“དཀའ་ངལ་ནི་གནས་སྐབས་ཙམ་ཡིན་པས་བསྐྱར་སྐྲུན་རྗེས་ཀྱི་འཚོ་བ་དེ་བས་ཡག་པ་ཡོང་ངེས་རེད”
འདི་ནི་བློ་བཟང་རྒྱལ་མཚན་གྱིས་རོང་ཤར་ཤང་བྲིན་ཐང་གྲོང་ཚོར་གེགས་ཁུལ་གྱི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།
“ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཤོས་ཀྱི་ས་དང་ཡོམ་འགོག་གེགས་སེལ་གྱི་འཐབ་ཕྱོགས་མདུན་མར་སྐྱོད་དགོས”
ནེ་པ་ལའི་ས་ཡོམ་རིམ་པ་8.1དང་། དིང་རི་རྫོང་གི་ས་ཡོམ་རིམ་པ་5.9 ནེ་པ་ལའི་ཡོམ་འཕྲོ་རིམ་པ་7.1བཅས་ཀྱི་ཤུགས་རྐྱེན་ཐེབས་ནས་དིང་རི་རྫོང་གི་ནེ་པ་ལ་དང་ས་འབྲེལ་ཡིན་པའི་རོང་ཤར་མཐའ་མཚམས་གྲོང་ཚོར་གནོད་འཚེ་རྒྱུན་ཆད་མེད་པར་ཚབས་ཆེར་ཕྱིན་ནས་དེ་ཉིད“4·25”ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཤོས་ཀྱི་ས་ཆའི་གྲས་ཤིག་ཏུ་གྱུར་བ་རེད།
ཟླ་5ཚེས་1ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི།རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཉིན་ཤས་བསྟུད་མར་སྐྱིད་གྲོང་རྫོང་གི་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཡིན་པའི་གྲོང་ཚོར་ཕེབས་ནས་ཡོམ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་རྗེས། སླར་ཡང་རླངས་འཁོར་ལ་བཞུགས་ནས་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་སར་ཡོད་པའི་དིང་རི་རྫོང་རོང་ཤར་ཤང་དུ་བྲེལ་བརྩོན་ཆེན་པོས་ཕེབས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་ངོ་འཕྲད་གདོང་ཐུག་ངང་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་དེ་གའི་གནས་ཚུལ་དང་གེགས་ཁུལ་མང་ཚོགས་ཀྱི་བདེ་སྡུག་ལ་ཐུགས་ཁྲལ་ཧ་ཅང་ཆེན་པོ་གནང་ཞིང་། དིང་རི་ནས་ཐོན་ཏེ་དཀའ་ཚེགས་ཆེན་པོས་ཆུ་ཚོད་3ལྷག་ཙམ་མདུན་སྐྱོད་གནང་མཐར་རོང་ཤར་ཤང་གི་ས་ཐག་རིང་ཤོས་དང་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཡིན་པའི་བྲིན་ཐང་གྲོང་ཚོར་ཕེབས། ས་ཡོམ་ཁྲོད་བྲིན་ཐང་གྲོང་ཚོར་སྐྱོད་སའི་འགྲོ་ལམ་དེ་རི་ཉིལ་ནས་འགག་པ་དང་ཉིན་5རིང་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱས་པ་བརྒྱུད་ཚེས་1ཉིན་གྱི་ཐོ་རེངས་སུ་ཤར་གཏོང་ཐུབ་མོད། འོན་ཀྱང་རི་གཤམ་ནས་རི་སྟེང་གི་ཁོད་སྙོམས་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་ནི་རི་ལམ་ཆུང་ངུ་ཡིན་པ་དང་དུས་མཚུངས་ས་ཡོམ་གྱི་ཞིག་རོ་བརྒྱུད་དགོས་ཀྱི་ཡོད་པས་དངོས་རྫས་སྒལ་པར་ཁུར་ནས་རྐང་ཐང་མར་སྤྱི་ལེ་7ཙམ་བསྐྱོད་ཚེ་གཞི་ནས་འབྱོར་གྱི་ཡོད། མཐའ་སྲུང་དཔོན་དམག་དང་། ཇོ་རིའི་འཕྲལ་སྡོམ་ཡུལ་དམག་ལན། མང་ཚོགས་བཅས་ཀྱིས་ཕྱར་བ་གྲུ་འདེགས་ངང་གེགས་སེལ་དངོས་རྫས་མྱུར་སྐྱེལ་བྱེད་ཀྱི་ཡོད། བློ་བཟང་རྒྱལ་མཚན་གྱིས་མདུན་དུ་ཕེབས་ནས་ཁོང་ཚོར་འཚམས་འདྲི་གནང་བ་དང་ལྷན་གཅིག་རྐང་ཐང་མར་ཕེབས་པ་དང་འབྲེལ་ཕེབས་རོགས་རྣམས་ལ་དངོས་རྫས་སྔོན་ལ་གཏོང་དགོས་པའི་ཁ་ཏའང་གནང་བ་རེད།
རོང་ཤར་གྱི་གྲོག་རོང་གཏིང་རིང་བ་དང་གང་སར་རྡོས་ཁེངས་ནས་ཁོད་སྙོམས་ཁུལ་ཧ་ཅང་དཀོན་པོ་ཡོད། བྲིན་ཐང་གྲོང་ཚོའི་སྒྲུབ་བདེ་ཚོགས་ཆུང་དེ་རི་གཟར་ཁུལ་དུ་གནས་པ་དང་ས་ཡོམ་རྒྱག་སྐབས་རི་རྒྱབ་ཀྱི་རྡོ་རིལ་ནས་གྲོང་མིའི་སྡོད་ཁང་ལ་གཏོར་སྐྱོན་ཕོག་སྟེ་གྲོང་ཚོ་དེའི་མི་2ཤི་བ་དང་། ཁང་པ་88ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ། ལྷ་ཁང་གཅིག་རྦད་དེ་བརྡིབས་པ་བཅས་བྱས་ནས་འདྲེན་བྱེད་མདུན་དུ་ཞིག་རོས་ཁེངས། བློ་བཟང་རྒྱལ་མཚན་གྱིས་ཞབས་འོག་གི་རྡོར་འཛེམས་ཟོན་མེད་པར་མུ་མཐུད་གཟིགས་བཞིན་དུ་ཐུགས་མི་བདེ་བའི་རྣམ་འགྱུར་མངོན།
“སྐྱོབ་རོགས་དང་སྐྱོབ་བཅོས་བྱེད་པར་འགན་ལེན་ཡོད་དམ”“མང་ཚོགས་བཀོད་སྒྲིག་ཡག་པོ་བྱུང་ཡོད་དམ”ཞེས་བློ་བཟང་རྒྱལ་མཚན་གྱིས་དོ་ཁུར་ཆེན་པོས་འདྲི་རྩད་གནང་།
“ས་ཡོམ་བརྒྱབ་རྗེས་གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག་མང་ཚོགས་ཀྱིས་འཕྲལ་མར་རང་སྐྱོབ་ཧུར་ཐག་བྱས་པ་དང་མཐའ་སྲུང་དཔོན་དམག་གིས་འཕྲལ་མ་ཉིད་དུ་སྐྱོབ་རོགས་བྱེད་པར་ཡོང་ནས་མི་3བསྐྱབས་ཐུབ་པ་དང་མཚན་མོ་དེ་གར་མང་ཚོགས་བདེ་འཇགས་ལྡན་པའི་ཁུལ་དུ་གནས་སྤོ་བྱས་པ་རེད”
“མཚན་མོ་དེར་རྫོང་གི་འགོ་ཁྲིད་གཙོ་བོ་ང་ཚོའི་སར་ཡོང་ནས་མང་ཚོགས་དང་མཉམ་དུ་གེགས་སེལ་བྱས་ཡོད”
གནོད་འཚེ་ཕོག་རྗེས་དིང་རི་རྫོང་གི་རྫོང་དཔོན་ཝང་ཁུན་གྱིས་རྐང་ཐང་མར་བྲིན་ཐང་གྲོང་ཚོར་བསྐྱོད་ནས་གེགས་འགོག་གི་སྣེ་ཁྲིད་བྱས་པ་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བ་བཀྲ་ཤིས་ཀྱིས་རང་ཁྱིམ་གྱི་གནོད་འཚེར་དོ་སྣང་བྱེད་ཁོམ་མེད་པར་ཉིན་ཤས་བསྟུད་མར་འཐབ་ཕྱོགས་དང་པོར་འབད་འཐབ་བྱས། ཁོང་ཚོས་ཀྲུའུ་ཞིར་གནོད་འཚེ་ཕོག་པའི་མང་ཚོགས་དུས་ཐོག་ཏུ་སྐྱོབ་བཅོས་ཡག་པོ་ཐུབ་པ་དང་རྒན་རྒོན་དང་། ཉམས་ཞན། ནད་པ། དབང་པོ་སྐྱོན་ཅན་བཅས་ཚང་མ་བཀོད་སྒྲིག་ཡག་པོ་ཐུབ་པ་མ་ཟད། གྲོང་ཚོའི་ནང་གི་དར་མ་རྣམས་ཀྱིས་ཏང་སྲིད་དམག་ཉེན་དང་མཉམ་དུ་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་བྱེད་བཞིན་ཡོད་ཅེས་ཁོང་ཚོས་ཀྲུའུ་ཞིར་ཞུས་པ་རེད།
གྲོང་ཚོའི་དབུས་སུ་ཕེབས་སྐབས་དངོས་རྫས་དབོར་ཟིན་མ་ཐག་པའི་གྲོང་མི་ངལ་གསོ་བཞིན་ཡོད་པ་དང་བློ་བཟང་རྒྱལ་མཚན་ཁོང་ཚོའི་གམ་དུ་ཕེབས་ནས་ཞིག་རོའི་སྟེང་བཞུགས་ཏེ་ཁོང་ཚོ་དང་བྱམས་བརྩེའི་གླེང་མོལ་གནང་བ་དང་ཀྲུའུ་ཞིས་གཟིགས་པར་ཕེབས་པ་མཐོང་སྐབས་གྲོང་མི་ཚོ་སེམས་འགུལ་ཐེབས་བཞིན་མིག་ལ་མཆི་ཞག་འཁོར།
གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་ཡོད་པ་གཟིགས་སྐབས་བློ་བཟང་རྒྱལ་མཚན་དགྱེས་ཚོར་ཆེན་པོ་བྱུང་བ་དང་ཁོང་གིས“མི་བདེ་ཐང་ཡིན་ཕྱིན་ཁང་པ་བརྡིབས་ཀྱང་བསྐྱར་སྐྲུན་བྱེད་ཆོག་པ་དང་ལས་གང་ལས་ཀྱང་རེ་བ་ཡོད”ཅེས་སེམས་བཟང་ཚིག་ནན་ངང་གསུངས།
ཀྲུའུ་ཞིའི་ཐུགས་ཁུར་གཟབ་བཞེས་མཚོན་པའི་བཀའ་མོལ་ལས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སེམས་གསོ་ཆེན་པོ་བྱང་། “ང་ཚོའི་འདི་གར་དགུན་ཁ་ཁ་བ་ཆེན་པོ་བབས་པ་དང་དབྱར་ཁ་འདམ་རྡོའི་ཆུ་རུད་ཐོན་པ་མ་ཟད། ད་དུང་རྡོ་རིལ་བའི་ཉེན་ཁ་ཡང་ཡང་འཕྲད་སྟབས་ཚང་མ་བདེ་འཇགས་ལྡན་པའི་སར་སྡོད་འདོད་ཆེན་པོ་ཡོད”ཅེས་གྲོང་མི་གཅིག་གིས་སེམས་ནང་གི་སྐད་ཆ་བཤད།
རོང་ཤར་གྲོག་རོང་གི་བྲག་རྡོ་འགུལ་བ་དང་ས་གཤིས་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད་སྟབས་ཚང་མ་གནས་སྤོ་བྱ་རྒྱུའི་ལས་དོན་དེ་སྔ་ས་ནས་གྲ་སྒྲིག་བྱེད་ཀྱི་ཡོད་མོད། འོན་ཀྱང་གྲོང་མི་ཕ་ཡུལ་ལས་བྲལ་དཀའ་སྟབས་རེ་ཞིག་འཕེལ་རིམ་གང་ཡང་བྱུང་མེད། ད་ཐེངས་ས་ཡོམ་བརྒྱབ་མཐར་གྲོང་མི་ཚོས་སེམས་ཐག་བཅད་པ་རེད།
བློ་བཟང་རྒྱལ་མཚན་གྱིས་མང་ཚོགས་ཀྱི་ཡོང་འབབ་འབྱུང་ཁུངས་རེ་རེ་བཞིན་རྩིས་བསྐྱོན་པ་དང་མང་ཚོགས་ཀྱི་འཚོ་བ་མཁྱེན་རྟོགས་ཞིབ་ཕྲ་གནང་། ཁོང་གིས་བདེ་སྡོད་བྱེད་དགོས་ལ་དེ་བས་ལས་བརྩོན་བྱེད་དགོས། དཀའ་ངལ་ནི་གནས་སྐབས་ཙམ་ཡིན་པས་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པས་གནོད་འཚེ་ཕོག་པའི་མང་ཚོགས་དེ་བས་བདེ་འཇགས་དང་དེ་བས་སྐྱིད་སྣང་དོད་པ་དང་ས་ཡོམ་མ་བརྒྱབ་གོང་གི་འཚོ་བ་ལས་ཀྱང་དེ་བས་སྐྱིད་པ་ཞིག་སྐྱེལ་རྒྱུ་ཡོང་ངེས་རེད་ཅེས་གསུངས།
ཆུ་བ་དགོན་པའི་གྲྭ་ཤག་དང་། ལྕགས་རི། ལྷ་ཁང་གཙོ་བོ་བཅས་རྡིབ་ནས་གཏོར་སྐྱོན་ཆེན་པོ་ཕོག་ཡོད། ཚམ་མོ་ཆེན་གྲོང་ཚོའི་ཁང་པ་68ལ་གཏོར་སྐྱོན་ཕོག་པ་དང་རི་རྒྱབ་ཀྱི་ས་རྡོ་སོབ་སོབ་ཆགས་ནས་སྔར་བཞིན་རྡོ་རིལ་གྱི་ཡོད། སྟག་ཚང་གྲོང་ཚོའི་ཁང་པ་ཕྱེད་ཀ་ཙམ་རྡིབ་པ་དང་གཞན་དག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། འགྲོ་ལམ་དང་། འཕྲིན་གཏོང་། སྤྱི་པའི་ཞབས་ཞུའི་སྒྲིག་ཆས་བཅས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཅིང་། བློ་བཟང་རྒྱལ་མཚན་གྱིས་ཉེན་ཁར་མ་འཛེམས་པར་ཞིག་རོའི་སྟེང་གང་སར་ཕེབས་ནས་ཕྱི་ནང་ཚང་མར་ཞིབ་ཕྲ་གཟིགས་པ་རེད།
དཔུང་སྡེའི་དཔོན་དམག་དང་དྲག་ཆས་ཉེན་རྟོག་འཐབ་འཛིང་པ་མདུན་དུ་བསྐྱོད་ནས་ནུས་ཤུགས་ཡོད་རྒུས་གེགས་སེལ་བྱས། རྫོང་དང་ཤང་གི་ལས་བྱེད་པས་ཉིན་ཤས་བསྟུད་མར་འབད་འཐབ་བྱས་ཀྱང་སྔར་བཞིན་སྙིང་སྟོབས་ཆེ་བ་དང་བསམ་པའི་ཉམས་འགྱུར་ཡག་པོ་ཡོད། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིས་གྲོང་མི་སྣེ་ཁྲིད་དེ་རང་སྐྱོབ་ཧུར་ཐག་བྱས་ནས་གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་འདོན་སྤེལ་བྱས་པ་དང་སྒུལ་བདེ་འཕྲིན་གཏོང་ཀུང་སིས་དུས་བདེ་སྙན་ཞུའི་ཁ་པར་ས་ཚིགས་བཙུགས་ནས་འཕྲིན་གཏོང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཐོག་གེགས་ཁུལ་གྱི་མི་དམངས་ལ་ནུས་ཤུགས་ཡོད་རྒུས་ཞབས་ཞུ་བྱས་པ་རེད། འཕྲོད་བསྟེན་རིམས་འགོག་ལས་དོན་པས་ཁྱོན་ཡོངས་ནས་དུག་སེལ་བྱས་ཏེ་འཕྲོད་བསྟེན་བདེ་འཇགས་འགན་ལེན་བྱས་པ་དང་བློ་བཟང་རྒྱལ་མཚན་གྱིས་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་པའི་བློ་མཐུན་ཚང་མར་འཚམས་འདྲི་གནང་བ་དང་ཁོང་ཚོར་ཐུགས་རྗེ་ཆེ་ཞུས་པ་རེད།
རོང་ཤར་སློབ་ཆུང་བཀོད་སྒྲིག་ས་ཚིགས་ཀྱི་སློབ་ཚན་སླར་གསོ་བྱས་ནས་ཉིན་གསུམ་སོང་བ་དང་བློ་བཟང་རྒྱལ་མཚན་གྱིས་སློབ་ཁང་དང་ཟ་ཁང་དུ་ཕེབས་ནས་སློབ་མའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ལོ་རིམ་དྲུག་པའི་སློབ་ཁང་ནང་སློབ་ཕྲུག་ཚོས་རྒྱ་ཡིག་སློབ་ཚན་འཚོག་བཞིན་ཡོད་པ་དང་བློ་བཟང་རྒྱལ་མཚན་གྱིས་གཞོགས་གཅིག་ཏུ་བཞུགས་ནས་ནན་ཏན་ངང་སློབ་ཚན་གསན། ཁོང་གིས་སློབ་ཕྲུག་ཚོར“ས་ཡོམ་རྒྱག་སྐབས་ཞེད་སྣང་སྐྱེས་བྱུང་ངམ”ཞེས་བཀའ་འདྲི་གནང་བར་ལོ་13ལ་སླེབས་པའི་ཐུབ་བསྟན་སྐལ་བཟང་གིས་མགྲིན་པ་བརྣངས་བཞིན་དུ“ཞེད་བྱུང”ཞེས་ཞུས། བློ་བཟང་རྒྱལ་མཚན་གྱིས་སླར་ཡང“ནང་སའི་བོད་ལྗོངས་འཛིན་གྲྭ་དང་སློབ་གྲྭ་ཆེ་མོར་འགྲོ་འདོད་འདུག་གམ”ཞེས་བཀའ་འདྲི་གནང་བར་ཐུབ་བསྟན་སྐལ་བཟང་གིས་སྐད་ཤུགས་ཆེན་པོ“འགྲོ་འདོད་འདུག”ཅེས་ཞུས། ཁོང་གིས“སློབ་གྲོགས་ཚོ་ཁྱེད་ཚོས་ད་ཐེངས་ཀྱི་གེགས་བར་ཉམས་མྱོང་དེ་མི་ཚེའི་རྒྱུ་ནོར་ཞིག་ཏུ་བརྩི་བ་དང་ཏང་དང་སྲིད་གཞུང་གིས་ཁྱེད་ཚོར་ཐུགས་ཁུར་གནང་བ་དེ་སློབ་སྦྱོང་བྱེད་པའི་སྒུལ་ཤུགས་སུ་བརྩིས་ནས་སློབ་སྦྱོང་ལ་དགའ་ཞེན་དང་ཏང་དང་། རྒྱལ་ཁབ། སྤྱི་ཚོགས་རིང་ལུགས། ཕ་ཡུལ་བཅས་ལ་དགའ་ཞེན་ཆེ་བའི་སློབ་མ་བཟང་པོ་ཞིག་བྱས་ཐོག་འབད་འབུངས་ཆེར་སྐྱེད་ཀྱིས་ཆེན་པོ་ཆགས་རྗེས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ཡག་པོ་བྱེད་དགོས”ཞེས་གསུངས་པ་རེད།
འཚམས་འདྲི་གནང་རིང་བློ་བཟང་རྒྱལ་མཚན་གྱིས་གནོད་འཚེར་སྙིང་རྗེ་མེད་ཀྱང་མི་ལ་བརྩེ་སེམས་ལྡན་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་། རླབས་ཆེན་མེས་རྒྱལ་གྱི་སྲ་བརྟན་འགྱུར་མེད་ཀྱི་རྒྱབ་རྟེན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། སྤྱི་ཚོགས་ཡོངས་ཀྱི་གཅེས་སེམས་མཚོན་པའི་ལེགས་སྐྱེས། གེགས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་སྟོབས་རང་སྤེལ་དང་ཞུམ་པ་མེད་པའི་འབད་འབུངས་བཅས་ཡོད་སྟབས་ཡོམ་འགོག་གེགས་སེལ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པར་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།
ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་བ་དང་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་ནས་གེགས་ཁུལ་མང་ཚོགས་ལ་རྟེན་ས་ཡོད་པ་དང་སེམས་རྣལ་དུ་ཕབ་པ་བྱུང་ཐོག་སྔར་བས་ཡིད་ཆེས་འཕེལ་བ་རེད།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣