དབུ་ཤོག>སྲིད་དོན།
  • ས་གནས་ས་ཐོག་ཏུ་གནོད་འཚེ་ཕོག་ཚུལ་ལ་གཟིགས་ཞིབ་དང་ཡོམ་འགོག་གེགས་སེལ་ལས་དོན་ལ་མཛུབ་སྟོན་གནང་བ་དང་སྦྲགས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-01

    167754_yis_1430367448097.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་སྐྱིད་གྲོང་རྫོང་བྲག་སྣེ་ཤང་ཁ་ལྡན་གྲོང་ཚོའི་གྲོང་མི་པད་མའི་ཁྱིམ་དུ་གནོད་འཚེ་ཕོག་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བའི་གནས་ཚུལ་ཡིན་པ།

    ཟླ་4ཚེས་28ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་སྐྱིད་གྲོང་རྫོང་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་གནོད་འཚེ་ཕོག་ཚུལ་ལ་གཟིགས་ཞིབ་དང་ཡོམ་འགོག་གེགས་སེལ་ལས་དོན་ལ་མཛུབ་སྟོན་གནང་བ་དང་སྦྲགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་གནོད་འཚེ་ཕོག་པའི་རྒྱ་ཆེའི་མང་ཚོགས་རྣམས་ལ་ལྷག་བསམ་དག་པའི་འཚམས་འདྲི་དང་ཡོམ་འགོག་གེགས་སེལ་གྱི་འཐབ་ཕྱོགས་དང་པོར་འབད་འབུངས་བྱེད་བཞིན་པའི་ལས་བྱེད་མང་ཚོགས་དང་། མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    སྐྱིད་གྲོང་གྲོང་རྡལ་མ་དགའ་གྲོང་ཚོར་བློ་བཟང་རྒྱལ་མཚན་གྱིས་གནོད་འཚེ་ཚབས་ཆེན་ཕོག་པའི་དུད་ཚང་རེ་རེའི་ཁང་པའི་མདུན་དུ་ཕེབས་ནས་གྱོང་གུན་ཕོག་ཚུལ་དང་མི་སྣ་གནས་སྤོ་བཀོད་སྒྲིག་བྱས་ཚུལ་མཁྱེན་རྟོགས་གནང་ཞིང་། གྲོང་ཚོའི་ཀྲུའུ་རེན་སྲི་ཐར་གྱིས་ང་ཚོའི་གྲོང་ཚོའི་དུད་ཚང་ཚང་མར་ཚད་མི་འདྲ་བའི་གྱོང་གུན་ཕོག་ཀྱང་མི་སྣ་གཅིག་ཀྱང་ཤི་རྨས་བྱུང་མེད། ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་གཉིས་པར་རས་མཐུག་པོས་བཟོས་པའི་གུར་མང་པོ་ཕུབ་པས། ད་ཆ་གྲོང་ཚོའི་དུད་ཚང་76ཚང་མ་བཀོད་སྒྲིག་ཡག་པོ་ཐུབ་ཡོད་ཅེས་ཞུས་པ་གསན་རྗེས་བློ་བཟང་རྒྱལ་མཚན་གྱིས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚང་མར་མྱུར་ལ་ནུས་ལྡན་གྱི་རོགས་སྐྱོབ་ཐོབ་པ་མཁྱེན་སྐབས་ཐུགས་བློ་བདེ་པོ་བྱུང་བ་རེད། མ་དགའ་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་གེགས་སེལ་རས་གུར་གྲལ་འགྲིག་པོར་ཕུབ་པ་ནས་མེ་ཐབ་ཀྱི་དུ་བ་ལྷོག་ལྷོག་ཏུ་འཕྱུར་གྱིན་ཡོད། བློ་བཟང་རྒྱལ་མཚན་གྱིས་རས་གུར་ཞིག་གི་མདུན་དུ་ཕེབས་ནས་སླ་ངའི་ཁ་གཅོད་ཕྱེ་ནས་གཟིགས་སྐབས་ཟས་ཞིམ་གྱི་དྲི་བསུང་ཐུལ་གྱི་ཡོད་ཅིང་། རས་གུར་ནང་དུ་ལོ་93ལ་སླེབས་པའི་རྒད་པོ་ནོར་བུ་བཀྲ་ཤིས་ཀྱིས་ཉལ་ཆས་མཐུག་པོ་ཞིག་གྱོན་ནས་ངལ་གསོ་རྒྱག་བཞིན་ཡོད་ཅིང་། བློ་བཟང་རྒྱལ་མཚན་གྱིས་ཉལ་ཁྲིའི་མདུན་དུ་ཕེབས་ནས་རྒད་པོའི་ལག་ནས་འཇུས་ཏེ་དབུ་ཐོད་གཏུགས་གཏུགས་གནང་བཞིན་དཀའ་ལས་ཁག་བྱུང་ངམ་ཞེས་འཚམས་འདྲི་ཞུས་པར་རྒད་པོ་ནོར་བུ་བཀྲ་ཤིས་ཀྱིས་སེམས་འགུལ་ཐེབས་བཞིན་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གལ་སྲིད་སྤྱི་ཚོགས་རྙིང་པ་ཡིན་ཚེ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཇི་ཙམ་ཕོག་ཀྱང་དོ་ཁུར་བྱེད་མཁན་མེད། ད་ཆ་ཁྱིམ་དུ་གནོད་འཚེ་ཕོག་ཀྱང་ང་ཚོའི་འཚོ་བར་རོགས་སྐྱོབ་ཡག་པོ་ཐོབ་པས་སེམས་པ་ཧ་ཅང་དགའ་པོ་བྱུང་ཞེས་བཤད་པ་རེད། བློ་བཟང་རྒྱལ་མཚན་གྱིས་དཀའ་ངལ་ནི་གནས་སྐབས་ཙམ་ཞིག་ཡིན། ཏང་དང་སྲིད་གཞུང་གིས་དུད་ཚང་གཅིག་དང་མི་གཅིག་ཀྱང་མ་ལུས་པར་དོ་ཁུར་རོགས་སྐྱོབ་བྱེད་ངེས་ཡིན་ཞེས་སེམས་གསོ་གནང་བ་རེད། དེ་རྗེས་བློ་བཟང་རྒྱལ་མཚན་གྱིས་བསོད་ནམས་དབང་མོ་དང་ཕུར་སྒྲོན་གཉིས་ཀྱི་ཁྱིམ་དུ་སྔ་རྗེས་སུ་ཕེབས་ནས་ཉལ་ཆས་དང་དངོས་ཟོག་སོགས་ལ་གཟིགས་བཤེར་གནང་བ་དང་སྦྲགས་ཁོང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཚོའི་བསམ་ཚུལ་མཁྱེན་རྟོགས་གནང་བ་རེད། བསོད་ནམས་དབང་མོ་དང་ཕུར་སྒྲོན་གྱིས་ཀྲུའུ་ཞིར་ད་ཆ་ལྟོ་གོས་ཐད་སེམས་ཁྲལ་བྱེད་དགོས་ཀྱི་མིན་འདུག གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་རྟག་ཏུ་ཕེབས་ཀྱི་འདུག་ཅེས་ཞུས་པ་རེད། བློ་བཟང་རྒྱལ་མཚན་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོར་མང་ཚོགས་ཚོས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཚོས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་ཞོར་ཡོམ་འགོག་གེགས་སེལ་ལས་དོན་འདི་ཉིད་མང་ཚོགས་ལམ་ཕྱོགས་ལག་ལེན་གཏིང་ཟབ་བྱེད་པའི་སློབ་ཚན་དང་པོར་བརྩིས་ནས་མང་ཚོགས་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བར་བྱེད་དགོས་ཞེས་མངགས་བཅོལ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ཕེབས་པ་ཤེས་རྗེས་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཚང་མ་མཉམ་དུ་རུབ་རུབ་བྱས་ནས་འཚང་ཁ་ཤིག་ཤིག་ངང་ད་ཆ་ང་ཚོར་དཀའ་ངལ་མི་འདུག ཚང་མ་ཏང་དང་སྲིད་གཞུང་གི་དྲིན་ཡིན་ཞེས་དང་། མ་འོངས་བའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་སོགས་ཏང་དང་སྲིད་གཞུང་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཁྱེད་རང་ཚོར་ས་ཡོམ་གྱི་གནོད་འཚེ་ཕོག་པ་མཐོང་རྗེས་ངའི་སེམས་པ་འདི་ལྗིད་ཏིག་ཏིག་ཅིག་ཏུ་གྱུར་མོད། ཡིན་ན་ཡང་ཁྱེད་རང་ཚོ་བཀོད་སྒྲིག་འོས་འཚམ་བྱུང་ནས་བསམ་པའི་ཉམས་འགྱུར་ཡང་ཡག་པོ་ཡོད་པ་མཐོང་བས་ངའི་སེམས་པ་ཅུང་ལྷོད་དུ་སོང་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།