དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2010ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་ཀྱི་རིང་ཆབ་སྲིད་ཀྱི་སྒྲིག་ལམ་དང་སྤྱོད་གཙང་རང་འདོམས་ཀྱི་གཏན་འབེབས་ཁག་ལག་བསྟར་ནན་པོ་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

    ས་ཁུལ (གྲོང་ཁྱེར )ཨུ་ཡོན་ལྷན་ཁང་ཁག་དང་། ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཁག་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། ལྗོངས་ཏང་ཨུད་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་ཁག རང་སྐྱོང་ལྗོངས་ཀྱི་ཨུ་ཡོན་ལྷན་ཁང་དང་། གཞུང་དོན་ཁང་། ཐིང་། ཅུས་བཅས་ཁག མི་དམངས་ཚོགས་པ་ཁག་བཅས་ལ།

    2010ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་འཆར་ཉེར་ཡོད། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཚུལ་མིན་སྤྱོད་ཚུལ་དང་རྒྱས་སྤྲོས་ཆུད་ཟོས་ཀྱི་བྱེད་སྤྱོད་སྣ་ཚོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་སྤྱི་ཚོགས་བརྟན་ལྷིང་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ལྗོངས་ཡོངས་ཀྱི་མི་དམངས་རྣམས་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བའི་འགན་ལེན་བྱེད་ཆེད 《2010ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོའི 》དགོངས་དོན་དང་འབྲེལ་ཡོད་བླང་བྱར་གཞིགས་ནས་2010ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་ཀྱི་རིང་ཆབ་སྲིད་ཀྱི་སྒྲིག་ལམ་དང་སྤྱོད་གཙང་རང་འདོམས་ཀྱི་གཏན་འབེབས་ཁག་ལག་བསྟར་ནན་པོ་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་འབྲེལ་ཡོད་བྱ་བ་ནན་ཏན་ངང་ཡག་པོ་བསྒྲུབ་རྒྱུའི་སྐོར་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

    གཅིག ཆབ་སྲིད་ཀྱི་སྒྲིག་ལམ་ལག་བསྟར་ནན་པོ་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ།

    ལོ་གཉིས་རིང་རྡུང་རྡེག་ནན་པོ་དང་། བཀག་སྡོམ་ནན་པོ། སྔོན་འགོག་ནན་པོ་བཅས་བྱས་ནས་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་བའི་ཏཱ་ལའི་རུ་ཚོགས་ཀྱི་སྡིག་ཉེས་ཆེ་བའི་ལྐོག་གཡོ་ང་ཚོས་ཕམ་ཉེས་མཐའ་གཅིག་ཏུ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། འོན་ཀྱང་2010ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་དུས་ཆེན་གསུམ་ཤར་བ་དང་བསྟུན་ནས་ཏཱ་ལའི་རུ་ཚོགས་ཀྱིས་སྡུག་ཐོག་སྡུག་བརྩེགས་ཀྱི་སྒོ་ནས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྤེལ་ངེས་ཡིན་པས་རང་ལྗོངས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པ་དང་སྤྱི་ཚོགས་དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་འགན་སྔར་བཞིན་ལྕི་པོ་ཡོད་པ་རེད། ལས་སླ་པོར་བྱུང་བ་ཞིག་མིན་པའི་རང་ལྗོངས་ཀྱི་དུས་བབ་བཟང་པོ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་དུས་ཆེན་གསུམ་རིང་གནད་དོན་གང་ཡང་མི་ཐོན་པ་བྱ་རྒྱུ་དེ་ནི་རིམ་ཁག་ཏང་སྲིད་རྩ་འཛུགས་ལ་འཕྲད་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་ངེས་པར་དུ་དེ་བས་རང་རྟོགས་ཀྱི་སྒོ་ནས་བརྟན་ལྷིང་དོན་འཁྱོལ་བྱ་རྒྱུ་དེ་དུས་ཐོག་ཏུ་སྒྲུབ་དགོས་པའི་ལས་འགན་ཞིག་དང་འགན་འཁྲི་ཨང་དང་པོའི་བླང་བྱ་ཞིག་ལ་བརྩིས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་དུས་ཆེན་གསུམ་རིང་སྤྱི་ཚོགས་དུས་བབ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཏང་ཡོན་ལས་བྱེད་པར་དོ་དམ་བྱེད་པ་དང་མང་ཚོགས་ལ་སློབ་གསོ་གཏོང་བའི་འགན་འཁྲི་ཏན་ཏིག་འཁུར་བ་དང་ཏང་ཡོན་ལས་བྱེད་པས་ཏང་གི་ཆབ་སྲིད་སྒྲིག་ལམ་ལ་སྲུང་བརྩི་ནན་པོ་ཞུ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོའི་རྒྱལ་གཅེས་ཀྱི་འདུ་ཤེས་དང་། ཏང་ལ་དགའ་ཞེན་བྱེད་པའི་འདུ་ཤེས། དམག་བཀུར་གྱི་འདུ་ཤེས་བཅས་སྔར་ལས་ཆེ་རུ་གཏོང་བ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་སྔར་བས་ཆེ་རུ་འགྲོ་རྒྱུར་ཁྲིད་སྟོན་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཡིན་མིན་ཆེན་པོའི་གནད་དོན་ཐད་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ངོས་འཛིན་གསལ་ལ་མི་གསལ་མི་བྱེད་པ་དང་། རྣམ་འགྱུར་ཟ་རི་ཟི་རི་མི་བྱེད་པ། བྱ་སྤྱོད་ལ་གཡོ་འགུལ་མི་གཏོང་བ་བཅས་བྱེད་ཐུབ་པ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་ཧ་ཅང་བརྟན་པོ་དང་། དར་ཆ་ཧ་ཅང་གསལ་སྟོན། རྣམ་འགྱུར་ཧ་ཅང་གསལ་པོ་བཅས་བྱེད་ཐུབ་པ་བྱེད་པའི་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ལམ་དང་འགལ་བའི་རིགས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས།

    གཉིས། སྤྱོད་གཙང་རང་འདོམས་ཀྱི་གཏན་འབེབས་ཁག་ལག་བསྟར་བྱས་ཏེ་གྲོན་ཆུང་བསྲི་ཚགས་ངང་དུས་ཆེན་གཏོང་དགོས།

    དུས་ཆེན་རིང་ནི་རྒྱས་སྤྲོས་ཆུད་ཟོས་དང་། རྒྱས་བཟས་རྒྱས་འཐུང་། རྒྱན་པོ་འགྱེད་པ། རྒྱས་སྤྲོས་རྒྱས་གཤོམ་བཅས་བྱེད་སླ་བ་དང་བྱེད་མང་བའི་དུས་ཤིག་ཡིན་པས་དེ་ནི་ཏང་ཡོན་ལས་བྱེད་པས་ཏང་སྲོལ་སྲིད་གཙང་གི་སློབ་གསོར་ཤུགས་སྣོན་རྒྱག་པའི་གལ་ཆེའི་གནས་ཤིག་ཡིན། རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་འདོམས་དང་གྲོན་ཆུང་བསྲི་ཚགས་བྱེད་པའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་སློབ་སྦྱོང་ནན་ཏན་བྱས་ཏེ་བཅའ་ཁྲིམས་དང་སྒྲིག་ལམ་གྱི་ལྟ་བ་དང་སྤྱོད་གཙང་ངང་དུས་ཆེན་གཏོང་བའི་འདུ་ཤེས་སྔར་བས་ཆེ་རུ་གཏོང་དགོས། དུས་ཆེན་རིང་ཐོན་སླ་བ་དང་ཐོན་མང་བའི་གནད་དོན་དང་དེ་བཞིན་མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པའི་གནད་དོན་གཙོ་གནད་དུ་བརྩིས་ཏེ་སྔ་བསྣུར་དུ་བརྡ་གཏོང་བ་དང་ཉེན་བརྡ་བཏང་ནས་ཆུ་མ་ཤོར་གོང་ནས་རགས་རྒྱག་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྐྱོན་བྲལ་དང་ཤེས་དཔལ་གྱི་འཚོ་བའི་འདུ་ཤེས་འཛུགས་པ་དང་གྲོན་ཆུང་བསྲི་ཚགས་ཀྱི་རྩ་དོན་ལ་གཞིགས་ནས་དུས་ཆེན་རིང་གི་བྱེད་སྒོ་ཁག་བཀོད་སྒྲིག་ཡག་པོ་བྱེད་པ་དང་སྤྱོད་གཙང་རང་འདོམས་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་ཁག་ལག་བསྟར་ནན་པོ་བྱེད་དགོས་པ་སྟེ། གཞུང་དངུལ་སྤྱད་ནས་ཕན་ཚུན་འཚམས་འདྲི་བྱེད་པ་དང་། ཕན་ཚུན་ལག་རྟགས་སྤྲོད་པ། ཕན་ཚུན་གསོལ་སྟོན་གཤོམ་པ་སོགས་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཁག་གཏན་འགོག་བྱེད་པ་དང་། གཞུང་དངུལ་སྤྱད་དེ་རྒྱས་བཟས་རྒྱས་འཐུང་བྱེད་པ་དང་། གང་སར་ཡུལ་སྐོར་དུ་འགྲོ་བ། འཛད་སྤྱོད་ཆེ་བའི་རོལ་རྩེད་ཀྱི་བྱེད་སྒོའི་ནང་ཞུགས་པ་བཅས་གཏན་འགོག་བྱེད་པ། མིང་སྣ་ཚོགས་ལ་ཁ་གཡར་ནས་ལོ་མཇུག་ཏུ་འགྲོ་སྒོ་མྱུར་གཏོང་དང་ཕོགས་སྣོན་དང་། ཁ་གསབ་དངུལ། བྱ་དགའི་དངུལ། དངུལ་ཚབ་ཟོག་ཉོའི་འཛིན་ཤོག་བཅས་ཚོད་མེད་དུ་སྤྲོད་རྒྱུ་གཏན་འགོག་བྱེད་པ། འགན་དབང་སྤྱོད་པའི་འབྲེལ་ཡོད་ཚན་པ་དང་མི་སྒེར་གྱི་ལག་རྟགས་དང་། འབུལ་རྟེན་དངུལ། རྐང་དངུལ་གྱི་འཛིན་ཤོག རིན་ལྡན་དངུལ་འཛིན། དངུལ་སྤྲད་འཛིན་ཡིག དྲན་རྟེན་དངོས་པོ་བཅས་ལེན་རྒྱུ་གཏན་འགོག་བྱེད་པ། ཏང་ཡོན་ལས་བྱེད་པ་རྒྱན་པོ་འགྱེད་པའི་ནང་ཞུགས་པའམ་ཡང་ན་རྒྱན་པོ་འགྱེད་པའི་བྱ་ཐབས་ལ་བརྟེན་ནས་ལྐོག་རྔན་ལེན་རྒྱུ་གཏན་འགོག་བྱེད་པ། མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་ཀྱི་དོན་དག་སྤྱད་དེ་དངུལ་དང་རྒྱུ་ནོར་ལེན་རྒྱུ་གཏན་འགོག་བྱེད་པ། དྲང་གཞག་ངང་གཞུང་དོན་བསྒྲུབ་རྒྱུར་ཤུགས་རྐྱེན་ཕོག་སྲིད་པའི་ཡུལ་སྐོར་སྤྲོ་འཆམ་དང་། རོལ་རྩེད། ལུས་སྦྱོང་སོགས་ཀྱི་བྱེད་སྒོའི་ནང་ཞུགས་རྒྱུ་གཏན་འགོག་བྱེད་པ། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་གཤམ་འོག་ཚན་པའམ་ཡང་ན་ཚན་པ་གཞན་དག་ནས་མི་སྒེར་གྱི་འགྲོ་གྲོན་རྩིས་ཞུ་བྱ་རྒྱུ་གཏན་འགོག་བྱེད་པ། གཞུང་གི་རླངས་འཁོར་སྒེར་སྤྱོད་བྱེད་པ་དང་གཏན་འབེབས་ལས་འགལ་ནས་གཞུང་གི་རླངས་འཁོར་གཏོང་བའམ་ཡང་ན་འགན་དབང་སྤྱད་དེ་ཁེ་ལས་དང་གཤམ་འོག་ཚན་པ་ནས་འཁོར་རིགས་གཡར་སྤྱོད་བྱ་རྒྱུ་གཏན་འགོག་བྱེད་པ་བཅས་ཡིན། ཚོགས་འདུ་དང་དཔྱད་བསྡུར་གཟེངས་བསྟོད་ཀྱི་བྱེད་སྒོ་སྣ་ཚོགས་ཚོད་འཛིན་ནན་པོ་བྱེད་པ་དང་ཇ་སྟོན་ཚོགས་འདུ་དང་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་ཉུང་དུ་གཏོང་བ་དང་སྟབས་བདེ་རུ་བཏང་ཐོག “དངུལ་སྦས་ཁུང ”བཅོས་སྒྲིག་བྱེད་པའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་སྒྲིག་འགལ་དང་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས།

    ལྷག་པར་དུ་ནན་བཤད་བྱེད་དགོས་པ་ཞིག་ནི་ད་ཕན་ལོ་ཤས་རིང་བཅོས་སྐྱོང་བྱས་པ་བརྒྱུད་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་ནང་ཞུགས་པ་དང་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་ཀྱི་དོན་དག་སྤྱད་ནས་རྒྱུ་དངུལ་ལེན་པའི་སྣང་ཚུལ་བཀག་འགོག་ནུས་ལྡན་བྱུང་མོད། འོན་ཀྱང་བཀའ་རྒྱ་ཡོད་ཀྱང་ལག་བསྟར་མི་བྱེད་པ་དང་བཀག་ཀྱང་མི་ཉན་པའི་སྣང་ཚུལ་སྔར་བཞིན་གནས་ཡོད། རིམ་ཁག་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་དང་སྒྲིག་ཁྲིམས་སྲུང་སྟེ་ལུགས་ཪྙིང་སྲོལ་ངན་དོར་རྒྱུ་དང་། གོམས་སྲོལ་སྒྱུར་བ། ལྗོངས་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཐིང་གི 《ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣ་རྒྱན་འགྱེད་ནང་ཞུགས་རྒྱུ་གཏན་འགོག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ 》དང 《འགོ་ཁྲིད་ལས་བྱེད་པས་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་དེ་བཞིན་རྟེན་འབྲེལ་གྱི་བྱ་བ་ཆེན་པོ་གཉེར་ནས་རྒྱུ་དངུལ་ལེན་རྒྱུ་གཏན་འགོག་བྱ་རྒྱུའི་སྐོར་གྱི་གནས་སྐབས་གཏན་འབེབས 》ལག་བསྟར་ནན་པོ་བྱ་རྒྱུ་བཅས་ལ་སྣེ་ཁྲིད་བྱས་ཏེ་རང་རྟོགས་ངང་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་སྐྱེད་བསྲིང་བྱེད་པ་དང་། རང་རྟོགས་ངང་བླ་ན་མེད་པའི་སྙིང་སྟོབས་དོན་གཉེར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རང་རྟོགས་ངང་སྤྱོད་ངན་སྣ་ཚོགས་འགོག་པ། རང་རྟོགས་ངང་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བྱེད་པ་བཅས་བྱེད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་རྒྱན་འགྱེད་ནང་ཞུགས་པ་དང་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་ཤུགས་ཆེན་གཉེར་རིགས་ཤེས་རྟོགས་ཐུབ་ཚེ་སྒྲིག་ཁྲིམས་དང་ཁྲིམས་བཞིན་ཐག་གཅོད་ནན་པོ་བྱེད་དགོས།

    གསུམ། སྤྱོད་ཚུལ་ཏན་ཏིག་སྒྱུར་ནས་དུས་ཆེན་རིང་གི་ལས་དོན་ཁག་ནན་ཏན་ངང་སྒྲུབ་དགོས།

    རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལོའི་བྱེད་སྒོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ་སྤྱོད་ཚུལ་ཏན་ཏིག་སྒྱུར་བ་བྱེད་དགོས། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་པ་དང་ལྷག་པར་དུ་གནོད་འཚེ་ཕོག་ཁུལ་དང་། ས་ཁུལ་དབུལ་པོ། དཀའ་ངལ་ཡོད་པའི་མང་ཚོགས་བཅས་ཀྱི་ཁྲོད་དུ་བསྐྱོད་ནས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ལ་གང་མཁོ་ན་དེ་སྒྲུབ་རོགས་བྱེད་པ་བཅས་བྱས་ནས་དམངས་ཀྱི་འདོད་བློ་དང་མཐུན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་འཚོར་ཕན་པ་བཅས་ཀྱི་དོན་དངོས་སྒྲུབ་དགོས་པ་དང་འབྲེལ་གཅེས་སེམས་མཚོན་པའི་བྱེད་སྒོ་ཏན་ཏིག་སྤེལ་ཏེ་བརྩེ་སེམས་འཆང་བཞིན་དུ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་སེལ་རོགས་བྱེད་དགོས། སྲིད་འཛིན་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་གྲོན་དངུལ་གང་བྱུང་བསྡུ་བ་དང་ཆད་དངུལ་གང་བྱུང་གཅོད་པའི་བྱ་སྤྱོད་བཀག་འགོག་ནན་པོ་བྱེད་དགོས། ལས་གྲྭའི་དངུལ་འགྱངས་ཆད་བྱུང་བ་དང་ལས་མིའི་གླ་ཆ་འགྱངས་ཆད་བྱེད་པ་སོགས་སྤྱི་ཚོགས་ཀྱི་བརྟན་ལྷིང་མཐུན་སྦྱོར་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནན་ཏན་བྱས་ཏེ་བདེ་འཇགས་ཐོན་སྐྱེད་དང་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ལུས་སྲོག་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། རིམ་ཁག་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་དུས་ཆེན་རིང་གི་ལས་རེས་སྡོད་ཆ་དང་ལས་རེས་སྡོད་ཆའི་སྣེ་ཁྲིད་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་ཏན་དང་སྣེ་ཁྲིད་ནས་ལག་བསྟར་བྱེད་དགོས། དུས་ཆེན་གསུམ་རིང་གི་ལས་བྱེད་པར་དོ་དམ་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་དགོངས་དུས་ཐིམ་པའི་སྙན་སེང་ཞུ་བའི་ལམ་ལུགས་ནན་ཏན་ངང་ལག་བསྟར་བྱས་ནས་སྔ་བསྣུར་དུ་ལས་གནས་ལས་བྲལ་བ་དང་དུས་ཚོད་ཟིན་ཡང་མི་འབྱོར་བ་སོགས་ཀྱི་སྣང་ཚུལ་གཏན་ནས་མི་ཐོན་པ་བྱེད་དགོས།

    བཞི། ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས།

    ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཏང་སྲིད་འགོ་ཁྲིད་གཙོ་བོས་འགན་འཁྲི་ཏན་ཏིག་འཁུར་ཏེ་དུས་ཆེན་རིང་གི་ལས་དོན་ཁག་དམ་འཛིན་ནན་ཏན་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་ནན་ཏན་སྒྲུབ་ཏེ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྷགས་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཡོ་བསྲང་ཐུབ་པ་བྱེད་དགོས། བཀའ་རྒྱ་ཡོད་ཀྱང་ལག་བསྟར་མི་བྱེད་པ་དང་། བཀག་ཀྱང་མི་ཉན་པ། སྒྲིག་ཁྲིམས་ལ་མ་འཛེམས་པར་སྒྲིག་འགལ་རིགས་བཅས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཡོངས་བསྒྲགས་ཐོག་ཁྱབ་བསྒྲགས་བྱེད་དགོས། གནས་ཚུལ་ཚབ་ལྕི་བ་དང་ཤུགས་རྐྱེན་ངན་པ་བཟོ་རིགས་ལ་འགན་འཁྲི་རྩད་གཅོད་བྱེད་པའི་ལམ་ལུགས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་འབྲེལ་ཡོད་འགོ་ཁྲིད་ཀྱི་འགན་འཁྲི་རྩད་གཅོད་བྱེད་དགོས།

    ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཐིང་གིས།

    2009ལོའི་ཟླ་12ཚེས་29ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།