དབུ་ཤོག>སྲིད་དོན།
  • “གཞི་རིམ་རྩ་འཛུགས་ཀྱིས་ཡོམ་འགོག་གེགས་སེལ་ཁྲོད་ནུས་པ་ཆེན་པོ་བཏོན་ཡོད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-06

    ཟླ་5ཚེས་1དང་2ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རོང་ཤར་ཤང་བྲིན་ཐང་གྲོང་ཚོ་དང་། ཚམ་མོ་ཆེན་གྲོང་ཚོ། སྟག་ཚང་གྲོང་ཚོ་བཅས་སུ་གེགས་བར་གནས་ཚུལ་ལ་གཟིགས་པ་དང་གེགས་ཁུལ་མང་ཚོགས་དང་། གཞི་རིམ་ལས་བྱེད་པ། སློབ་གྲྭའི་དགེ་སློབ་བཅས་དང་ཡོམ་འགོག་གེགས་སེལ་ནང་ཞུགས་པའི་བོད་སྡོད་བཅིངས་འགྲོལ་དམག་དང་། སྤྱི་བདེ་མཐའ་སྲུང་དཔོན་དམག དིང་རི་རྫོང་ཇོ་རིའི་འཕྲལ་སྡོམ་ཡུལ་དམག་ལེན་བཅས་ལ་འཚམས་འདྲི་གནང་ནས་ཚང་མར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མང་སེམས་གཅིག་མཐུན་གྱིས་ཡོམ་འགོག་གེགས་སེལ་གྱི་མཐའ་མའི་རྒྱལ་ཁ་ལེན་དགོས་པའི་སྐུལ་ལྕག་གནང་བ་རེད།

    གེགས་ཁུལ་དུ་བློ་བཟང་རྒྱལ་མཚན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་བ་རེད།

    རོང་ཤར་ཤང་གི་གེགས་བར་གནས་ཚུལ་སྐོར་གླེང་སྐབས་བློ་བཟང་རྒྱལ་མཚན་གྱིས“རོང་ཤར་ཤང་གི་སྲིད་འཛིན་གྲོང་ཚོ་གསུམ་པོར་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ནས་མི་4རྐྱེན་ལམ་དུ་ཤོར་བ་དང་། ཁང་པ་རྡིབ་པ་དང་གཏོར་སྐྱོན་ཚབས་ཆེན་ཕོག་པ། ཕྱུགས་རིགས་ཤི་བ་སོགས་ཀྱི་གནོད་འཚེ་ཕོག་པ་དང་ཚམ་མོ་ཆེན་གྲོང་ཚོ་དང་བྲིན་ཐང་གྲོང་ཚོ་གཉིས་སུ་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཡིན་ཞིང་།འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག་ཤུགས་བཅས་ཆད་སྟབས་རོགས་སྐྱོབ་ལས་དོན་སྤེལ་བར་དཀའ་ངལ་ཆེན་པོ་འཕྲད་ཡོད། ཤང་དེ་ཡོངས་ཀྱི་དུད་ཚང་204དང་མི་842ལ་གནོད་འཚེ་ཕོག་པ་དང་མི་900ལྷག་ཙམ་གནས་སྤོ་བཀོད་སྒྲིག་བྱས་པ་དེའི་ནང་ཞིང་འབྲོག་པའི་ཁང་པ་115དང་སྟར་པ་119རྡིབ་པ་དང་དུད་ཚང་66དང་སྟར་པ་104ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད”ཅེས་གསུངས་ཤིང་། གཞན་ཡང་རོང་ཤར་ཤང་ཁོངས་གཏོགས་ཀྱི་ཆོས་དགའ་དགོན་པ་དང་དེ་བཞིན་གྲོང་ཚོ་3གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་6ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་པ་དང་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ད་ཐེངས་ཀྱི་ས་ཡོམ་ལས་རོང་ཤར་ཤང་དུ་གཏོར་སྐྱོན་ཆེན་པོ་ཕོག་ཀྱང་མི་སྣ་ཤི་རྨས་ཆེན་པོ་བྱུང་མེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་གཞི་རིམ་ལས་བྱེད་པས་གེགས་བར་འཕྲད་སྐབས་མི་སྒེར་གྱི་ཉེན་ཁར་མི་འཛེམས་པར་དཔའ་ངར་ཆེར་བསྐྱེད་ཀྱིས་མང་ཚོགས་ཁ་འགྲེམས་བྱེད་དུ་བཅུག་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཡོམ་འགོག་གེགས་སེལ་བྱས་ནས་ས་ཡོམ་གྱི་གྱོང་གུན་ཚད་གཞི་དམའ་ཤོས་སུ་ཚོད་འཛིན་བྱས་པས་རེད། “ལོ་དེ་དག་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྩ་སྲ་རྨང་བརྟན་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་དེ་གོ་ཆོད་པ་ཞིག་ཡིན་པ་དང་རང་རེའི་གཞི་རིམ་རྩ་འཛུགས་ཀྱིས་ས་ཡོམ་གྱི་གེགས་བར་ཁྲོད་ནུས་པ་འགངས་ཆེན་འདོན་སྤེལ་བྱས་པ་ལག་ལེན་དངོས་ལས་ར་སྤྲོད་ཐུབ་ཡོད”

    ཟླ་4ཚེས་25ཉིན་ས་ཡོམ་བརྒྱབ་རྗེས་དིང་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཡོམ་འགོག་གེགས་སེལ་ལས་དོན་དུས་ཐོག་ཏུ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཝང་ཁུན་གྱིས་རོང་ཤར་ཤང་དུ་ཡོམ་འགོག་གེགས་སེལ་ལས་དོན་བཀོད་སྒྲིག་བྱེད་པར་ཕྱིན་པ་དང་རྫོང་དམངས་སྲིད་དང་། སྤྱི་བདེ། འགྲིམ་འགྲུལ་སྐྱེལ་འདྲེན། གསང་གནད། མི་དམངས་སྨན་ཁང་། རིམས་འགོག་ས་ཚིགས། སྒུལ་བདེ་འཕྲིན་གཏོང་སོགས་འབྲེལ་ཡོད་སྡེ་ཚན་གྱི་མི་སྣ་དང་ཆེད་ལས་མི་སྣ་ཁྲིད་དེ་གནོད་འཚེ་ཆེན་པོ་ཕོག་པའི་རོང་ཤར་ཤང་དུ་བསྐྱོད། གཞུང་ལམ་གང་སར་ས་རྡོ་ཉིལ་རྐྱེན་ཆུ་ཚོད་3ཙམ་རྐང་ཐང་མར་བསྐྱོད་རྗེས་ཚེས་25ཉིན་གྱི་ཆུ་ཚོད་21དང་སྐར་མ་20ཙམ་དུ་ཤང་སྲིད་གཞུང་དུ་འབྱོར་ནས་རོང་ཤར་ཤང་གི་ཡོམ་འགོག་གེགས་སེལ་གྱི་འཐབ་ཕྱོགས་དང་པོའི་བཀོད་འདོམས་པུའུ་དུས་ཐོག་ཏུ་བཙུགས་པ་དང་དུས་མཚུངས་ཚོགས་ཆུང་མང་པོ་ཞིག་དབྱེ་ནས་རོགས་སྐྱོབ་ལས་དོན་སྤེལ་བ་རེད།

    “རྫོང་དང་ཤང་སྲིད་གཞུང་གིས་བྱ་སྤྱོད་མྱུར་དུ་སྤེལ་སྟབས་གྲོང་ཚོའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཉུང་ཤོས་ཡིན་པ་དང་། གྲོང་མིས་ཡོམ་འཕྲོ་རྒྱག་སྐབས་ང་ཚོ་བདེ་འཇགས་ཁུལ་དུ་སྤྱིར་ན་སྤོས་ཟིན་ཡོད་ཅེས་བཤད་བྱུང”ཞེས་བློ་བཟང་རྒྱལ་མཚན་གྱིས་གསུངས།

    དེང་སྐབས་རོང་ཤར་ཤང་གི་གེགས་ཁུལ་གྱི་ཡོམ་འགོག་གེགས་སེལ་ལས་དོན་དེ་རྒྱུན་རྣམ་དུ་སླེབས་པ་དང་གོམ་སྟབས་རྗེས་མར་མུ་མཐུད་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ་དང་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རིམ་བཞིན་སླར་གསོ་བྱ་རྒྱུ་དང་འབྲེལ་གེགས་བར་རྗེས་ཀྱི་བསྐྱར་སྐྲུན་བྱེད་འགོ་འཛུགས་རྒྱུ་རེད། བློ་བཟང་རྒྱལ་མཚན་གྱིས“རིམ་ཁག་སྡེ་ཚན་ཁག་གིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་འོས་འཚམ་བྱེད་དགོས་པ་དང་འབྲེལ་ཁྱིམ་གཞིས་བསྐྱར་སྐྲུན་གྱི་འཆར་འགོད་བྱེད་དགོས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་གནང་སྟབས་མང་ཚོགས་སྐུལ་སློང་དང་མང་ཚོགས་ལ་བརྟེན་པའི་རྨང་གཞིའི་ཐོག་བསྐྱར་སྐྲུན་ལས་དོན་དེ་ནུས་ལྡན་དང་མགྱོགས་མྱུར་ངང་སྤེལ་ཐུབ་ངེས་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་མཐའ་མཚམས་ཤང་གྲོང་དང་གྲོང་ཚོའི་བསྐྱར་སྐྲུན་ལས་དོན་ཐད་ལོ་རྒྱུས་དང་ལག་ལེན་གྱི་ཚོད་བགམ་ཐེག་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད། མང་ཚོགས་ཀྱིས་ང་ཚོར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པས་ང་ཚོས་ངེས་པར་དུ་ཁོང་ཚོའི་རེ་བ་ཆུད་ཟོས་སུ་གཏོང་མི་རུང”ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།