དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ས་ལེ་ཤང་དང་སྐྱིད་གྲོང་གྲོང་རྡལ་གྱི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་གྱི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

  •     སྤེལ་དུས།  2015-05-02

    168201_yis_1430453317618.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་ས་ལེ་ཤང་གི་གནས་སྐབས་སྦྲ་གུར་སློབ་གྲྭར་གེགས་བར་རྗེས་ཀྱི་སློབ་མའི་སློབ་སྦྱོང་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བའི་གནས་ཚུལ་ཡིན་པ།

    ཟླ་4ཚེས་29ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ས་ལེ་ཤང་དང་སྐྱིད་གྲོང་གྲོང་རྡལ་གྱི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་དུ་ཕེབས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཁོང་གིས་སྤྱི་འདོམས་སྐུལ་འདེད་དང་རིགས་དབྱེའི་མཛུབ་ཁྲིད་བྱས་ཏེ་ཉེན་སྐྱོབ་གེགས་སེལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་པ་དང་དུས་མཚུངས་གེགས་རྗེས་བསྐྱར་སྐྲུན་གྱི་དུས་འགོའི་ལས་དོན་ཁག་གང་མགྱོགས་ངང་སྤེལ་ནས་ཁྱིམ་གཞིས་དེ་བས་བདེ་འཇགས་དང་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་ཐོག་གནོད་འཚེ་ཕོག་པའི་མང་ཚོགས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    མཐའ་མཚམས་སུ་གནས་པའི་ས་ལེ་ཤང་ནི་སྐྱིད་གྲོང་རྫོང་གི་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་ཤང་གྲོང་གྲས་ཤིག་ཡིན་པ་དང་ཤང་དེ་ཡོངས་ཀྱི་ཁང་པ་95%ཡན་ལ་གཏོར་སྐྱོན་ཕོག་ཡོད། བློ་བཟང་རྒྱལ་མཚན་དང་བཅས་པས་འདམ་རྫབ་རློན་འདྲེད་དང་འབར་འབུར་ཀྱག་ཀྱོག་གི་རི་ལམ་བརྒྱུད་དཀའ་ཚེགས་ཆེན་པོས་མདུན་དུ་ཕེབས་པ་དང་རླངས་འཁོར་བཏང་ནས་ཆུ་ཚོད་2ཙམ་རིང་ལ་ཐོག་ལ་བརྒལ་ནས་སྔ་རྗེས་སུ་ཁ་སྤང་གྲོང་ཚོ་དང་། ཀོ་པ་གྲོང་ཚོ། ས་ལེ་གྲོང་ཚོ་བཅས་སུ་ཕེབས་ནས་སྦྲ་གུར་དང་སློབ་གྲྭའི་ནང་སྨན་བཅོས་དང་གེགས་བར་གནས་ཚུལ་ལ་གཟིགས་ཏེ་དཀའ་སྡུག་རྩད་འདྲི་གནང་བ་རེད། འཚམས་འདྲི་གནང་ཡུལ་གྱི་གྲོང་ཚོའི་ཁང་པ་ཚང་མར་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཅིང་། ལ་ལར་གྱང་ཡོངས་སུ་ལོག་ཡོད་པ་དང་ལ་ལའི་ནང་ངོས་ཀྱི་གྲུབ་ཆར་གཏོར་སྐྱོར་ཚབས་ཆེན་ཕོག་ཡོད་པ་རེད། བློ་བཟང་རྒྱལ་མཚན་གྱིས་འདམ་རྫབ་ཀྱིས་ཁེངས་པའི་ལམ་ཆུང་བརྒྱུད་གཏོར་སྐྱོན་ཕོག་པའི་ཁང་པ་རེ་རེ་བཞིན་དུ་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲ་གཟིགས་པ་རེད།

    ས་ཡོམ་བརྒྱབ་རྗེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང“གཉིས་ལྡན་དུད་སྦྲེལ”སྣེ་ཁྲིད་དེ་འཕྲལ་མར་མང་ཚོགས་སྒྲིག་འཛུགས་ཀྱིས་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་བྱས་པ་དང་འབྲེལ་གནོད་འཚེ་ཕོག་པའི་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་དཀའ་ངལ་ཁྱད་བསད་བྱས་པ་རེད། བློ་བཟང་རྒྱལ་མཚན་གྱིས་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་བྱམས་བརྩེའི་གླེང་མོལ་གནང་བ་དང་ཁོང་ཚོས་ལས་དོན་ཏན་ཏིག་སྤེལ་བར་ཁས་ལེན་གང་ལེགས་གནང་ཐོག་རྒྱ་ཆེའི་གྲོང་ཚོའི་བཅའ་སྡོད་ལས་བྱེད་པས་མུ་མཐུད་མང་ཚོགས་ཀྱི“རྐང་འཛིན་པ”དང“སྙིང་ཉེ་བ”ཡག་པོ་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ་དང་སྔ་ཕྱི་བར་གསུམ་དུ་གནོད་འཚེ་ཕོག་པའི་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། སེམས་པ་གཅིག་སྦྲེལ་བཅས་བྱེད་དགོས། གནོད་འཚེ་ཕོག་པའི་མང་ཚོགས་ལ་དྲིལ་བསྒྲགས་དང་། སློབ་གསོ། སྐུལ་ཁྲིད་བཅས་ཡག་པོ་བྱས་ནས་སེམས་གསོ་ཡག་པོ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་ཡིད་ཆེས་ཆེ་རུ་བཏང་ཐོག་ཐོན་སྐྱེད་དང་གེགས་སེལ་གཉིས་ཀར་འཐུས་ཤོར་མི་འགྲོ་བ་བྱེད་དགོས་པའི་སྐུལ་མ་གནང་བ་རེད།

    སྐྱིད་གྲོང་གྲོང་རྡལ་དུ་ཕྱིར་ལོག་བྱས་རྗེས་བློ་བཟང་རྒྱལ་མཚན་གྱིས་བྲེལ་བརྩོན་ཆེན་པོས་གནོད་འཚེ་ཚབས་ཆེན་ཕོག་པའི་གནས་གྲོང་ཚོ་དང་གྲ་གྲོང་ཚོའི་གེགས་བར་གནས་ཚུལ་ལ་གཟིགས་ཞིབ་གནང་ནས་མང་ཚོགས་བཀོད་སྒྲིག་བྱས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་ནང་མིར་གཟིགས་རྗེས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ད་དུང་སྐྱིད་གྲོང་གྲོང་རྡལ་གྱི་བཀོད་སྒྲིག་ས་ཚིགས་སུ་གནས་སྤོ་དང་བཀོད་སྒྲིག་འོས་འཚམ་བྱས་པའི་ནེ་པ་ལར་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་ལས་བཟོ་ཚང་མར་གཟིགས་པ་དང་ཁོང་ཚོ་ཁྱིམ་དུ་ལོག་པར་དགའ་བསུ་ཞུས་པ་རེད། བློ་བཟང་རྒྱལ་མཚན་གྱིས་ད་ཐེངས་ཀྱི་ཡོམ་འགོག་གེགས་སེལ་དང་ཁྱེད་ཚོ་བདེ་འཇགས་ལྡན་པའི་ངང་གནས་སྤོ་ཐུབ་པ་དེ་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་གང་ལེགས་མཚོན་པ་དང་རླབས་ཆེན་མེས་རྒྱལ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་སྐྱབས་བཅོལ་ཡུལ་ཡིན་པ་གང་ལེགས་མཚོན་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་ཆོད་སེམས་དང་ཡིད་ཆེས་བརྟན་པོ་ཡོད་ལ་ཡོམ་འགོག་གེགས་སེལ་གྱི་དམག་འཐབ་དེར་རྒྱལ་ཁ་ཐོབ་པའི་ནུས་པའང་ཡོད་པས་ཁྱེད་ཚོ་བློ་བདེ་པོ་གྱིས་ཤིག་ཅེས་གསུངས་པས་རྒྱལ་ནང་དུ་ལོག་པའི་ལས་བཟོར་སྐུལ་མ་ཟབ་མོ་ཐེབས་ནས་མེས་རྒྱལ་ཁྲི་ལོར་བརྟན་པ་ཤོག་ཅེས་སྐད་གསང་མཐོན་པོས་འབོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།