ཟླ་4ཚེས་28ཉིན་གྱི་དགོང་མོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་གནོད་འཚེ་ཕོག་ཁུལ་དུ་ཕེབས་ནས་གནོད་འཚེ་དང་ཡོམ་འགོག་གེགས་སེལ་སྐོར་གྱི་ལས་དོན་ཁག་བཀོད་སྒྲིག་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས། གནོད་འཚེ་ཕོག་པའི་མང་ཚོགས་དང་དེ་བཞིན་ཡོམ་འགོག་གེགས་སེལ་གྱི་འཐབ་ཕྱོགས་དང་པོར་འབད་འབུངས་བྱེད་བཞིན་པའི་རྒྱ་ཆེའི་དཔོན་དམག་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག ལས་བྱེད་མང་ཚོགས་བཅས་ལ་གཟིགས་ཤིང་། འདི་ནི་བློ་བཟང་རྒྱལ་མཚན་གྱིས་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་མ་དགའ་གྲོང་ཚོར་གནོད་འཚེའི་གནས་ཚུལ་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།
ཚེས་28ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན“4·25”ཡོམ་འགོག་གེགས་སེལ་མདུན་ཕྱོགས་བཀོད་འདོམས་པུའུ་རུ་ཕེབས་ནས་གནོད་འཚེའི་གནས་ཚུལ་དང་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྒྲུབ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་མདུན་ཕྱོགས་བཀོད་འདོམས་པུའི་བློ་མཐུན་ཡོངས་ལ་གཟིགས་པ་དང་འཚམས་འདྲི་ཞུས་ཏེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་ད་རེས་ས་ཡོམ་གྱི་གནོད་འཚེ་ཕོག་ཚད་རྒྱ་ཆེ་བ་དང་། གནོད་འཚེ་ཚབས་ཆེ་བ། ཡོམ་འཕྲོ་རྒྱུན་མི་ཆད་པ། གེགས་ཁུལ་ཁ་ཐོར་ཡིན་པ་སོགས་གནོད་འཚེའི་གནས་ཚུལ་བསམ་ཚོད་ལས་འདས་པས་རོགས་སྐྱོབ་དཀའ་ཚད་ཉེ་བའི་ལོ་ཤས་རིང་གི་ས་ཡོམ་གང་རུང་ཞིག་ལས་ཀྱང་ཆེ་བ་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་དེ་འགག་རྩའི་དུས་མཚམས་སུ་སླེབས་ནས་མདུན་ཕྱོགས་བཀོད་འདོམས་པུའུ་དང་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་ཡོམ་འགོག་གེགས་སེལ་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ཁག་གཞིར་བཟུང་། མི་རྩ་བར་འཛིན་རྒྱུ་མངོན་གསལ་དོད་པ་དང་བློས་གཏོང་ག་ཚོད་བྱེད་དགོས་བྱུང་ཡང་ཡོམ་འགོག་གེགས་སེལ་ལས་དོན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་མ་བཏང་སྟེ་ཉེན་སེལ་གེགས་སེལ་གྱི་དུས་མཚམས་དང་པོར་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་བྱེད་དགོས།
གཅིག་ནི་མི་གཞི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། མི་སྐྱོབ་བཅོས་བྱ་རྒྱུ་དེ་འཕྲལ་དུ་སྒྲུབ་དགོས་པའི་ལས་ཀར་བརྩིས་ནས་སློབ་གྲྭ་དང་། སྨན་ཁང་། གྲོང་ཚོ་སོགས་གནས་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་གནོད་འཚེ་ཕོག་ཁུལ་ཤང་དང་། གྲོང་ཚོ། དུད་ཚང་བཅས་ཚང་མར་ལེབ་བཤེར་བྱས་ནས་གཅིག་ཀྱང་མ་ལུས་པའི་ཐོག་ནས་དུས་ཚོད་ཐུང་ཤོས་ནང་མཐིལ་རྟོགས་དང་། མྱུར་ཚད་མགྱོགས་ཤོས་ཀྱི་སྒོ་ནས་རོགས་སྐྱོབ་བྱེད་པ། ནུས་པ་ཆེ་ཤོས་བཏོན་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་བ་བཅས་བྱེད་དགོས་པ་དང་།
གཉིས་ནི་ལམ་དང་འཕྲིན་གཏོང་ཤར་བགྲོད་ཐུབ་རྒྱུ་དེ་གཙོ་གནད་དུ་བརྩི་དགོས་ཤིང་། སྐུལ་སློང་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་སྐུལ་སློང་བྱས་ནས་བྱ་ཐབས་གང་ཡོད་སྤྱད་དེ་ནུས་ཤུགས་ཡོད་རྒུས་འགག་ལམ་གཤོང་བ་དང་གནོད་འཚེ་ཕོག་པའི་འཕྲིན་གཏོང་སྒྲིག་ཆས་ཉམས་བཟོ་བྱས་ཏེ“འགྲོ་འོང”གནད་དོན་ཐག་གཅོད་གང་ཐུབ་ཀྱིས་ཚེ་སྲོག་གི་ལམ་ཆེན་ཤར་བགྲོད་ཐུབ་པ་དང་མི་སྣ་གནས་སྤོ་དང་གེགས་སེལ་དངོས་ཟོག་དབོར་འདྲེན་ཐུབ་རྒྱུའི་འགན་ལེན་བྱེད་དགོས་པ།
གསུམ་ནི་ཡུལ་བབ་དང་བསྟུན་ནས་མང་ཚོགས་གནས་སྤོ་བཀོད་སྒྲིག་ཡག་པོ་བྱེད་དགོས་ཤིང་། དུས་ཐོག་ཏུ་མང་ཚོགས་རྣམས་བདེ་འཇགས་ཀྱི་གནས་སུ་ཁ་འགྲེམས་པ་དང་གནས་སྤོ་བྱས་ཟིན་པའི་མང་ཚོགས་རྣམས་ཁ་འགྲེམས་རྒྱུར་འཚམ་རིགས་ཁ་འགྲེམས་པ་དང་འདུ་འཛོམས་ལ་འཚམ་རིགས་འདུ་འཛོམས་བྱས་ནས་གནས་སྤོ་བྱས་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་ཐུབ་པ་བྱེད་དགོས་པ།
བཞི་ནི་མང་ཚོགས་ཀྱི་འཚོ་བ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཤིང་། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་གེགས་ཁུལ་དུ་གེགས་སེལ་དངོས་པོ་སྐྱེལ་འདྲེན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་འཚོ་བའི་མཁོ་ཆས་དང་སྨན་རྫས་སོགས་གེགས་སེལ་དངོས་ཟོག་གང་མྱུར་དང་དུས་ཐོག་ཏུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལག་ཏུ་སྤྲོད་ཐུབ་པ་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྡོད་སའི་གནས་ཡོད་པ་དང་། ཁ་ལག་ཚ་པོ་ཟ་རྒྱུ་ཡོད་པ། དྭངས་གཙང་གི་ཆུ་འཐུང་རྒྱུ་ཡོད་པ། ནད་གཞི་སྨན་བཅོས་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ།
ལྔ་ནི་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། གནམ་གཤིས་དང་། ཡོམ་འཕྲོ། རིམས་ནད་སོགས་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་བརྡ་ཁྱབ་གནད་འཁེལ་བཏང་སྟེ་ཚན་རིག་དང་མཐུན་པའི་ངང་གེགས་སེལ་དང་ཆར་པ་བབས་པ་དང་ཡོམ་འཕྲོ་ཆེན་པོ་ལས་རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད། རྡོ་ལྷུང་བ་སོགས་ཞོར་སྐྱོན་གནོད་འཚེ་སྔོན་འགོག་ནུས་ལྡན་བྱ་ཕྱིར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས་པ།
དྲུག་ནི་མང་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་དགོས་ཤིང་། ཕྱོགས་གཅིག་ནས་ཀྲུང་དབྱང་གི་མཛུབ་སྟོན་དགོངས་པ་སྒུལ་ཤུགས་སུ་བྱས་ནས་བློ་གཅིག་སེམས་གཅིག་ངང་འགག་སྒྲོལ་དཀའ་སེལ་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས་པ་དང་། གཅིག་ཤོས་ནས་མང་ཚོགས་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་ལ་བརྟེན་པ་བཅས་ཀྱི་ཐོག་ནས་གཞི་རིམ་ཏང་རྩ་འཛུགས་དང་། གྲོང་ཚོ་དང་དགོན་པར་བཅའ་སྡོད་ལས་བྱེད་པ། “གཉིས་ལྡན་དུད་སྦྲེལ”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྒུག་བརྟེན་མི་བྱེད་པར་གྲོང་ཚོས་གྲོང་ཚོར་རོགས་པ་དང་དུད་ཚང་གིས་དུད་ཚང་ལ་རོགས་པ་བྱས་ཏེ་མཉམ་དུ་དཀའ་གནད་ལས་སྒྲོལ་བ་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས་པ།
བདུན་ནི་གནོད་འཚེའི་གནས་ཚུལ་ལ་དཔྱད་དཔོག་གང་ལེགས་བྱེད་དགོས་ཤིང་། དེ་སྔ་བྱུང་བའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་ལྷག་པར་དུ་2011ལོའི“9·18”ས་ཡོམ་རྗེས་ཀྱི་གྲོ་མོ་སོགས་ས་གནས་ཀྱི་བསྐྱར་སྐྲུན་ཉམས་མྱོང་དཔྱད་གཞིར་བཟུང་ནས་ཆེད་དམིགས་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་ས་ཡོམ་གྱི་གནོད་འཚེར་ཕྱོགས་ཡོངས་ནས་བརྟག་དཔྱད་དང་བསྡོམས་རྩིས་ཞིབ་ཕྲ་རྒྱག་པ་དང་། དཔྱད་དཔོག་ནན་ཏན་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་ནས་གེགས་རྗེས་བསྐྱར་སྐྲུན་ལ་ཚན་རིག་དང་མཐུན་པའི་འཆར་འགོད་དང་ཇུས་གཞི་འདོན་དགོས་པ།
བརྒྱད་ནི་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་དུ་གཏོང་དགོས་ཤིང་། ཡོམ་འགོག་གེགས་སེལ་གྱི་འཐབ་ས་མདུན་མ་དེ“ནན་གསུམ་དྲང་གསུམ”ལག་ལེན་དུ་འཁྱོལ་བ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་སློབ་ཚན་ཨང་དང་པོ་དང་གཡུལ་ས་གཙོ་བོར་བརྩིས་ནས་དཀའ་ངལ་ལ་མི་སྐྲག་པ་དང་བསྟུད་མར་འབད་འཐབ་བྱེད་ཕོད་པའི་ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་བཏང་ནས་ཇི་སྐད་དུ། མང་པོ་གཅིག་ཏུ་བློ་མཐུན་ན། ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ་པ་ལྟར་འགག་སྒྲོལ་དཀའ་སེལ་བྱས་ནས་ས་ཡོམ་གྱི་ཉེན་སེལ་གེགས་སེལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་རྒྱུའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།