དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པར་ཕུལ་བའི་འཚམས་འདྲིའི་ཡི་གེ

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        གུས་པར་འོས་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་བློ་མཐུན་རྣམ་པ།

        ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། དེ་བཞིན་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་སྟོབས་ཤུགས་ཡོད་རྒུས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་གོང་དུ་སྤེལ་བའི་འགག་རྩའི་དུས་སྐབས་སུ་ང་ཚོས་སྤྱིར་བཏང་མིན་པའི་2009ལོ་ཕར་སྐྱེལ་ཞུ་བ་དང་རེ་བས་ཁེངས་པའི་ 2010 ལོར་བསུ་བ་ཞུ་བཞིན་ཡོད། གནམ་ལོ་གསར་དུ་འཆར་ཉེའི་སྐབས་འདིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀའ་མངགས་ལྟར་ཁྱེད་རྣམ་པར་ཟོལ་མེད་སྙིང་དབུས་ནས་གུས་འདུད་ཞུ་རྒྱུ་དང་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

        2009 ལོ་ནི་ཏང་དང་རྒྱལ་ཁབ་ཀྱིས་དཀའ་ངལ་ཧ་ཅང་ཆེ་བ་ལས་རྣམ་པར་རྒྱལ་བ་དང་འགྲན་སློང་ཚོད་བགམ་ཐེབས་པའི་ལོ་ཞིག་ཡིན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་བརྟན་གཏོང་དང་དཀའ་བར་མི་འཛེམས་པར་མདུན་སྐྱོད་བྱེད་པ་དང་། མཐུན་སྒྲིག་རྡོག་རྩ་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་བྱས་ཤིང་། འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ་དང་གལ་ཆེའི་ལས་འགན་ལེགས་སྒྲུབ་བྱེད་པའི་ལག་ལེན་གྱི་ཁྲོད་དུ་ཚོད་བགམ་ཐེབས་ཐུབ་པ་བྱུང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གོང་འཕེལ་གསར་པ་བྱུང་ཡོད། ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་དྲུག་པའི་བཀོད་སྒྲིག་གཞིར་བཟུང “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་གསུམ ”བཅས་ལ་དམ་པོར་དམིགས་ཤིང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་བའི་བརྗོད་བྱ་འདི་སྟངས་འཛིན་ནན་པོ་བྱས་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོ་སྤེལ་བའི་ནང་ཐོག་མཐའ་བར་གསུམ་དུ་ཁྱབ་ཐུབ་པ་དང་ཐོན་འཕར་ཡོང་རྒྱུ་འགན་སྲུང་དང་། དམངས་ཀྱི་འཚོ་བ་འགན་སྲུང་། བརྟན་ལྷིང་འགན་སྲུང་བཅས་བྱེད་རྒྱུའི་ནང་ཐོག་མཐའ་བར་གསུམ་དུ་ཁྱབ་ཐུབ་པ་བྱས་ནས་བློ་བརྟན་འགྱུར་མེད་ངང་གོང་འཕེལ་གཏོང་རྒྱུ་དམ་འཛིན་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ། སེམས་ནུས་ཡོད་རྒུས་དམངས་ཀྱི་འཚོ་བར་ཕན་འདོགས་པ། རྒྱུན་བསྲིངས་ལྷོད་མེད་ཀྱིས་ཏང་འཛུགས་སྐྱོང་བྱེད་རྒྱུ་དམ་འཛིན་བཅས་བྱས་ཡོད། སྤྲོ་སེམས་འཁོལ་བའི་ངང་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་ངོ་ 60 འཁོར་བར་རྟེན་འབྲེལ་ཞུས་པ་དང “ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ ”གཏན་འཁེལ་བྱས་པ། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་ 50 འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་ཧུར་ཐག་གཅོག་པ་བཅས་བྱས་ཏེ་ས་ཡོམ་དང་། རླུང་ཆེན། གངས་འཁྱགས། དྲག་ཆར། ཐན་པ་སོགས་ཚབས་ཆེའི་རང་བྱུང་གནོད་འཚེར་འགོག་རྒོལ་ནུས་ལྡན་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་ཐོག་ཕུགས་འཕེར་གྱི་ཐབས་ཇུས་འདིང་བ་དང་རྩ་བ་བརྟན་གཏོང་གི་བྱ་ཐབས་བཟུང་ཞིང་། འཚུབ་ཆ་ཆེ་བའི་དུས་སྐབས་ལ་དམིགས་ཏེ་སྔོན་ནས་དར་ཆ་གསལ་སྟོན་བྱེད་པ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་པར་བརྟེན་སྤྱི་ཚོགས་ཀྱི་དུས་བབ་ཕྱོགས་ཡོངས་ནས་རྒྱུན་མཐུད་བརྟན་ལྷིང་ཐུབ་པ་བྱུང་སྟེ་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་དུས་མཚམས་རང་བཞིན་གྱི་གལ་ཆེའི་རྒྱལ་ཁ་སླར་ཡང་ཐོབ་ཡོད། གཞན་ཡང་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྲུན། དེ་བཞིན་སྣོད་བཅུད་བཟང་བའི་དཔལ་ཡོན་དར་སྤེལ། ཏང་ལེགས་སྐྱོང་བཅས་བྱེད་རྒྱུར་གྲུབ་འབྲས་གསར་པ་ཐོབ་ཡོད། གྲུབ་འབྲས་དེ་དག་ནི་ཏང་ཀྲུང་དབྱང་གི་ཡང་དག་འགོ་ཁྲིད་དང་། མཁས་མཛངས་ལྡན་པའི་ཇུས་ཐག བྱམས་བརྩེའི་ཐུགས་འཁུར་བཅས་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པ་དང་། རྒྱལ་ཡོངས་དང་ལྷག་པར་དུ་ག་སྦྱར་བོད་སྐྱོར་གྱི་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་གི་པུའུ་ཨུད། ཀྲུང་དབྱང་གི་གལ་ཆེའི་རྐང་འཛིན་ཁེ་ལས་བཅས་ཀྱིས་རོགས་སྐྱོར་ཤུགས་ཆེན་གནང་བ་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་འཐབ་དང་ཞུམ་མེད་འགྲན་འཛིང་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པ། རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པས་སེམས་རྩ་འཁོལ་པོའི་དོ་འཁུར་དང་རྒྱབ་སྐྱོར་ཧུར་ཐག་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པ་བཅས་རེད།

        2010 ལོ་ནི་རང་སྐྱོང་ལྗོངས་སུ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་གལ་ཆེའི་ལོ་ཞིག་ཡིན་ལ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་བསྟར་བྱེད་པའི་མཐའ་མའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་ཡིན། ལོ་གསར་པའི་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློར་གཡོ་སྒུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བ་དང་ཡུན་རིང་བདེ་འཁོད་ཡོང་གང་ཐུབ་བྱེད་རྒྱུ་རེད།

        ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་ནི་སྤྱི་ཚོགས་ཀྱི་བྱ་གཞག་སྐྲུན་མཁན་ཞིག་དང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་མཁན་གྱི་གསར་གཏོད་པ་ཞིག་ཡིན་ལ་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། གོང་འཕེལ་ལ་སྐུལ་འདེད་བཅས་བྱེད་མཁན་གྱི་གལ་ཆེའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཤིག་ཀྱང་ཡིན། བློ་མཐུན་རྒན་གྲས་ལ་བརྩི་འཇོག་བྱེད་པ་ནི་ཏང་གི་ལོ་རྒྱུས་ལ་བརྩི་འཇོག་བྱེད་པ་ཞིག་དང་། བློ་མཐུན་རྒན་གྲས་ལ་གཅེས་སྐྱོང་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ལ་གཅེས་སྤྲས་བྱེད་པ་ཞིག བློ་མཐུན་རྒན་གྲས་ལ་མཐོང་ཆེ་བྱེད་པ་ནི་ཏང་གི་སྲིད་སྐྱོང་གི་རྨང་གཞི་དང་སྲིད་སྐྱོང་གི་ཐོན་ཁུངས་ལ་མཐོང་ཆེ་བྱེད་པ་ཞིག་བཅས་ཡིན། ལོ་གསར་པའི་ནང་ང་ཚོས་མུ་མཐུད་ལྷག་བསམ་ཟོལ་མེད་དང་། བརྩེ་དུང་ཟབ་མོ། གསར་གཏོད་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་བྱེད་པ་རྒན་གྲས་ཀྱི་ལས་ཀ་ཡག་པོ་སྒྲུབ་ཐོག་ཆབ་སྲིད་ཐོག་དོ་འཁུར་མང་ཙམ་བྱེད་པ་དང་། བསམ་བློའི་ཐོག་འབྲེལ་གཏུག་མང་ཙམ་བྱེད་པ། འཚོ་བའི་ཐོག་ལྟ་རྟོག་མང་ཙམ་བྱེད་པ། བསམ་པའི་ཐོག་ཐུགས་འཁུར་མང་ཙམ་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཆབ་སྲིད་དང་འཚོ་བའི་ཐོབ་ཐང་དོན་འཁྱོལ་བྱས་ཤིང་། ལས་བྲལ་ལས་བྱེད་པའི་ལས་བྲལ་གྱི་གྲོན་དངུལ་འགན་སྲུང་བྱེད་སྲོལ་དང་། སྨན་ཡོན་འགན་སྲུང་བྱེད་སྲོལ། ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་སྲོལ་བཅས་སྲ་བརྟན་དུ་བཏང་སྟེ་ཁ་ཞེ་གཉིས་མེད་དང་། བརྩེ་དུང་ཟོལ་མེད། ལྷག་བསམ་ཟོལ་མེད་བཅས་ཀྱི་ཐོག་ནས་ལས་བྱེད་པ་རྒན་གྲས་ལ་ཞབས་འདེགས་ཞུས་ཐོག་ལས་བྱེད་པ་རྒན་གྲས་ཀྱི་ཆེད་དུ་བྱ་བ་ཡག་པོ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ནས་རྒྱ་ཆེའི་ལས་བྱེད་པ་རྒན་གྲས་རྣམས་ལ་ལོ་ན་རྒས་དུས་འཚོ་བརྟེན་ཡོད་པ་དང་། ལོ་ན་རྒས་དུས་སྨན་བཅོས་འགན་ལེན་ཡོད་པ། ལོ་ན་རྒས་དུས་སློབ་མཁན་ཡོད་པ། ལོ་ན་རྒས་ཀྱང་སྦྱངས་བརྩོན་བྱེད་གཞི་ཡོད་པ། ལོ་ན་རྒས་ཀྱང་སྤྲོ་སྣང་མི་ཉམས་པ། ལོ་ན་རྒས་ཀྱང་འཇོན་ཐང་འདོན་ཐུབ་པ་བཅས་དངོས་འབྲེལ་ཡོང་བ་བྱེད་དགོས།

        ལ་ཁའི་ཉི་མ་རྒས་པ་ག་ལ་ཡིན། ངོ་མཚར་མཚམས་སྤྲིན་དགུང་སྔོན་དབྱིངས་སུ་མཛེས། ལོ་གསར་པའི་ནང་རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྣམས་ཀྱིས་སྐུ་གཟུགས་ལ་ཐུགས་བཅག་དང་ཚེ་མཇུག་སྤྲོ་པོ་ཡོང་བའི་ཐོག་སྔ་ཕྱི་བར་གསུམ་དུ་ཆབ་སྲིད་ཐོག་ལངས་ཕྱོགས་བརྟན་པོ་དང་། རྟག་ཏུ་བསམ་བློ་གསར་བརྗེས། སྤྲོ་སེམས་རབ་འཕེལ་བཅས་ཡོང་བ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྔར་ལས་ཡག་པ་དང་། གོང་འཕེལ་སྔར་ལས་མགྱོགས་པ། གོང་འཕེལ་སྔར་ལས་ཆེ་བ་བཅས་ཡོང་རྒྱུ་དང་། སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་རྒྱུ་དང་མི་རབས་རྗེས་མར་སེམས་འཁུར་དང་སློབ་གསོ་གཏོང་བ་སོགས་ཀྱི་ལས་དོན་ནང་རང་ནུས་ལྕོགས་ཚོད་ཀྱི་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།

        མཇུག་ཏུ་ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་ལྷན་རྒྱས་ལ་ལོ་གསར་སྤྲོ་པོ་ཡོང་བ་དང་། སྐུ་འཚོ་གསལ་དྭངས། ཁྱིམ་ཚང་བདེ་སྐྱིད་ལྡན་པ་བཅས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

        ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ།

        ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ལས་བྱེད་རྒན་གྲས་ཅུད།

        2009 ལོའི་ཟླ་ 12 ཚེས་ 28ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།