ཟླ་4ཚེས་30ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་སྐྱིད་གྲོང་གྲོང་རྡལ་ནས་ར་ཟུར་ཟམ་པ་བར་གྱི་གཞུང་ལམ་དུམ་བུ་ཉིལ་བ་ཤར་གཏོང་ལས་དོན་གྱི་འཕེལ་རིམ་གནས་ཚུལ་ལ་གཟིགས་ཞིབ་དང་། སློབ་གྲྭ་དང་། དགོན་སྡེ། མཐའ་སྲུང་མངགས་གཏོང་ཁང་བཅས་ལ་འཚམས་འདྲི། ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ་བཅས་ལ་གཟིགས་པ་མ་ཟད། སྐྱིད་གྲོང་རྫོང་གི“4·25” ཡོམ་འགོག་གེགས་སེལ་ལས་དོན་ཚོགས་འདུ་འཚོགས་ནས་སྐྱིད་གྲོང་ཕྱོགས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་ཐད་བཀོད་སྒྲིག་གནང་བ་རེད།
ས་ཡོམ་གྱི་ཤུགས་རྐྱེན་ཕོག་ནས་སྐྱིད་གྲོང་གྲོང་རྡལ་ནས་ར་ཟུར་ཟམ་པ་བར་གྱི་གཞུང་ལམ་སྤྱི་ལེ་8ཀྱི་སར་གཞི་ཁྱོན་ཆེ་བའི་རི་ཉིལ་བའི་དབང་གིས་གཞུང་ལམ་ཆད་ཡོད། མཁའ་ཐོག་ནས་རོགས་སྐྱོབ་བྱས་པ་བརྒྱུད་ཉེན་གྱར་མང་ཚོགས་ཚང་མ་སྐྱིད་གྲོང་གྲོང་རྡལ་དུ་གནས་སྤོ་བཀོད་སྒྲིག་བྱས་ཤིང་། ད་ཆ་འབྲེལ་ཡོད་སྟོབས་ཤུགས་སྤྱད་ནས་གཞུང་ལམ་ཤར་གཏོང་གི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། བློ་བཟང་རྒྱལ་མཚན་གཞུང་ལམ་ཤར་གཏོང་བྱ་ཡུལ་དུ་ཕེབས་ནས་གཞུང་ལམ་གྱི་གནོད་འཚེ་ཕོག་ཚུལ་ལ་གཟིགས་ཞིབ་དང་ལམ་དུམ་ཉིལ་བ་ཤར་གཏོང་ལས་དོན་གྱི་འཕེལ་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ས་གནས་ས་ཐོག་ཏུ་བཀོད་འདོམས་བྱེད་བཞིན་པའི་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེའི་ཉིང་ལག་རུ་ཁག་བཞི་པ་དང་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ནེ་པ་ལའི་ས་ཡོམ་དྲག་པོ་དང་ཡོམ་འཕྲོའི་ཤུགས་རྐྱེན་ཐེབས་ནས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་200ལྷག་ཙམ་ཟིན་པའི་རི་ཉིལ་ནས་གཞུང་ལམ་འགག་པ་མ་ཟད། འཁྱིལ་མཚོ་ཆགས་ཡོད། རི་ཉིལ་བའི་གཞི་ཁྱོན་ཆེ་བ་དང་། ལས་སྒྲུབ་ཁོར་ཡུག་གུ་དོག་པ། ཁོར་ཡུག་རྙོག་འཛིང་ཆེ་བ་བཅས་ཀྱི་དབང་གིས་གཞུང་ལམ་ཤར་གཏོང་གི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད།
འགྲིམ་འགྲུལ་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ས་གཤིས་རྩད་ཞིབ་སྡེ་ཚན་དང་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེ་དང་མཉམ་དུ་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཟིན་པ་དང་སྔོན་དཔག་ལྟར་ན་གཟའ་འཁོར་གཉིས་ཀྱི་གཡས་གཡོན་དུ་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད། འཁྱིལ་མཚོའི་ཉེན་ཁ་གཞི་རྩའི་ཆ་ནས་གཞི་ལྷོད་དུ་ཕྱིན་པ་དང་གཞུང་ལམ་ཤར་གཏོང་གི་ཇུས་གཞི་བཟོས་ཟིན་པ་མཁྱེན་རྗེས་བློ་བཟང་རྒྱལ་མཚན་གྱིས་གཞུང་ལམ་ཤར་གཏོང་གི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་འགྲིམ་འགྲུལ་དཔུང་སྡེའི་དཔོན་དམག་དང་ལས་བྱེད་ལས་བཟོར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། བློ་མཐུན་ཚོས་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་། ཕྱར་བ་གྲུ་འདེགས། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཅས་བྱས་ཏེ་དུས་ཚོད་དང་མྱུར་ཚད་དམ་འཛིན་ངང་སྐམ་ལམ་ཤར་གཏོང་འགན་ལེན་བྱེད་དགོས་པ་དང་ཆབས་ཅིག་ཞོར་སྐྱོན་ལ་དོགས་ཟོན་ནན་པོ་བྱས་ནས་ཤར་གཏོང་བདེ་འཇགས་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་སློབ་མའི་སློབ་སྦྱོང་དང་འཚོ་བར་ཐུགས་ཁྲལ་ཆེན་པོ་གནང་ཞིང་། སྐྱིད་གྲོང་གྲོང་རྡལ་ཆ་ཚང་སློབ་ཆུང་དུ་བློ་བཟང་རྒྱལ་མཚན་གྱིས་སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་ནང་ཕེབས་ནས་ཁང་པར་གནོད་འཚེ་ཕོག་པའི་གནས་ཚུལ་ལ་གཟིགས་པ་དང་སློབ་ཁྲིད་སླར་གསོའི་ལས་དོན་བཀའ་འདྲི་གནང་བ་རེད། ཁོང་གིས་ཡུལ་བབ་དང་བསྟུན་པ་དང་ཐག་ཉེ་ས་དང་སྟབས་བདེ་སར་བཀོད་སྒྲིག་ཡག་པོ་བྱས་ནས་གང་མགྱོགས་སློབ་ཁྲིད་སླར་གསོ་བྱས་ཏེ་སློབ་མ་ཚོ་སློབ་ཚན་ཡག་པོ་ཉན་ཐུབ་པ་དང་། མི་ལྟོགས་པ། མི་འཁྱག་པ་བཅས་ཀྱི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། དེ་རྗེས་བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཁབ་རིག་དངོས་སྲུང་སྐྱོབ་ཚན་པ་འཕགས་པ་དགོན་གྱི་གནོད་འཚེའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པར་གཟིགས་པ་རེད།
སྐྱིད་གྲོང་རྫོང“4·25”ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་རུ་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་གོམ་སྟབས་རྗེས་མའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་གེགས་སེལ་ལས་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ཏེ་གསར་གཏོད་རང་བཞིན་ངང་ལས་དོན་སྤེལ་བ་དང་། སྤྱི་འདོམས་དང་ཕྱོགས་ཡོངས་ལ་ལྟ་རྟོག གཙོ་གནད་མངོན་གསལ་དོད་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྔར་བས་བཀོད་སྒྲིག་ཡག་པོ་བྱེད་པ་དང་མང་ཚོགས་རང་སྐྱོབ་དང་ཕན་ཚུན་རོགས་སྐྱོབ་དང་སྲིད་གཞུང་གི་རོགས་སྐྱོབ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱར་བ་གྲུ་འདེགས་ངང་དཀའ་གནད་ལས་སྒྲོལ་དགོས། རྨས་མ་དང་ནད་པ་སྨན་བཅོས་དང་འཕྲོད་བསྟེན་རིམས་འགོག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། གྲོང་ཚོ་དང་དུད་ཚང་རེ་རེ་བཞིན་ལ་སྐྱོད་དེ་རྒྱུན་ཐོན་ནད་གཞི་སྐོར་སྐྱོད་སྨན་བཅོས་དང་སེམས་གསོ་གཏོང་བ། བཟའ་བཏུང་འཕྲོད་བསྟེན་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་འགན་ལེན་ནུས་ལྡན་བྱེད་དགོས། ཞོར་སྐྱོན་ཐོན་རྒྱུར་སྔར་བས་དོགས་ཟོན་ནན་པོ་དང་སྣང་མེད་ལྷོད་གཡེང་གཏན་ནས་མི་བྱེད་པར་ཞོར་སྐྱོན་གྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ལ་གནོད་འཚེ་དང་རྒྱུ་ནོར་ལ་གྱོང་གུན་མི་ཕོག་པ་བྱེད་དགོས། གནོད་འཚེ་ཕོག་པའི་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་གྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་སྟེ་ཡིད་ཆེས་ཆེ་རུ་དང་མི་སེམས་གོང་བུར་འགྲིལ་བ་བྱེད་དགོས། ཡོམ་འགོག་གེགས་སེལ་ལས་དོན་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་གཅིག་གྱུར་བཀོད་འདོམས་དང་། འགན་འཁྲི་ཁ་གསལ། གཞོགས་འདེགས་དམ་ཟབ། དཔེ་སྟོན་སྣེ་ཁྲིད་བཅས་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་མཉམ་ཤུགས་ཧ་ཅང་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།