས་གནས་ཚུལ་སྙན་སེང་ཞུ་རྒྱུའི་ནང་དོན་ནང་འཇུག་པ་དང་བཟའ་ཟླ་དང་བུ་ཕྲུག་ཕྱི་རྒྱལ (ས་ཁོངས་ཕྱི་རོལ )དུ་གནས་སྤོས་ཟིན་པའི་གཞུང་དོན་མི་སྣར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། (གསུམ ) ཧུར་བསྲིས་གྲོན་ཆུང་མཐའ་འཁྱོངས་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱས་ནས་རྒྱས་སྤྲོས་ཀྱི་སྤྱོད་ངན་བཅོས་སྒྲིག་བྱེད་དགོས། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལག་ལེན་ནན་ཏན་བསྟར་ནས་གཞུང་དངུལ་སྤྱད་དེ་ཕྱི་རྒྱལ (ས་ཁོངས་ཕྱི་རོལ )དུ་ཡུལ་སྐོར་སྤྲོ་འཆམ་བྱེད་པར་སྐྱོད་པ་དང་། གཞུང་དོན་དུ་བརྩིས་ཏེ་འཁོར་རིགས་བེད་སྤྱོད་གཏོང་བ། གཞུང་དོན་གྱི་མིང་ཐོག་ནས་སྣེ་ལེན་ཞུ་བ། ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་འཛུགས་སྐྲུན་བྱེད་པ་སོགས་ཐད་ཀྱི་གནད་དོན་མུ་མཐུད་བཅོས་སྒྲིག་བྱས་ནས་གཏན་འབེབས་དང་འགལ་བར་ངེས་པར་དུ་ཐག་གཅོད་ནན་པོ་བྱེད་དགོས་པ། (བཞི )ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ནང་གི་མངོན་གསལ་དོད་པའི་གནད་དོན་དང “དངུལ་སྦས་ཁུང ”སོགས་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་དགོས་པ། (ལྔ )ཏང་དོན་ཡོངས་བསྒྲགས་དང་ལྷག་དོན་དུ་གཞི་རིམ་ཏང་དོན་ཡོངས་བསྒྲགས་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཏང་ཡོན་གྱི་གནས་ཚུལ་ཤེས་དབང་དང་། ཞུགས་དབང་། འདེམས་དབང་། ལྟ་སྐུལ་དབང་ཆ་བཅས་དོན་འཁྱོལ་བྱེད་དགོས་པ། (དྲུག )མང་ཚོགས་རུལ་རྒོལ་གཙང་སྤེལ་ལས་དོན་ནང་ཞུགས་པའི་ཐབས་ལམ་རྒྱ་ཆེར་བཏང་སྟེ་རུལ་རྒོལ་གཙང་སྤེལ་ཐད་ཀྱི་གླེང་ཕྱོགས་དྲ་བའི་ཆ་འཕྲིན་བསྡུ་རུབ་དང་ཞིབ་འཇུག་དབྱེ་ཞིབ་དང་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་འདེབས་དགོས་པ་བཅས་རེད།

        གསུམ་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་དགོས། མང་ཚོགས་དང་འབྲེལ་བ་ཟབ་མོ་བྱེད་པའི་སྤྱོད་ཚུལ་དང་། དམ་པ་དོན་གཉེར་གྱི་སྤྱོད་ཚུལ། དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་སྤྱོད་ཚུལ་བཅས་དར་སྤེལ་ཤུགས་ཆེན་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་ཏང་སྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཏེ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་མང་ཚོགས་ཀྱིས་བསམ་འཆར་མང་བའི་ས་ཞིང་བསྡུ་སྤྱོད་བཤིག་སྤོ་དང་། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས། ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད། ཆེད་དོན་ཐེབས་རྩ་དང་ཆེད་དོན་མ་དངུལ་ལྟ་སྐུལ་དོ་དམ་སོགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནན་ཏན་བྱེད་པ་དང་སློབ་གསོའི་གྲོན་བསྡུ་དང་། སྨན་རྫས་ཉོ་ཚོང་དང་སྨན་བཅོས་ཞབས་ཞུ། ཁེ་ལས་ཀྱི་ཁུར་པོ་བཅས་ཁྲོད་ཀྱི་གནད་དོན་མུ་མཐུད་བཅོས་སྒྲིག་བྱེད་དགོས། གཞུང་ཁོངས་ཁེ་ལས་དང་། གྲོང་གསེབ། མཐོ་རིམ་སློབ་གྲྭ སྤྱི་སྤྱོད་བྱ་གཞག་ཚན་པ། གྲོང་ཁྱེར་སྡེ་ཁུལ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ་ བཅས་ཀྱི་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

         བཞི་པ། སློབ་གསོ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་འདོམས་ལ་སྐུལ་འདེད་གཏོང་དགོས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་གཙོ་བོར་བྱས་ཏེ་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པའི་བསམ་བློའི་དད་སེམས་སློབ་གསོ་དང་སྤྱོད་གཙང་སྲིད་སྐྱོང་སློབ་གསོར་ཤུགས་སྣོན་རྒྱག་དགོས། ཏང་ནང་གི་ལྟ་སྐུལ་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་རྩད་གཅོད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་གཟིགས་ལས་དོན་སྲོལ་ཡིག (ཚོད་ལྟའི་ལག་བསྟར )》ལག་བསྟར་ནན་ཏན་བྱས་ཏེ་སྲིད་དོན་ཡོངས་བསྒྲགས་དང་། བཟོ་གྲྭའི་ལས་དོན་ཡོངས་བསྒྲགས། གྲོང་དོན་ཡོངས་བསྒྲགས། སྤྱི་པའི་ཁེ་ལས་བྱ་གཞག་ཚན་པའི་ལས་གཉེར་ཡོངས་བསྒྲགས་བཅས་གཏིང་ཟབ་ཏུ་གཏོང་དགོས། ཁྲིམས་འཛིན་ལྟ་ཞིབ་དང་། སྤྱོད་གཙང་ལྟ་ཞིབ། ཕན་ནུས་ལྟ་ཞིབ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་འཛིན་ལྟ་ཞིབ་འགན་ནུས་སྔར་བས་འདོན་སྤེལ་བྱེད་དགོས། ཀྲུང་གུང་ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱེད་ཉེར་ཡོད་པའི 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་སྐྱོང་ཚད་གཞི་འགའ་ཞིག 》དང་དེ་མིན་གྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་ཏན་བྱས་ཏེ་འགོ་ཁྲིད་ལས་བྱེད་པས་དབང་ཆ་དང་གོ་གནས་སྤྱད་དེ་མི་སྒེར་རམ་ཡང་ན་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་མིར་ཚུལ་མིན་གྱི་ཁེ་ཕན་ཐོབ་ཐབས་བྱེད་པ་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་སྐྱོང་ལ་སྐུལ་འདེད་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་གཏན་འབེབས་ལས་འགལ་ཏེ་བཟའ་ཟླ་བུ་ཕྲུག་དང་དེ་བཞིན་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་མི་གཞན་དག་ལས་ཞུགས་དང་། མ་འཇོག་གི་མ་རྐང་ནང་ཞུགས་པ། ཚོང་གཉེར་དང་ཁེ་ལས་གཉེར་བ་སོགས་ཀྱི་ཐད་ནས་ཚུལ་མིན་གྱི་ཁེ་ཕན་ཐོབ་རྒྱུ་གཏན་འགོག་བྱེད་དགོས་པ་དང་། གཏན་འབེབས་ལས་འགལ་ནས་རང་དགར་ཁེ་ཕན་རང་བཞིན་གྱི་བྱེད་སྤྱོད་སྤེལ་རྒྱུ་གཏན་འགོག་བྱེད་དགོས་པ། གཏན་འབེབས་ལས་འགལ་ནས་འབུལ་རྟེན་དང་། རིན་ཡོད་དངུལ་འཛིན། གཏོང་སྤྲོད་འཛིན་ཤོག་བཅས་སྤྲོད་ལེན་བྱ་རྒྱུ་གཏན་འགོག་བྱེད་པ། མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་དང་དགའ་སྟོན་གྱི་བྱ་བ་སོགས་གཉེར་ནས་རྒྱུ་དངུལ་ཐོབ་རེ་བྱ་རྒྱུ་གཏན་འགོག་བྱེད་པ། གཞུང་དངུལ་སྤྱོད་པའམ་ཡང་ན་འགན་དབང་སྤྱོད་རྒྱུ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཚན་པ་དང་མི་སྒེར་གྱི་གདན་ཞུ་དང་ལེན་བྱས་ཏེ་འཛད་སྤྱོད་མཐོ་བའི་རོལ་རྩེད་དང་ལུས་སྦྱོང་བྱེད་སྒོ་སྤེལ་རྒྱུ་གཏན་འགོག་བྱེད་པ་བཅས་བྱེད་དགོས།

        ལྔ་པ། སྒྱུར་བཅོས་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྩ་བཅོས་བྱ་སྐབས་འབྱུང་རྩ་ནས་དམ་འཛིན་བྱེད་པའི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་རུང་སུངས་ཀྱི་སྣང་ཚུལ་ཐོན་པའི་འབྱུང་གཞི་དང་ཆ་རྐྱེན་ཚད་གཞི་ཆེ་ཤོས་ཀྱི་ཐོག་ནས་ཉུང་དུ་གཏོང་དགོས། ལས་བྱེད་པའི་མི་དོན་ལམ་ལུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མི་འདེམས་དང་མི་སྤྱོད་ཀྱི་སྤྱོད་ཚུལ་ཡང་དག་ཡོང་བ་བྱས་ཏེ་དཔོན་གནས་རག་ཐབས་བྱེད་པ་དང་། དཔོན་གནས་ཉོ་ཚོང་བྱེད་པ། འདེམས་ཤོག་འཕེན་སྐུལ་བྱེད་པ་དང་འདེམས་ཤོག་འཕེན་རྒྱུར་ལྐོག་རྔན་སྤྲོད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་ནན་པོ་བྱེད་དགོས། གཞུང་དྲང་སྤྱོད་གཙང་ཐོག་ཁྲིམས་འཛིན་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་འཛིན་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ་དང་། ཁྲིམས་འཛིན་བྱེད་སྒོའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། རྒྱུ་ཟ་ཁྲིམས་འགལ་དང་ཉེར་ཕྱོགས་གཡོ་ཟོལ་གྱི་བྱེད་སྤྱོད་ལ་ཞིབ་གཅོད་ནན་པོ་བྱེད་པ་བཅས་བྱེད་དགོས། སྲིད་འཛིན་དོ་དམ་སྒྲིག་སྲོལ་དང་། ནོར་ཁྲལ་དོ་དམ་སྒྲིག་སྲོལ། མ་འཇོག་སྒྲིག་སྲོལ། དངུལ་རྩའི་སྒྲིག་སྲོལ། གཞུང་ཁོངས་མ་རྩའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་བཅས་ཀྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་བྱས་ཏེ་ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་ནང་ཚད་བརྒལ་གསར་པ་ཡོང་བའི་འབད་བརྩོན་བྱེད་དགོས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི 《གཏན་འབེབས 》དང 《2008ལོ་ནས་2012ལོ་བར་རུལ་སུངས་ལ་ཁྲིམས་གཅོད་བྱེད་པ་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུའི་ལས་དོན་འཆར་འགོད 》དོན་འཁྱོལ་བྱ་རྒྱུ་གཙོ་གནད་དུ་བྱེད་པ་དང་། ཏང་གི་སྒྲིག་ཡིག་སྲོག་ཤིང་དུ་བྱེད་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལམ་ལུགས་ཅན་དང་ཁྲིམས་ལུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། བྱ་ཐབས་ནུས་ལྡན་སྤྱད་དེ་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱེད་པ་དང་། ལམ་ལུགས་ལག་བསྟར་བྱ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལམ་ལུགས་ལག་བསྟར་བྱ་ཤུགས་ཆེ་རུ་གཏོང་བ། ལམ་ལུགས་ཀྱི་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་བྱེད་པ་བཅས་བྱེད་དགོས།

        ཚང་འཛོམས་གྲོས་ཚོགས་ཐོག་འདི་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། དེར་བརྟེན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་ཏན་ཏིག་ངང་ཁུར་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ནན་ཏན་ངང་ལག་བསྟར་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར་བྱེད་པ་བཅས་བྱས་ནས་ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་ཏན་ཏིག་ངང་བསྒྲུབས་ཏེ་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་ལས་སྒོའི་ནུས་པ་སྔར་བས་ཆེ་རུ་གཏོང་བའི་ཐོག འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལས་དོན་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པའི་བརྩོན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག་ཏང་ཡོངས་ཀྱི་བློ་མཐུན་ཚོར་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་རང་འགན་གཙང་སྒྲུབ་དང་། གཞུང་དྲང་སྤྱོད་གཙང་། དམ་པ་དོན་གཉེར། གསར་འབྱེད་ཡར་བརྩོན་བཅས་ཀྱི་ཐོག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་གཏོད་ཕྱིར་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

        (བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཟླ་1ཚེས་13ཉིན་འབྱོར་པའི་གློག་འཕྲིན )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།