དབུ་ཤོག>སྲིད་དོན།
  • བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-28

    དཀར་ཆག

    སྔོན་འགྲོའི་གཏམ།

    དང་པོ། ལམ་ལུགས་རྙིང་པ་བོད་ཀྱི་ལོ་རྒྱུས་སྟེགས་བུ་ནས་ཕྱིར་འཐེན་བྱེད་རྒྱུ་ནི་ལྡོག་ཐབས་མེད་པ་ཞིག་ཡིན་པ།

    གཉིས་པ། བོད་གསར་པ་ཡང་དག་པའི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་པ།

    གསུམ་པ། “དབུ་མའི་ལམ”གྱི་ངོ་བོ་ནི་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུ་དེ་རེད།

    བཞི་པ། “ཞི་བདེ”དང“འཚེ་མེད་ཞི་བའི”ལྟར་སྣང་།

    ལྔ་པ། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་འཛིན་པའི་སྲིད་ཇུས།

    མཇུག་སྒྲིལ་གཏམ།

    སྔོན་འགྲོའི་གཏམ།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་གཏོད་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། ཡུན་རིང་གི་ལོ་རྒྱུས་འཕེལ་རྒྱས་ནང་ཀྲུང་གོའི་མི་རིགས་ཁག་དབར་བདེ་སྡུག་མཉམ་མྱོང་གི་ཀྲུང་ཧྭའི་མི་རིགས་ཀྱི་ལས་དབང་གི་ཐུན་མོང་སྒྲིག་གཞི་ཞིག་ཆགས་ཡོད། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་ལ་བོད་རིགས་ཀྱང་ཀྲུང་ཧྭའི་མི་རིགས་ཀྱི་ལས་དབང་གི་གཅིག་མཐུན་འདུས་གྲུབ་ཀྱི་ཁོངས་མི་ཞིག་ཀྱང་ཡིན། བོད་ཀྱི་ལས་དབང་དེ་ཐོག་མཐའ་བར་གསུམ་དུ་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་ཟབ་འབྲེལ་ཡོད།

    ལོ་རྒྱུས་ཐོག་བོད་རིགས་མི་དམངས་ཀྱིས་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་རིག་གནས་བཏོད་དེ་ཀྲུང་གོའི་ལོ་རྒྱུས་དང་ཀྲུང་ཧྭའི་རིག་གནས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད། འོན་ཀྱང་དུས་རབས་20པའི་དུས་དཀྱིལ་དུ་བོད་འདི་ཉིད་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་སྔར་བཞིན་གནས་ཡོད་པས་ཐོན་སྐྱེད་ནུས་ཤུགས་ཧ་ཅང་དམའ་པོ་ཡོད་པ་དང་། སྤྱི་ཚོགས་རྙིང་ཞེན་བག་འཁུམ་དང་ཉམས་རྒུད་རྗེས་ལུས་ཐེབས་ཡོད།

    1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་བོད་འདི་ཉིད་དངོས་སུ་དེང་རབས་ཤེས་དཔལ་གྱི་ཕྱོགས་སུ་སྐྱོད་འགོ་ཚུགས་ཤིང་། དེ་ནས་ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ། སྒྱུར་བཅོས་སྒོ་དབྱེ་སོགས་འཕེལ་རྒྱས་ཀྱི་དུས་མཚམས་གལ་ཆེན་བརྒྱུད་ཐོག་བོད་ཀྱིས་སྤྱི་ཚོགས་ལམ་ལུགས་གསར་ཀྱང་ཞིག་བཙུགས་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཡོད།

    བོད་ཀྱིས་ད་ལྟའི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་པ་ནི་དེང་རབས་ཤེས་དཔལ་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོ་ཞིག་དང་། མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་གྱི་འཕེལ་ཕྱོགས་དང་མཐུན་པ། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཕེལ་རྒྱས་ཀྱི་དོན་དངོས་དང་འཚམ་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འཚམ་པ་ཞིག་བཅས་ཡིན། འགྲོ་ལམ་དེའི་ཐོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱས་ནས་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་ཡོད། བོད་ཀྱིས་དབུལ་ཕོངས་རྗེས་ལུས་ནས་འབྱོར་ཕྱུག་ཤེས་དཔལ་བར་མཆོང་སྐྱོད་བྱས་ཏེ་ཉམས་འགྱུར་གསར་པའི་ཐོག་ནས་སྐྱེ་བོ་ཀུན་གྱི་མདུན་དུ་མངོན་ཡོད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་འཆམ་མཐུན་མཉམ་གནས་དང་ཕྱར་བ་གྲུ་འདེགས་བྱས་ཏེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ཐུན་མོང་ཐོག་བཏོད་ཡོད། བོད་ཀྱིས་སྒོ་དབྱེའི་རྣམ་པའི་ཉམས་འགྱུར་ཐོག་ནས་འཛམ་གླིང་ལ་ཕྱོགས་ཏེ་མིའི་རིགས་ཀྱི་ཤེས་དཔལ་གྱི་ཕུལ་བྱུང་གྲུབ་འབྲས་བསྡུ་ལེན་ཧུར་ཐག་བྱེད་བཞིན་ཡོད།

    བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཐོབ་པའི་གྲུབ་འབྲས་ཆེན་པོའི་ཐོག་ནས་བོད་འདི་ཉིད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་ནི་ཡང་དག་ཞིག་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། འོན་ཀྱང་ཕྱི་རྒྱལ་དུ་ཡུན་རིང་ཡུལ་གྱར་བྱས་པ་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་ངན་པའི་སྟོབས་ཤུགས་ལྷག་མ་མཚོན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་རང་བཙན”གྱི་ཆབ་སྲིད་དམིགས་ཡུལ་དང་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་ཞེན་ཆགས་པའི་དབང་གིས་ཡུན་རིང་ནང་གཏུམ་སྤྱོད་ངང“བོད་རང་བཙན”གྱི་བྱ་ཐབས་སྤེལ་བར་ཕམ་ཉེས་བྱུང་ཞིང་། དེ་རྗེས་ལོ་ཤས་རིང“དབུ་མའི་ལམ”ཞེས་པ་འུད་སྒྲོག་ཤུགས་ཆེན་བྱེད་ཀྱི་ཡོད། “དབུ་མའི་ལམ”དེ་ཕྱི་ནས་བལྟས་ན“མཐུན་ཐབས”དང་། “བཏང་སྙོམས” “ཞི་བདེ” “འཚེ་མེད་ཞི་བ”སོགས་དང་འདྲ་པོ་ཡོད་ཀྱང་དོན་དངོས་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་བོད་ཀྱིས་བསྐྱོད་པའི་ཡང་དག་པའི་འཕེལ་རྒྱས་འགྲོ་ལམ་ཁས་མི་ལེན་པར་ཀྲུང་གོའི་མངའ་ཁོངས་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་དབང་སྒྱུར་བྱེད་པའི“རྒྱལ་ཁབ་ནང་གི་རྒྱལ་ཁབ”ཅིག་འཛུགས་རྩིས་བྱས་ནས་རིམ་བཞིན“བོད་རང་བཙན”གྱི་དམིགས་ཡུལ་སྒྲུབ་ཐབས་བྱས་པ་ཞིག་རེད།

    དང་པོ། ལམ་ལུགས་རྙིང་པ་བོད་ཀྱི་ལོ་རྒྱུས་སྟེགས་བུ་ནས་ཕྱིར་འཐེན་བྱེད་པ་ནི་ལྡོག་ཐབས་མེད་པ་ཞིག་ཡིན་པ།

    དུས་རབས་20པའི་ལོ་རབས་50པར་བྲན་གཡོག་ལམ་ལུགས་དང་། ཞིང་བྲན་ལམ་ལུགས། མི་རིགས་ནག་པོའི་བྲན་གཡོག་ལམ་ལུགས་བཅས་ལ་དེང་རབས་ཤེས་དཔལ་གྱིས་མཆིལ་འདོར་མཐའ་གཅིག་ཏུ་བཏང་ཟིན་རུང་བོད་ཀྱི་སྤྱི་ཚོགས་དེ་སྔར་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་ཚུད་ཡོད། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་མིའི་རིགས་ཀྱི་ལ་རྒྱར་བཙན་ཤེད་ཀྱིས་རྡོག་རོལ་བཏང་བ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་ཚབས་ཆེན་བཏང་བ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་བ་ནས་འགོག་རྐྱེན་བཟོས་པ། ཀྲུང་གོ་དང་འཛམ་གླིང་དུས་རབས་ཀྱི་རླབས་རྒྱུན་ཁྲོད་སྐྱོད་པ་དང་ཡོངས་སུ་རྒྱབ་འགལ་བྱས་ཡོད།

    —— ཆོས་སྲིད་ཟུང་འབྲེལ་དང་། ལྷ་དབང་གོང་བཀུར། ལྷ་དབང་ཆབ་སྲིད་བཅས་ཀྱི་དཔེ་མཚོན་མཚོན་བྱེད།

    བོད་རྙིང་པར་ལྷ་དབང་གོང་བཀུར་བྱས་ནས་སྲིད་དབང་གིས་ལྷ་དབང་ལ་འགེབས་སྲུང་བྱེད་པ་དང་། ལྷ་དབང་གིས་སྲིད་དབང་ཚོད་འཛིན་བྱེད་པ། ལྷ་དབང་དང་སྲིད་དབང་གཞི་གཅིག་ཏུ་འགྱུར་བ་བཅས་བྱས་ནས་དཔོན་རིགས་དང་། སྐུ་དྲག དགོན་པའི་མཐོ་རིམ་དགེ་འདུན་པ་བཅས་བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་ཆེན་པོ་གསུམ་གྱི་དབང་སྒྱུར་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་ཀྱི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 1959ལོར་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་དུ་དགོན་པ་2676དང་གྲྭ་དམངས་ཀྱི་མི་གྲངས་114925ཡོད། གྲྭ་དམངས་ཀྱི་མི་གྲངས་ཀྱིས་སྐྱེས་པའི་མི་འབོར་གྱི་བཞི་ཆ་གཅིག་ཟིན་པའི་བསྡུར་གྲངས་དེས་ཡོ་རོབ་ཀྱི་དུས་རབས་བར་མའི་ཆོས་པ་ལས་ཆེས་ཆེར་བརྒལ་བ་དེ་ཧ་ཅང་མཐོང་དཀོན་པ་ཞིག་རེད།

    ལྷ་དབང་ཆབ་སྲིད་འོག་ཆོས་ལུགས་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་བཙོག་སྐྱོན་བཏང་བ་དང་དགོན་པ་དེའང་ཐོས་བསམ་སྒོམ་གསུམ་ལ་གཞོལ་བའི་དབེན་པའི་གནས་ཤིག་མིན་པར་ཆོས་ལུགས་བྱེད་སྒོ་སྤེལ་བ་དང་། ཕྱོགས་གཅིག་གི་སྲིད་དབང་ཚོད་འཛིན་བྱེད་པ། དཔལ་འབྱོར་གྱི་བཤུ་གཞོག་གཏོང་བ། དྲག་ཆས་སྟོབས་ཤུགས་བསྡུ་སྐོང་བྱེད་པ། ཁྲིམས་འཛིན་འདྲི་གཅོད་བྱེད་པ་སོགས་ཀྱི་ནུས་པ་གཅིག་ཏུ་བསྡུས་པའི་དབང་སྒྱུར་གྱི་མཁར་རྫོང་དུ་གྱུར་ཡོད། དགོན་པ་འགའ་ཞིག་ཏུ་རང་དགར་ཁྲིམས་ར་བཙུགས་ནས་ལག་ལྕགས་དང་། རྐང་ལྕགས། རྒྱུག་ཧྲེང་སོགས་ཁྲིམས་ཆད་གཏོང་ཆས་དང་མིག་རིལ་འདོན་པ་དང་དབང་རྩ་གཅོད་པའི་ཁྲིམས་ཆད་ཀྱང་ཡོད། ཁོང་ཚོས་ཞིང་བྲན་ལ་མནར་གཅོད་གཏོང་བའི་བྱ་ཐབས་ཧ་ཅང་གདུག་རྩུབ་ཆེན་པོ་ཡོད། ད་ལྟ་མཐོང་རྒྱུ་ཡོད་པའི་དུས་རབས་20ལོ་རབས་50པའི་ལོ་འགོར་བོད་ས་གནས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་འགོ་པ་རབ་བརྟན་ལ་བཏང་བའི་ཡི་གེའི་ནང“ཆེད་དོན། སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱའི་ཞབས་བརྟན་ཆེད་རྒྱུད་སྨད་ཚོགས་ཡོངས་ནས་ཁྲོ་བཅུའི་གཏོར་བཟློག་གནད་སྨིན་སྒྲུབ་ཚུགས་ཀྱིས་འདི་ཚེས་ཉིན་ཟོར་འཕེན་དགོས་ཆར་རྒྱུ་མ་རློན་པ་རྒྱུ་ཤལ་གཅིག་དང་། མི་མགོ་གཉིས། ཁྲག་སྣ། གཡང་གཞི་བཅས་དགོས་པ་འཕྲལ་སྤྲོད་དགོས་རྒྱུའི་ངོས་སྦྱོར་དུ”ཞེས་བྲིས་ཡོད། དགོན་པའི་མངའ་བདག་ནི་མངའ་བདག་ཆེན་པོ་གསུམ་གྱི་ནང་ནས་བུ་ལོན་གཏོང་མང་ཤོས་ཡིན་པས་སྤྱིའི་བསྡོམས་འབོར་གྱི་80%ཟིན་ཡོད།

    མི་འབོར་མང་ཆེ་བས་བུ་བཙའ་དང་ཐོན་སྐྱེད་བྱེད་ཀྱི་མེད་སྟབས་ལྷ་དབང་ཆབ་སྲིད་ཀྱི་བཙིར་གནོན་ལག་ཆར་གྱུར་ནས་སྤྱི་ཚོགས་ཀྱི་ཐོན་ཁུངས་དཀོན་པོར་གྱུར་ཏེ་མི་འབོར་ཡུན་རིང་ནང་འཕར་ཐུབ་མེད། དུས་རབས་19པའི་དུས་དཀྱིལ་དུ་བྲིས་པའི《ཧྲེང་ཝུའུ་སྐོར་བཀོད་པ·བོད་སྐོར་བཀོད་པ་ཕྱི་མ》ནང་ཆིང་གོང་མ་ཆན་ལུང་ཁྲི་ལོ་གཉིས་པར(1737ལོ)ལི་ཧྥན་ཡོན་གྱིས་བོད་ཀྱི་ཏཱ་ལ་དང་པཎ་ཆེན་གྱི་ཁོངས་གཏོགས་ས་ཁུལ་བཙུགས་པར་བླ་མ་ཁྱོན་ཁྲི་31.62ཡན་ཡོད་པ་དང་སྐབས་དེ་དུས་ཀྱི་བོད(ཆབ་མདོ་གྲོང་ཁྱེར་ཚུད་མེད་པ)དུ་མི་འབོར་ཁྲི་109ཙམ་ལས་མེད། དུས་རབས་20ལོ་རབས་50པའི་ལོ་འགོར་བོད་ཀྱི་མི་འབོར་སྔར་བཞིན་ཁྲི་100ལྷག་ཙམ་ལས་མེད། དེའི་རིང་གི་ལོ་200ལྷག་ཙམ་ནང་མི་འབོར་སྤྱིར་ན་འཕར་མེད།

    ཆོས་ལུགས་སྤྱད་དེ་སྤྱི་ཚོགས་ལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་ནི་ལྷ་དབང་ཆབ་སྲིད་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ཡིན། དེ་སྔའི་རྒྱལ་དམངས་སྲིད་གཞུང་བོད་སོག་ཨུ་ཡོན་ལྷན་ཁང་གི་ལྷ་སར་བཅའ་སྡོད་དོན་གཅོད་ཁྲུའུ་ཡི་དཔོན་རིགས་དང་། དུས་རབས་20ལོ་རབས་40པར་བོད་དུ་ལས་ཀ་བྱེད་མྱོང་བའི་སྐད་གྲགས་ཡོད་པའི་བོད་རིག་པ་མཁས་ཅན་ལི་ཡིའུ་དབྱིའི་ཕྱིར་དྲན་རྩོམ་ཡིག《བོད་ལྗོངས། དཔོག་དཀའ་བ་དང་དཔོག་དཀའ་བ་མིན་པ》ཞེས་པའི་ནང“བོད་ཀྱི་ཞིང་བྲན་ལ་དེ་ལྟ་བུའི་ཡ་ང་བའི་བཤུ་གཞོག་དང་གཉའ་གནོན་ཕོག་ཀྱང་ཁོ་ཚོས་ཡར་ལངས་ནས་འགོག་རྒོལ་མི་བྱེད་པ་གང་ཡིན་ནམ། བདག་གིས་ཀྱང་ཞིང་བྲན་ལ་གནད་དོན་འདི་འདྲ་འདྲི་མྱོང་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་ཚོའི་ལན་ནི‘དེ་ལས་རེད’ཅེས་བརྗོད་ཀྱི་འདུག ཁོང་ཚོས་ཚེ་དེར་སྡུག་བསྔལ་མྱོང་དགོས་དོན་ནི་ཚེ་སྔ་མར་སྡིག་པ་བསགས་པ་ཡིན་པས་ཚེ་འདིར་སྡུག་པོ་མྱངས་ཚེ་གཞི་ནས་སྡིག་པ་དག་ནས་ཚེ་ཕྱི་མར་སྐྱེ་བ་དེ་བས་ལེགས་པ་ཞིག་ལེན་རྒྱུ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། དེ་ནི་བླ་མས་ཁོང་ཚོར་བཀའ་སློབ་བྱས་པ་ཞིག་ཡིན་པས་བོད་རིགས་ཀྱིས་ཡིད་ཆེས་བརྟན་པོ་བྱེད་ཀྱི་འདུག”ཅེས་ཧང་སངས་པའི་སྒོ་ནས་འཁོད་ཡོད། ལི་ཡིའུ་དབྱིའི་ངོས་ནས་བསམ་བློ་དེའི་རིགས་ཀྱི་ཚོད་འཛིན་འོག“ཞིང་བྲན་གྱིས་ཚེ་གང་རིང་ཚེ་ཕྱི་མའི་ཆེད་དུ་བསོད་ནམས་བསགས་པ་དང་སྐུ་དྲག་གིས་རྟ་ལྕག་གཏོང་བ་དེ་ཡང་ཁོང་ཚོར་སྡིག་བཤགས་བྱེད་པའི་ཆེད་ཡིན་པ་ཁོང་ཚོས་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།

    བོད་ཀྱི་ལོ་རྒྱུས་བརྒྱུད་མྱོང་བའི་དབྱིན་ཇི་བ་ཁྲའར་སི·པེར་གྱིས《ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར》ཞེས་པའི་ནང“ཁྱེད་ཀྱི་ཚེ་ཕྱི་མ་མི་ཡིན་ནམ་ཡང་ན་ཕག་པ་ཡིན་པ་དེ་ཁྱེད་དང་འབྲེལ་བ་གང་ཡང་མེད་དམ། ཏཱ་ལའི་བླ་མས་ཁྱེད་སྐྱེ་བ་མི་ལུས་ལེན་པ་དང་དཔོན་ཆེན་བྱེད་པའམ་ཡང་ན་དེ་བས་ལེགས་པའི་ནང་བསྟན་ཆོས་ལུགས་དར་ཁྱབ་ཆེ་བའི་རྒྱལ་ཁམས་སུ་བླ་མ་སྐྱེས་ཆེན་ཞིག་ཏུ་སྐྱེ་བ་ལེན་ཐུབ་པའི་ཁས་ལེན་བྱེད་ཐུབ”ཅེས་འཁོད་ཡོད་པར་ཁོང་གིས“བླ་མས་བསམ་བློའི་འཇིགས་སྐུལ་གྱི་བྱ་ཐབས་སྤྱད་དེ་ཁོ་ཚོའི་ཤུགས་རྐྱེན་སྲུང་ཐབས་བྱེད་པ་དང་སྲིད་དབང་དེ་ཁོ་ཚོའི་ལག་ནང་དུ་མུ་མཐུད་ཚོད་འཛིན་བྱེད་པ་ནི་གདོན་མི་ཟ་བ་ཞིག་རེད”ཅེས་བཤད་པ་རེད།

    —— རིམ་པའི་དབྱེ་བ་ནན་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དེ་ཤར་ཕྱོགས་ཀྱི་མཁར་རྫོང་མཐའ་མ་དེ་ཡིན་པ།

    1959ལོའི་གོང་གི་བོད་དུ་སྔར་བཞིན་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་གནས་ཡོད། ཧྥ་རན་སེའི་ཡུལ་སྐོར་མཁས་ཅན་ཡ་ལི་ཧྲན་ཏ·ཏ་ཝུའེ·ནིའར་གྱིས་1916ལོ་ནས་1924ལོ་བར་སྔ་རྗེས་སུ་བོད་དང་དེ་བཞིན་མཐའ་འཁོར་ས་ཁུལ་དུ་རྟོག་ཞིབ་ཐེངས་ལྔ་བྱེད་མྱོང་ཡོད། 1953ལོར་ཁོང་གིས《གསར་སྐྱེས་ཀྱི་ཀྲུང་གོའི་མདུན་གྱི་གནའ་བོའི་བོད་ལྗོངས》ཞེས་པ་དཔེ་སྐྲུན་བྱས་ནས་བོད་རྙིང་པའི་ཞིང་བྲན་ལམ་ལུགས་སྐོར་བཀོད་ཡོད་པ་སྟེ། “བོད་དུ་ཞིང་པ་ཚང་མ་ཚེ་གང་བུ་ལོན་ཟུག་པའི་ཞིང་བྲན་ཡིན་ཞིང་། ཁོང་ཚོའི་ཁྲོད་ནས་བུ་ལོན་གཙང་མ་འཇལ་ཟིན་པའི་མི་ཞིག་རྙེད་པར་དཀའ” “འཚོ་བ་འཁྱོལ་ཆེད་ཞིང་བྲན་ཚོས་དངུལ་དང་། འབྲུ་རིགས། ཕྱུགས་རིགས་བཅས་གཡར་ནས་སྐྱེད་ཀ་མཐོ་པོ་མི་སྤྲོད་ཀ་མེད་ཡོང་གི་ཡོད། འོན་ཀྱང་ཕྱི་ལོའི་ལོ་འབབ་ཀྱི་ཇེ་ཆེར་འཕར་བའི་སྐྱེད་ཀ་ནམ་ཡང་འཇལ་ཐུབ་ཀྱི་མེད”“འུ་ཐུག་ཐབས་ཟད་ཀྱི་གནས་ཚུལ་འོག་ཁོང་ཚོས་བསྐྱར་དུ་ཟ་འབྲུ་དང་ས་བོན་གཡར་རྒྱུ་ལས་མ་འདས། དེ་ལྟར་ལོ་མང་སོང་ཡང་བུ་ལོན་འཇལ་ཐུབ་ཀྱི་མེད་ལ་ཐ་ན་འཆི་ཁར་ཡང་བུ་ལོན་གྱི་དཀྱིལ་ནས་དོན་མི་ཐུབ་པར་བུ་ལོན་དེ་དག་རང་ཉིད་ཀྱི་ཕྲུ་གུའི་མགོ་སྟེང་དུ་བབས་ཀྱི་ཡོད། ཡ་ང་བའི་ཕྲུ་གུ་དེ་དག་གིས་ས་ཞིང་འདེབས་འགོ་ཚུགས་པ་ནས་བཟུང་མེས་པོའི་བུ་ལོན་དེ་དག་འཇལ་དགོས་ཀྱི་ཡོད། བུ་ལོན་དེ་སྔ་མོའི་བྱ་བ་ཞིག་ཡིན་པས་ཁོང་ཚོས་བུ་ལོན་དེ་དག་ག་དུས་ཟུག་མིན་ཤེས་ཀྱི་མེད” “ཡ་ང་བའི་མི་དེ་དག་གིས་ཁོང་ཚོའི་དབུལ་ཞིང་ཕོངས་པའི་ས་ཞིང་སྟེང་ནམ་ཡང་འཚོ་བ་སྐྱེལ་རྒྱུ་ལས་མ་འདས། ཁོང་ཚོའི་རང་དབང་རྦད་དེ་ཤོར་ནས་ལོ་རེ་ལས་ལོ་རེ་དབུལ་དུ་འགྲོ་གི་ཡོད”ཅེས་པ་དེ་རེད།

    བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་མིར་རིམ་པ་ཕྱེ་ཡོད་ཅིང་། བོད་རྙིང་པར་ལོ་བརྒྱ་ཕྲག་ལག་བསྟར་བྱས་པའི《ཞལ་ལྕེ་བཅུ་གསུམ》དང《ཞལ་ལྕེ་བཅུ་དྲུག》ནང་མི་ལ་རབ་འབྲིང་ཐ་གསུམ་དང་རིམ་པ་དགུར་དབྱེ་ནས་ཤིན་ཏུ་ནན་པའི་རིམ་པའི་ལམ་ལུགས་དེ་བཅའ་ཁྲིམས་ཅན་དུ་འགྱུར་བ་བྱས་ཡོད། ཞལ་ལྕེའི་ནང“མི་ལ་རབ་འབྲིང་ཐ་གསུམ་དབྱེ་བ་དང་རིམ་པ་སོ་སོར་ཡང་རབ་འབྲིང་ཐ་གསུམ་ལ་དབྱེ་ཡོད། རབ་འབྲིང་ཐ་གསུམ་དེ་རིགས་རྒྱུད་མཐོ་དམའ་དང་གོ་གནས་ཆེ་ཆུང་ལ་བརྟེན་ནས་གཏན་འབེབས་བྱས་ཡོད” “མི་ལ་རབ་འབྲིང་ཐ་གསུམ་ཡོད་པས་མི་བསད་པའི་སྟོང་འཇལ་སྟངས་ཀྱང་མང་ཉུང་མི་འདྲ་བ་ཡོད” “མི་རབ་ཀྱི་རབ་བསད་པའི་སྟོང་དེ་ཕུང་པོ་དང་མཉམ་པའི་གསེར་འཇལ་དགོས་པ” “མི་ཐ་མའི་ཐ་མ་བསད་པའི་སྟོང་ནི་གྲེས་ཐག་གཅིག་འཇལ་དགོས་པའི”གཏན་འབེབས་བྱས་ཡོད།

    རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་དེ་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་ལྷ་དབང་ཆབ་སྲིད་ཀྱིས་བོད་རྙིང་པ་དེ་དབུལ་ཕྱུག་མཐའ་གཉིས་སུ་གྱེས་པའི་སྤྱི་ཚོགས་སུ་གྱུར་ཡོད། དུས་རབས་20པའི་ལོ་རབས་50ཡི་དུས་མཇུག་བར་བོད་ཀྱི་མི་འབོར་གྱི་5%ཡང་མ་ཟིན་པའི་མངའ་བདག་ཆེན་པོ་གསུམ་དང་དེ་བཞིན་དེའི་མངའ་ཚབ་ཀྱིས་བོད་ཀྱི་རྨོ་ཞིང་དང་། འབྲོག་ར། ནགས་ཚལ། རི་ཀླུང་། ཆུ་བོ། གྲམ་ཐང་བཅས་ཆ་ཚང་བཟུང་བ་དང་དེ་བཞིན་ཕྱུགས་རིགས་མང་ཆེ་བ་བཟུང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 1959ལོར་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་དུ་རྒྱུད་འཛིན་སྐུ་དྲག་ཁྱིམ་ཚང་179དང་སྐུ་དྲག་ཆེ་གྲས་ཀྱི་ཁྱིམ་ཚང་25ཡོད་པའི་ཁྲོད་ནས་མདུན་གྲལ་གྱི་སྐུ་དྲག་ཁྱིམ་ཚང་བདུན་བརྒྱད་ཙམ་གྱིས་གཞིས་ཀ་བཅུ་ཕྲག་དང་ས་ཞིང་སོན་ཁལ་ཁྲི་ཁ་ཤས(ཁལ་15དང་སྤྱི་ཆིང་1ཧ་ལམ་མཚུངས)ཟིན་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁྱིམ་རྒྱུད་ཀྱིས་གཞིས་ཀ་27དང་འབྲོག་ར་30བཟུང་ཡོད་པ་དང་ཞིང་འབྲོག་བྲན་གཡོག་6000ལྷག་ཙམ་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལག་ཏུ་གསེར་སྲང་ཁྲི་16དང་། དངུལ་སྲང་ཁྲི་9500 གཡང་ཊིའི་ནོར་ཆས་ངོ་གྲངས་ཁྲི་2ལྷག་ཙམ། དར་གོས་སྣ་ཚོགས་དང་རྩ་ཆེའི་པགས་པའི་གྱོན་གོས་ཁྲི་1ལྷག་ཙམ་བཅས་ཡོད། བོད་ཀྱི་མི་འབོར་གྱི་95%ཟིན་པའི་ཞིང་བྲན་དང་བྲན་གཡོག་ལ་འཁྱེར་རྒྱུ་གྲིབ་ནག་དང་བཞག་རྒྱུ་རྐང་རྗེས་ལས་མེད་པར་ཡ་ང་བའི་གནས་སུ་གྱར་བས་འགྲོ་བ་མིའི་ཐོབ་ཐང་ཞེས་པ་གླེང་ཐབས་བྲལ། མི་དེ་དག་ལ་བོད་དུ་དམངས་གཞས་ཤིག་ཡོད་པ་སྟེ། “ཚེ་སྲོག་ཕ་མས་གནང་ཡང་། ལུས་པོ་དཔོན་པོར་བདག་སོང་། སྲོག་དང་ལུས་པོ་ཡོད་ཀྱང་། བདག་པའི་དབང་ཆ་མི་འདུག”ཅེས་པ་དེ་རེད།

    —— སྒོ་རྒྱག་རྗེས་ལུས་དང་དེང་རབས་ཤེས་དཔལ་དང་རྒྱང་ཐག་རིང་པོ་བྱེད་པ་དེ་ནི་བསམ་ཚོད་ནང་གི“ཤམ་བྷ་ལ”གཏན་ནས་མིན།

    དུས་རབས་20པའི་ལོ་རབས་30པར་དབྱིན་ཇིའི་རྩོམ་པ་པོ་ཀྲན་མུའུ་སི·ཤིར་ཏུན་གྱིས་བརྩམས་པའི《ནུབ་པར་གྱུར་པའི་ཞིང་ཁམས》ཞེས་པའི་དེབ་དེའི་ནང་རྨི་ལམ་ལྟ་བུའི་མཛེས་ཤིང་ལྟ་ན་སྡུག་པའི་མི་ཡུལ་གྱི་ཞིང་ཁམས“ཤམ་བྷ་ལ”ཡི་སྐོར་བཀོད་ཡོད། དེ་རྗེས“ཤམ་བྷ་ལ”འཚོལ་གཉེར་བྱ་རྒྱུ་དེ་མི་མང་པོ་ཞིག་གི་ཕུགས་འདུན་ལ་གྱུར་པ་དང་ཐ་ན་མི་འགའ་ཞིག་གིས་བོད་འདི་ཉིད“ཤམ་བྷ་ལ”ཡི་འབྱུང་གནས་ལ་བརྩི་གི་ཡོད། འོན་ཀྱང་དེ་ནི་མི་རྣམས་ཀྱི་ཕུགས་འདུན་ཙམ་ལས་མ་འདས་པར་བོད་རྙིང་པར“ཤམ་བྷ་ལ”རྩ་བ་ནས་མེད།

    བོད་རྙིང་པའི་རྗེས་ལུས་དེ་གཤམ་གྱི་གནས་ཚུལ་ཁག་ནས་གསལ་པོ་མཐོང་ཐུབ། 1951ལོར་ཞི་བས་བཅིངས་འགྲོལ་གཏོང་སྐབས་བོད་དུ་ཉེ་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པས་གཞོན་ནུ་དང་དར་མའི་ཡིག་རྨོངས་ཀྱི་ཚད་གཞི་95%ཟིན་པ་དང་། དེང་རབས་ཀྱི་སྨན་བཅོས་སྒྲིག་གཞི་མེད་པས་ལྷ་མཆོད་གནས་མཇལ་ནི་མི་མང་ཆེ་བའི་ནད་གཞི་བཅོས་ཐབས་གཙོ་བོ་དེ་ཡིན་པ་དང་མི་རེའི་ཆ་སྙོམས་ཚེ་ཚད་ལོ་35.5ལས་ཟིན་གྱི་མེད། ཚད་ལྡན་གྱི་གཞུང་ལམ་གཅིག་ཀྱང་མེད་པས་དངོས་ཟོག་སྐྱེལ་འདྲེན་དང་སྦྲག་བསྐུར་དངོས་པོ་བརྒྱུད་སྤྲོད་བྱེད་སྐབས་མི་དང་ཕྱུགས་རིགས་ཀྱིས་སྒལ་པར་འཁུར་དགོས་པ། ཆན་ཝ་125ཡི་གློག་ཁང་ཆུང་ཆུང་ཞིག་ཡོད་པ་དེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་དང་དེ་བཞིན་དམིགས་བསལ་དབང་ཆ་ལྡན་མཁན་མི་ཉུང་ཤས་ཤིག་གིས་སྤྱོད་ཀྱི་ཡོད།

    བོད་རྙིང་པ་བརྒྱུད་མྱོང་བའི་རྒྱལ་ཁབ་ཕྱི་ནང་གི་མི་སུ་འདྲ་ཞིག་ཡིན་རུང་དེའི་རྗེས་ལུས་ཀྱི་སྤྱི་ཚོགས་རྣམ་པར་ཡིད་མི་སྐྱོ་བ་མི་སྲིད་ལ་རང་ཉིད་དངོས་སུ་སླེབས་པའི་མྱོང་བ་མང་པོ་ཞིག་ཀྱང་བྲིས་ཡོད། 1945ལོར་ལི་ཡིའུ་དབྱི་ཡིས་བོད་དུ་རྟོག་ཞིབ་བྱས་ནས་ཟླ་ཤས་སོང་རྗེས“ཡར་ཀླུང་གཙང་པོའི་དབུས་སྨད་རྒྱུད་ཀྱི་དབྱིང་ལེ་1700ཡི་སར་རྟོག་ཞིབ་བྱེད་སྐབས་ངའི་འདྲེན་བྱེད་ཡུལ་དུ་འཆར་བ་ནི་དེ་འདྲའི་ཡིད་སྐྱོ་བའི་རྣམ་པ་ཤ་སྟག་རེད། ཉིན་རེའི་རྟོག་ཞིབ་བརྒྱུད་རིམ་ནང་མི་རིང་བའི་སར་ཁང་སྟོང་དང་ས་སྟོང་མང་པོ་མཐོང་རྒྱུ་ཡོད་པ་ལས་མི་རེ་གཉིས་ཙམ་ལས་མཐོང་རྒྱུ་མི་འདུག ངས་བརྒྱུད་མྱོང་བའི་ལུང་སྟོང་དེ་འདྲ་ཧ་ཅང་མང་པོ་འདུག ང་རྟོག་ཞིབ་ལ་སྐྱོད་སྐབས་སྟོན་བསྡུའི་སྒང་རེད་འདུག དུས་ཚིགས་དེར་ནང་སའི་ཅུང་རྗེས་ལུས་ཐེབས་པའི་གྲོང་གསེབ་ཏུ་ཞིང་པའི་ངོ་གདོང་སྟེང་ལོ་ལེགས་ཀྱི་འཛུམ་མདངས་འཕྱུར་བ་མཐོང་རྒྱུ་ཡོད། འོན་ཀྱང་1945ལོར་བོད་ཀྱི་གྲོང་གསེབ་ཏུ་ངས་ལོ་ལེགས་ཀྱི་འཛུམ་མདངས་འཕྱུར་བ་མཐོང་མ་བྱུང་། ངས་མཐོང་བ་ནི་སྐུ་དྲག་དང‘ཁྲལ་བསྡུ་མཁན’གྱིས་ཞིང་བྲན་ལ་སྡུག་པོ་གཏོང་བ་དང་ངས་ཐོས་པ་ནི་ཞིང་བྲན་གྱི་ངུ་སྐད་དང་སྡུག་སྐད་ལས་མ་མཆིས”ཞེས་འཁོད་ཡོད།

    རྒྱ་གར་དུ་བཅའ་སྡོད《དབྱིན་ཇིའི་ཉིན་རེའི་སྦྲག་སྲིད་ཚགས་པར》གྱི་དེ་སྔའི་གསར་འགོད་པ་ཨའེ་ཏེ་མོང·ཁན་ཏེ་ལེ་ཡིས་1905ལོར་པར་སྐྲུན་བྱས་པའི《ལྷ་སའི་གདོང་རིས་ངོ་མ》ཞེས་པའི་ནང“ལྷ་ས་གྲོང་ཁྱེར་དེ་ཧ་ཅང་བཙོག་ཅིང་ཟང་ཟིང་ཆེ་བ་དང་ས་འོག་ཆུ་འགྲོ་མེད་ལ་ལམ་ངོས་སུའང་རྡོ་གཡམ་བཏིང་མི་འདུག གཙང་སྦྲ་དོད་ལ་རྒྱུན་དུ་གད་ཕྱིད་བྱས་པའི་ཁང་པ་གཅིག་ཀྱང་མཐོང་རྒྱུ་མི་འདུག ཆར་པ་བབས་རྗེས་ཁྲོམ་གཞུང་དུ་འདམ་རྫབ་ཀྱིས་ཁེངས་པ་དང་དེའི་ནང་ཁྱི་དང་ཕག་པ་སོགས་ཀྱིས་ཟས་འཚོལ་གྱི་འདུག”ཅེས་བྲིས་ཡོད།

    བོད་རང་སྐྱོང་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཐིང་གི་ཐིང་ཀྲང་གི་འགན་འཁུར་མྱོང་བའི་ཏུའུ་ཐའེ(བོད་རིགས)ཡིས་དྲན་གསོ་བྱེད་བཞིན་དུ“1951ལོར་ང་ལྷ་སར་སླེབས་དུས་གྲོང་ཁྱེར་དེའི་དབུལ་ཕོངས་དང་གོག་ཧྲུལ་གྱི་རྣམ་པ་དེ་ངའི་བསམ་ཡུལ་ལས་འདས་སོང་། སྐབས་དེ་དུས་ལྷ་སར་གཙུག་ལག་ཁང་མཐའ་འཁོར་གྱི་བར་སྐོར་ཁྲོམ་གཞུང་ཕུད་ལྟ་བཟོ་ཡོད་པའི་ཁྲོམ་གཞུང་གཅིག་ཀྱང་མེད་ལ་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་དང་། ལམ་སྒྲོན། ཆུ་མཁོ་འདོན་དང་ཆུ་བཤངས་སྒྲིག་ཆས་བཅས་གང་ཡང་མེད། ཁྲོམ་གཞུང་ཐོག་བཀྲེས་ལྟོགས་ཀྱིས་མནར་ནས་ཤི་བའི་ཕུང་པོ་མཐོང་རྒྱུ་ཡོད་ལ་ད་དུང་སྤྲང་པོ་དང་བཙོན་པ་དང་འཁྱམས་ཁྱིས་ཁེངས་ཡོད། གཙུག་ལག་ཁང་ནུབ་ངོས་སུ‘ཀླུ་སྒུག་སྤྲང་ཚང’ཞེས་པ་ཞིག་ཡོད་པ་དང་ར་མོ་ཆེའི་མཐའ་འཁོར་དུའང་སྤྲང་པོ་མང་པོ་ཡོད། སྐབས་དེ་དུས་སྤྲང་པོ་སུམ་སྟོང་བཞི་སྟོང་ལྷག་ཙམ་ཡོད་པ་དེ་དག་གིས་གྲོང་ཁྱེར་མི་འབོར་གྱི་བཅུ་ཆ་གཅིག་ཙམ་ཟིན་ཡོད”ཅེས་བཤད།

    1950ལོར་དེ་སྔའི་བོད་ས་གནས་སྲིད་གཞུང་གི་བཀའ་བློན་དང་རྗེས་སུ་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་འགན་བཞེས་མྱོང་བའི་ང་ཕོད་ངག་དབང་འཇིགས་མེད་ཀྱིས་བཀའ་ཤག་ལ་ཏར་བཏང་ནས་ཆབ་མདོ་ས་ཁུལ་གྱི་གནས་ཚུལ་གོང་ཞུ་གནང་སྐབས“དུས་བབ་ཟང་ཟིང་ཆེ་བ་དང་དམངས་ཀྱི་དཀའ་སྡུག་མི་བཟོད་པའི་དབང་གིས་འདི་གའི་རྫོང་ཁ་ཤས་ནང་དུད་ཚང་བདུན་བརྒྱད་ཙམ་ལ་མ་གཏོགས་རྩམ་པ་ཟ་རྒྱུ་མིན་འདུག དུད་ཚང་གཞན་དག་ཚང་མས་ཉུང་མ་ཟས་ནས་འཚོ་ཐབས་བྱེད་ཀྱི་འདུག ད་དུང་སྤྲང་པོ་མང་པོ་འདུག་པས་ཡ་ང་ལ་ཡིད་སྐྱོ་བ་ཞིག་འདུག”ཅེས་གསུངས་ཡོད།

    དོན་དངོས་མང་དག་ཅིག་ལས་ར་སྤྲོད་བྱུང་བར། དུས་རབས་20པའི་དུས་དཀྱིལ་དུ་སླེབས་སྐབས་བོད་ཀྱི་ལམ་ལུགས་རྙིང་པ་མཇུག་འགྲིལ་ལ་ཉེ་ཡོད། ང་ཕོད་ངག་དབང་འཇིགས་མེད་ཀྱིས་དྲན་གསོ་གནང་བཞིན་དུ“ལོ་རབས་40པའི་དུས་སུ་ང་དང་གྲོགས་པོ་བློས་ཐུབ་ཁག་གཅིག་གིས་བོད་ཀྱི་སྤྱི་ཚོགས་རྙིང་པའི་ལམ་ལུགས་ཀྱི་ཉེན་ཁའི་སྐོར་གླེང་མྱོང་། དེ་ལྟར་བྱས་ཚེ་མི་རིང་བར་ཞིང་བྲན་ཤི་རྒྱུ་ཙམ་མ་ཟད། སྐུ་དྲག་ཀྱང་གསོན་ཐབས་བྲལ་ནས་སྤྱི་ཚོགས་ཧྲིལ་པོ་རྩ་ཐོར་དུ་འགྲོ་རྒྱུ་ལས་མ་འདས་པའི་ངོས་འཛིན་བྱེད་ཀྱི་འདུག”ཅེས་གསུངས།

    དུས་རབས་20པའི་ལོ་རབས་50པར་འཛམ་གླིང་ཐོག་གི་རྒྱལ་ཁབ་དང་ས་ཆ་མང་ཆེ་བར་ཆོས་སྲིད་ལོགས་དབྱེ་བྱུང་ཡོད་ནའང་སྐབས་དེ་དུས་བོད་དུ་སྔར་བཞིན་རྗེས་ལུས་ཀྱི་ལམ་ལུགས་དེ་ལག་བསྟར་བྱེད་ཀྱི་ཡོད་པས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ལ་འགོག་རྐྱེན་ཚབས་ཆེན་བཟོས་ནས་བོད་དང་དེང་རབས་ཤེས་དཔལ་རིམ་བཞིན་རྒྱང་ཐག་རིང་དུ་སོང་ཡོད། དུས་རབས་19པའི་རྗེས་འཛམ་གླིང་ཐོག་གི་རྒྱལ་ཁབ་དང་ས་ཆ་མང་པོར་བྲན་གཡོག་ལམ་ལུགས་མེད་པ་བཟོ་བའི་ལས་འགུལ་སྤེལ་བ་དང་དབྱིན་ཇི་དང་། ཨུ་རུ་སུ། ཨ་རི་སོགས་རྒྱལ་ཁབ་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བྲན་གཡོག་ལམ་ལུགས་མེད་པ་བཟོས་ཡོད། 1807ལོར་དབྱིན་ཇིའི་དབྱི་ཧུའེ་གྲོས་ཚོགས་ཀྱིས་བཀའ་ཁྲིམས་གྲོས་འཆམ་བྱས་ནས་རྒྱལ་ཁབ་དེ་གའི་གྲུ་གཟིངས་བྲན་གཡོག་འདྲེན་ཚོང་ནང་ཞུགས་མི་ཆོག་པའི་གཏན་འགོག་བྱས་ཡོད།

    1861ལོར་ཨུ་རུ་སུའི་གོང་མ་ཡ་ལི་ཧྲན་ཏ་སྐུ་ཐོག་གཉིས་པས་ཞིང་བྲན་ལམ་ལུགས་མེད་པ་བཟོ་བའི“བཀའ་ཁྲིམས”དང“བསྒྲགས་གཏམ”ལ་དངོས་སུ་ཆོག་མཆན་སྤྲད་ཡོད། 1862ལོར་ཨ་རིའི་ཙུང་ཐུང་ལིན་ཁེན་གྱིས《མི་རྒྱུད་ནག་པོའི་བྲན་གཡོག་བཅིངས་འགྲོལ་གཏོང་རྒྱུའི་བསྒྲགས་གཏམ》སྤེལ་བ་དང་1865ལོར་ཨ་རིའི་རྒྱལ་ཚོགས་ཐོག《རྩ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ཨང་13པ》ལ་གྲོས་འཆམ་བྱུང་ནས་བྲན་གཡོག་ལམ་ལུགས་དངོས་སུ་མེད་པ་བཟོས་ཡོད། 1948ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི《འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ》ནང་མི་སུ་འདྲ་ཞིག་ཡིན་རུང་བྲན་གཡོག་བྱེད་དུ་འཇུག་པའམ་བྲན་དུ་བཀོལ་མི་རུང་བ་དང་། བྱེད་ཐབས་ཐམས་ཅད་ཀྱི་བྲན་གཡོག་ལམ་ལུགས་དང་བྲན་གཡོག་ཉོ་ཚོང་གི་རིགས་ཚང་མ་གཏན་འགོག་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། ཞིང་བྲན་ལམ་ལུགས་ཧ་ལམ་རྩ་ཐོར་དུ་སོང་བའི་དུས་རབས་20པའི་དུས་དཀྱིལ་དུ་འཛམ་གླིང་ཐོག་གི་ཆེས་ཆེ་ཤོས་ཀྱི་ཞིང་བྲན་ལམ་ལུགས་ཀྱི་བཙན་རྫོང་དེ་སྔར་བཞིན་ཀྲུང་གོའི་བོད་ལྗོངས་སུ་གནས་པ་དེས་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ལ་འགོག་རྐྱེན་བཟོས་པ་མ་ཟད། མིའི་རིགས་ཀྱི་ཤེས་དཔལ་དང་རྒྱུ་རྟགས་དང་དེ་བཞིན་ལ་རྒྱར་ངོ་གནོང་དགོས་པ་ཞིག་བཟོས་ཡོད།

    ཀྲུང་གོ་གསར་པ་བཙུགས་པ་དང་དེ་བཞིན་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཡར་ཐོན་དང་བསྟུན་ནས་དུས་རབས་20པའི་ལོ་རབས་50པའི་ལོ་མཇུག་དང་ལོ་རབས་60པའི་ལོ་འགོར་བོད་ཀྱི་ལམ་ལུགས་རྙིང་པ་རྦད་དེ་མེད་པ་བཟོས་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལས་ལྡོག་སྟེ་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་མུན་ནག་དང་གདུག་རྩུབ་ལ་བསམ་གཞིག་མི་བྱེད་པ་མ་ཟད། དེ་ལས་ལྡོག་སྟེ་དེར་ཞེན་ཆགས་ཆེན་པོ་བྱས་ནས་ནམ་ཞིག་ལམ་ལུགས་དེ་རིགས་བོད་དུ་བསྐྱར་སྤྱོད་བྱ་རྒྱུའི་རེ་ངན་འཆང་གི་ཡོད། དེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་འབྲེལ་ཡོད་ཡིག་ཆའི་ནང་གསལ་པོ་བཀོད་ཡོད། 1963ལོར་གཏན་འཁེལ་བྱས་པའི《བོད་ཀྱི་འབྱུང་འགྱུར་གྱི་དམངས་གཙོའི་རྩ་ཁྲིམས(འཆར་ཟིན)》ནང“བོད་ཀྱིས་དཀོན་མཆོག་གིས་བཀའ་སློབ་གནང་བའི་བསྟན་དོན་རྨང་གཞིར་བྱས་ཏེ་དམངས་གཙོ་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་ཡོད”ཅེས་བརྗོད་ཡོད། 1991ལོར་གཏན་འཁེལ་བྱས་པའི《ཡུལ་གྱར་བོད་མིའི་རྩ་ཁྲིམས》ནང“འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་ཆོས་སྲིད་ཟུང་འབྲེལ་དང་རང་དབང་དང་བདེ་འཇགས་ཀྱི་དམངས་གཙོའི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་བསྐྲུན་རྒྱུའི”གཏན་འབེབས་བྱས་ཡོད། 1992ལོར་གཏན་འཁེལ་བྱས་པའི《བོད་ཀྱི་འབྱུང་འགྱུར་གྱི་སྲིད་དབང་གི་སྒྲིག་སྲོལ་དང་དེ་བཞིན་རྩ་ཁྲིམས་ཀྱི་དོན་སྙིང》ནང“ཆོས་སྲིད་ཕན་ཚུན་གཞོགས་འདེགས”འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ཀྱི་ངོ་བོར་འགྱུར་བ་བྱ་རྒྱུའི་གཏན་འབེབས་བྱས་ཡོད། 2011ལོར་བཟོ་བཅོས་བྱས་རྗེས་ཀྱི《ཡུལ་གྱར་བོད་མིའི་རྩ་ཁྲིམས》ནང་འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ནི“ཆོས་སྲིད་ཟུང་འབྲེལ”ཡིན་པའི་གཏན་འབེབས་བྱས་ཡོད།

    གཉིས་པ། བོད་གསར་པ་ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་པ།

    1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་བོད་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། 1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་བོད་ནས་མཐར་སྐྲོད་མཐའ་གཅིག་ཏུ་གཏོང་རྒྱུར་ཆ་རྐྱེན་གཏོད་ཡོད། 1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་བརྒྱ་གྲངས་རྒྱུན་མཐུད་བྱས་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དེ་ནས་བཟུང་མེད་པ་བཟོས་པ་རེད། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་རེད། 1978ལོའི་རྗེས་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་རེད། དུས་རབས་21པར་སླེབས་པ་ནས་བཟུང་བོད་ཀྱི་འཕེལ་རྒྱས་དེ་མྱུར་བགྲོད་ལམ་བུའི་ཐོག་བསྐྱོད་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་ཐད་འཕེལ་རིམ་གསར་པ་བྱུང་ཡོད། ལོ་60ལྷག་ཙམ་འཛུགས་སྐྲུན་འཕེལ་རྒྱས་བཏང་བ་བརྒྱུད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རིམ་བཞིན་འཚོལ་ཞིབ་ཐུབ་ནས་སྲོལ་རྒྱུན་དང་དེང་རབས་ཕན་ཚུན་འོད་མདངས་འཕྲོ་རེས་བྱེད་པའི་བོད་གསར་པ་ཞིག་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད།

    —— བོད་གསར་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ནི་ཀྲུང་ཧྭའི་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོའི་འགྲོ་ལམ་ཡིན་པ།

    ཉེ་རབས་ནས་བཟུང་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་འོག་བོད་ལ་ཀྲུང་ཧྭའི་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་གཅིག་གྱུར་བྱེད་པའམ་ཡང་ན་ཀྲུང་ཧྭའི་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་ནས་ཁ་བྲལ་བའི་ལས་དབང་གཉིས་ཀྱི་གདམ་ག་འཕྲད་ཡོད། དབྱིན་ཇི་མི་སེར་སྤེལ་མཁན་གྱིས་1888ལོ་དང་1904ལོར་བོད་དུ་དྲག་ཆས་བཙན་འཛུལ་སྔ་རྗེས་སུ་ཐེངས་གཉིས་བྱས་ནས་སྐབས་དེ་དུས་ཀྱི་ཀྲུང་གོའི་ཆིང་རྒྱལ་རབས(1644ལོ་ནས་1911ལོར་བར)སྲིད་གཞུང་ལ་འདྲ་མཉམ་མེད་པའི་ཆིངས་ཡིག་བཙན་ཤེད་ཀྱིས་བཞག་ཏུ་བཅུག་ནས་བོད་དུ་དམིགས་བསལ་གྱི་དབང་ཆ་འབོར་ཆེན་ཐོབ་ཡོད། ཆིང་རྒྱལ་རབས་བསྣུབས་རྗེས་དབྱིན་ཇི་མི་སེར་སྤེལ་མཁན་གྱིས་བོད་དུ་ཁ་ཕྲལ་གྱི་སྟོབས་ཤུགས་སྐྱེད་སྲིང་ཧུར་ཐག་བྱས་ནས“བོད་རང་བཙན”གྱི་གནད་དོན་བཟོས་ཡོད། 1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་བོད་ཀྱི་གོང་རིམ་ཁ་ཕྲལ་གཏོང་མཁན་དང་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་ཀྱིས་དུས་ཚོད་དམ་འཛིན་གྱིས“བོད་རང་བཙན”ཇུས་འགོད་བྱས་ནས་བོད་འདི་ཉིད་ཀྲུང་གོ་ནས་ཁ་ཕྲལ་གཏོང་རྒྱུའི་ལྐོག་ཇུས་བཤམས་ཡོད། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་དོན་དངོས་ཀྱི་གནས་ཚུལ་གཞིར་བཟུང་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་བྱེད་ཕྱོགས་སྤྱད་དེ་རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུའི་སེམས་ཐག་བཅད་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་པ་སོགས་ལས་རིགས་ཁག་གི་བོད་རིགས་རྒྱལ་གཅེས་མི་སྣས་ཀྱང་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་རེ་འབོད་བྱས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་དུ་ཕེབས་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུའི་རེ་བ་བཏོན་ཡོད། 1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་འཐུས་མིས《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(གཤམ་དུ་བསྡུས་མིང《གྲོས་མཐུན་དོན་ཚན་བཅུ་བདུན་པ》བརྗོད་རྒྱུ)བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཟླ་10ཚེས་24ཉིན་ཀྲུང་དབྱང་སྲིད་གཞུང་གི་ཀྲུའུ་ཞི་མའོ་ཙེ་ཏུང་ལ་གློག་འཕྲིན་སྤྲིངས་ནས“བོད་ས་གནས་སྲིད་གཞུང་དང་དེ་བཞིན་བོད་རིགས་གྲྭ་བཙུན་དང་སེར་སྐྱ་མང་ཚོགས་ཀྱིས་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་དང་འབྲེལ་མའོ་ཀྲུའུ་ཞི་དང་དེ་བཞིན་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག་མི་དམངས་བཅིངས་འགྲོལ་དམག་བོད་སྐྱོད་དཔུང་སྡེར་རྒྱལ་སྲུང་བརྟན་དུ་གཏོང་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཏེ་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་བོད་ནས་མཐར་སྐྲོད་བཏང་ནས་མེས་རྒྱལ་གྱི་མངའ་ཁོངས་བདག་དབང་གཅིག་གྱུར་ཡོང་རྒྱུར་སྲུང་སྐྱོང་བྱ་རྒྱུ་ཡིན”ཞེས་བཤད་ཡོད།

    ཞི་བས་བཅིངས་འགྲོལ་བཏང་བ་དེས་བོད་འདི་ཉིད་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་སྟོབས་ཤུགས་ཀྱི་འཆིང་རྒྱ་ལས་ཐར་ཏེ་བཙན་རྒྱལ་རིང་ལུགས་ཀྱིས་བརྩམས་པའི“བོད་རང་བཙན”གྱི་ངན་ཇུས་ཐལ་བའི་རྡུལ་དུ་བརླགས་པའི་བསྒྲགས་གཏམ་སྤེལ་ཞིང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་བྱུང་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་བ་དེས་ད་དུང་ཏཱ་ལ་དང་པཎ་ཆེན་དབར་གྱི་ལོ་རྒྱུས་ཐོག་ལུས་པའི་གནད་དོན་ཐག་གཅོད་བྱུང་ནས་བོད་ནང་ཁུལ་གྱི་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་ཐུབ་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། ཕྱི་རྒྱལ་གྱིས་བོད་དུ་ཡུན་རིང་ལོངས་སྤྱོད་བྱེད་པའི་དམིགས་བསལ་དབང་ཆ་ཀྲུང་གོ་སྲིད་གཞུང་གིས་རིམ་བཞིན་མེད་པ་བཟོས་ཡོད། 1954ལོར། ཀྲུང་གོ་དང་རྒྱ་གར་དབར《ཀྲུང་གོའི་བོད་ས་གནས་དང་རྒྱ་གར་དབར་གྱི་ཚོང་འགྲུལ་དང་འགྲིམ་འགྲུལ་སྐོར་གྱི་གྲོས་མཐུན》བཞག་ནས་དབྱིན་ཇིས་བོད་དུ་བཙན་འཛུལ་བྱས་ནས་བཞག་པའི་རྒྱ་གར་གྱིས་རྒྱུན་འཛིན་པའི་དམིགས་བསལ་གྱི་དབང་ཆ་མེད་པ་བཟོས་པ་རེད། 1956ལོར། ཀྲུང་གོ་དང་ནེ་པ་ལ་དབར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་པ་ལ་རྒྱལ་ལྡན་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་དང་དེ་བཞིན་ཀྲུང་གོའི་བོད་ས་གནས་དང་ནེ་པ་ལ་དབར་གྱི་ཚོང་འགྲུལ་དང་འགྲིམ་འགྲུལ་སྐོར་གྱི་གྲོས་མཐུན》བཞག་ནས་བོད་ས་གནས་དང་ནེ་པ་ལ་དབར་གྱི་ལོ་རྒྱུས་ཐོག་ལུས་པའི་གནད་དོན་ཐག་གཅོད་བྱས་པ་རེད།

    དེ་རྗེས་ཀྱི་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་བློ་སེམས་གཅིག་མཐུན་དང་ཕྱར་བ་གྲུ་འདེགས་ཀྱིས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་མི་རིགས་ཀྱི་འབྲེལ་བ་དང་། བོད་རིགས་དང་མི་རིགས་གཞན་དབར་འོ་ཆུ་འདྲེས་པ་ལྟ་བུ་དང་། ཕན་ཚུན་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་བཙུགས་ཡོད། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་དབྱང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ་བྱུང་ནས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱས་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཕེལ་རིམ་ནང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་རྒྱལ་ཁབ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་གཟི་བརྗིད་ལོངས་སུ་སྤྱད་ཡོད།

    བོད་འདི་ཉིད་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པ་ནས་གྲོལ་ཏེ་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་རོགས་བྱ་ཆེད། ཀྲུང་དབྱང་སྲིད་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་ལམ་སྲོལ་གྱི་ལེགས་ཆ་འདོན་སྤེལ་གྱིས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་སྐོང་འཐེན་བྱས་ནས་བོད་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། གཟིགས་སྐྱོང་སྲིད་ཇུས་དང་མི་རྒྱུ་དངོས་གསུམ་འབོར་ཆེན་བཏང་ནས་བོད་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་བསྣན་ཡོད། ལོ་60ལྷག་ཙམ་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ཀྱི་ནོར་སྲིད་ལ་གཏོང་སྤྲོད་གཞན་སྒྱུར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། 1952ལོ་ནས་2013ལོ་བར་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་ནོར་སྲིད་ཁག་ལ་ཁ་གསབ་རྒྱག་ཚད་སྒོར་དུང་ཕྱུར་5446ཟིན་པ་དེས་བོད་ས་གནས་ཀྱི་སྤྱི་པའི་ནོར་སྲིད་གཏོང་སྒོའི་95%ཟིན་ཡོད། 1980ལོ་ནས་བཟུང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་འཚོགས་ནས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་བསམ་གཞིག་བྱས་ཏེ་བོད་ཀྱི་འཕེལ་རྒྱས་འཛུགས་སྐྲུན་ལ་སྤྱི་ཡོངས་ནས་འཆར་འགོད་བྱས་ཡོད། 1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་ཀྲུང་དབྱང་གིས་བོད་ལ་ཁ་གཏད་རོགས་སྐྱོར་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་60དང་། ཞིང་ཆེན་དང་གྲོང་ཁྱེར་18ཀྲུང་དབྱང་ཁེ་ལས་17བཅས་བཀོད་སྒྲིག་བྱས་ནས་བོད་དུ་ཁ་གཏད་རོགས་སྐྱོར་བྱས་ཡོད། ལོ་20ཡི་ནང་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་གྱི་ཕུལ་བྱུང་ལས་བྱེད་པ་5965བོད་དུ་སྔ་རྗེས་སུ་ལས་དོན་སྤེལ་བར་ཡོང་ནས་བོད་སྐྱོར་རྣམ་གྲངས་7615ལག་བསྟར་བྱས་པ་དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་260བཏང་ནས་དམངས་འཚོ་ལེགས་གཏོང་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གཙོ་བོར་སྤྱད་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 2010ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་རྗེས་ཀྲུང་དབྱང་སྲིད་གཞུང་གིས་ཞིང་ཆེན་དང་གྲོང་ཁྱེར་གྱི་ནོར་སྲིད་ཡོང་འབབ་ཀྱི་སྟོང་ཆ་གཅིག་གཞིར་བཟུང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱི་རོགས་སྐྱོར་དངུལ་གྲངས་ཞིབ་བཤེར་གཏན་འཁེལ་བྱས་པ་དང་འབྲེལ་བརྟན་འཕར་གྱི་ལམ་སྲོལ་ཡང་བཙུགས་པ་རེད།

    —— བོད་ལྗོངས་གསར་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ནི་མི་དམངས་རང་ཁྱིམ་རང་བདག་བྱུང་བའི་ལམ་བུ་ཞིག་ཡིན།

    ཞིང་བྲན་བདག་པོས་དབང་དུ་སྒྱུར་བའི་བོད་རྙིང་པ་དེ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་བོད་ལྗོངས་གསར་པར་སྒྱུར་བཀོད་བྱ་རྒྱུ་དེ་ནི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྡོག་མེད་བླང་བྱ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་རེ་འདུན་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་གཞི་སྒྲོམ་ནང་བོད་འདི་ཉིད་དེང་རབས་དམངས་གཙོའི་འགྲོ་ལམ་ཐོག་བསྐྱོད་ཐུབ་པ་བྱུང་ནས་མི་དམངས་ཀྱི་ཆབ་སྲིད་དབང་ཆ་ཁག་ལ་བརྩི་འཇོག་དང་འགན་ལེན་གང་ལེགས་བྱུང་ཡོད།

    བོད་དུ་བོད་རིགས་དང་། མོན་པ་རིགས། ལྷོ་པ་རིགས། འཇང་རིགས། ཧུའེ་རིགས། རྒྱ་རིགས་སོགས་མི་རིགས་ཚང་མར་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་ལ་འདྲ་མཉམ་ངང་ཞུགས་པའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད། རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཡིན་པའི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་དམངས་གཙོའི་དབང་ཆ་སྤྱོད་པའི་ཐབས་ལམ་གཙོ་བོ་དེ་རེད། མིག་སྔར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཁྲོད་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་21ཡོད་པ་དང་། དེའི་ནང་ནས་12ནི་བོད་རིགས་སྤྱི་དམངས་ཡིན་པ་དང་། མོན་པ་རིགས་དང་ལྷོ་པ་རིགས་ཀྱི་མི་འབོར་ཤིན་ཏུ་ཉུང་ཡང་སོ་སོར་འཐུས་མི་རེ་ཡོད། མི་དམངས་སྲིད་གྲོས་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་དམིགས་བསལ་རྣམ་པ་དང་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་པ་དང་ཀྲུང་གོ་མི་དམངས་ཀྱིས་གྲོས་མོལ་དམངས་གཙོ་ལག་ལེན་བསྟར་བའི་སྒྲིག་གཞི་གལ་ཆེན་ཞིག་རེད། མིག་སྔར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ཨུ་ཡོན་29ཡོད་པའི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ཨུ་ཡོན་26ཡོད། བོད་རང་སྐྱོང་ལྗོངས་ཀྱི་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་34244ཡི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མི་31901ཡོད་པ་དེས་93%ཡན་བཟུང་བ་དང་མོན་པ་རིགས་དང་། ལྷོ་པ་རིགས། འཇང་རིགས། ཧུའེ་རིགས། ཀྲོང་རིགས་སོགས་ཚང་མར་རང་ཉིད་ཀྱི་འཐུས་མི་ཡོད། བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་གྲུབ་ཆའི་མི་སྣ་44ཡི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་25དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ་14ཡི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་8ཡོད། གཞི་རིམ་དམངས་གཙོའི་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་ཡོད། མིག་སྔར་བོད་དུ་གྲོང་ཚོ་95%ཡན་ལ་གྲོང་མིའི་འཐུས་མི་ཚོགས་འདུའི་ལམ་ལུགས་བཙུགས་ཡོད་པ་དང་གྲོང་མིའི་རང་སྐྱོང་རྩ་འཛུགས་འདེམས་ཐོན་བྱས་ཡོད། གྲོང་དོན་ཡོངས་བསྒྲགས་དང་དམངས་གཙོའི་དོ་དམ་ཁྱོན་ཡོངས་ལ་ཁྱབ་པ་དང་གྲོང་ཚོ་90%ཡན་དུ་ཡོངས་བསྒྲགས་ཤིང་སྒྲོམ་བཙུགས་ཏེ་མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་དང་། ཐེ་ཇུས་བྱེད་དབང་། འཐབ་ཇུས་འགོད་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་ལེན་བྱེད་ཀྱི་ཡོད། གྲོང་ཁྱེར་དང་གྲོང་རྡལ་192ཡི་སྡེ་ཁུལ་ཚང་མར་སྡེ་ཁུལ་ཡུལ་མི་འཐུས་མི་ཚོགས་ཆེན་དང་སྡེ་ཁུལ་ཡུལ་མི་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁུལ་གྱི་རྩ་འཛུགས་བཙུགས་པས་སྡེ་ཁུལ་ཡུལ་མིའི་རང་སྐྱོང་ལ་རྩ་འཛུགས་ཀྱི་འགན་ལེན་གང་ལེགས་ཐུབ་ཡོད།

    ཀྲུང་གོས་རྒྱལ་ཁབ་ཀྱི་གནས་ཚུལ་དང་བསྟུན་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་གྱི་ཡོད། བོད་ནི་ཀྲུང་གོའི་རང་སྐྱོང་ལྗོངས་ལྔའི་ནང་གི་ཡ་གྱལ་ཞིག་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ལ་གཞིགས་ན། བོད་རང་སྐྱོང་ལྗོངས་ལ་ཁྲིམས་འཛུགས་དབང་ཆ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལ་བབ་བསྟུན་ལག་ལེན་བསྟར་དབང་། མི་རིགས་སྐད་ཡིག་བེད་སྤྱོད་བྱེད་དབང་། མི་དོན་དོ་དམ་བྱེད་དབང་། ནོར་སྲིད་དོ་དམ་བྱེད་དབང་། རང་བདག་ངང་རིག་གནས་སློབ་གསོ་འཕེལ་རྒྱས་གཏོང་དབང་སོགས་ཚུད་པའི་རང་སྐྱོང་དབང་ཆ་རྒྱ་ཁྱབ་ཏུ་སྤྱོད་རྒྱུ་ཡོད། 1965ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔ་རྗེས་སུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་290ལྷག་ཙམ་བཟོས་པ་དང་། རྒྱལ་ཡོངས་རང་བཞིན་གྱི་བཅའ་ཁྲིམས་མང་པོ་ཞིག་གི་ཐད་བོད་ཀྱི་ཁྱད་ཆོས་དང་འཚམ་པའི་ལག་བསྟར་བྱ་ཐབས་གཏན་ལ་ཕབ་ཡོད། གཉེན་སྒྲིག་ལམ་ལུགས་ཐད་བོད་རང་སྐྱོང་ལྗོངས་ཀྱིས་1981ལོ་དང་2004ལོར་བབ་བསྟུན་སྲོལ་ཡིག་སོ་སོར་གཏན་འབེབས་བྱས་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》ནང་གཏན་འབེབས་བྱས་པའི་ཕོ་མོའི་ཁྲིམས་གཏན་འཁེལ་བའི་གཉེན་སྒྲིག་ལོ་ཚད་ལོ་2སོ་སོར་ཆུང་དུ་བཏང་བ་དང་འབྲེལ། བབ་བསྟུན་སྲོལ་ཡིག་ལག་ལེན་མ་བསྟར་གོང་ཤུག་གཅིག་ཁྱོ་མང་དང་ཁྱོ་གཅིག་ཤུག་མང་གི་གཉེན་སྒྲིག་འབྲེལ་བ་མེད་པ་བཟོ་རྒྱུ་རང་འགུལ་གྱིས་མི་འདོན་མཁན་ལ་རྒྱུན་འཁྱོངས་བྱེད་ཆོག་པའི་གཏན་འབེབས་ཀྱང་བྱས་ཡོད། བུ་བཙའི་ལམ་ལུགས་ཐད། 《བོད་རང་སྐྱོང་ལྗོངས་ཀྱི་འཆར་ལྡན་བུ་བཙའི་གནས་སྐབས་ལག་བསྟར་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》ལ་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས་རྒྱ་རིགས་ལས་བྱེད་པ་དང་། ལས་བཟོ། དེ་བཞིན་ནང་མིར“བཟའ་ཚང་གཅིག་གིས་ཕྲུ་གུ་གཅིག་ལས་མི་བཙའ་བའི”སྲིད་ཇུས་ལག་ལེན་བསྟར་བ་དང་། བོད་རིགས་དང་། འཇང་རིགས། ཧུའེ་རིགས། ཀྲོང་རིགས་སོགས་མི་རིགས་ལས་བྱེད་པ་དང་། ལས་བཟོ། དེ་བཞིན་ཐེམ་ཐོ་ཚན་པར་ཡོད་པའི་གྲོང་རྡལ་དང་གྲོང་ཁྱེར་གྱི་ཡུལ་མི་བཅས་ཀྱི་བཟའ་ཚང་གཅིག་གིས་བར་གསེང་བཞག་ནས་ཕྲུ་གུ་གཉིས་བཙའ་ཆོག་པ་དང་། ཞིང་འབྲོག་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་བུ་བཙར་ཚད་བཀག་མེད་པ་དང་མོན་པ་རིགས་དང་ལྷོ་པ་རིགས་དང་དེ་བཞིན་ཤར་པ་བ་དང་སྟེང་པ་བར་བུ་བཙའི་ཚད་གཞི་འདོན་གྱི་མེད། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་རང་བཞིན་གྱི་ཁྲིམས་གཏན་འཁེལ་བའི་གུང་གསེང་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་ད་དུང“བོད་ཀྱི་ལོ་གསར”དང“ཞོ་སྟོན”སོགས་བོད་ཀྱི་སྲོལ་རྒྱུན་དུས་ཆེན་དེ་ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་གུང་གསེང་ནང་བཅུག་ཡོད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ནང་མི་རིགས་རང་སྐྱོང་ས་གནས་ཀྱིས་ས་གནས་དེ་གའི་མི་རིགས་ཁྲོད་ནས་རིམ་ཁག་ལས་བྱེད་པ་དང་། ཆེད་ལས་ཤེས་ལྡན་པ་སྣ་ཚོགས། ལག་རྩལ་བཟོ་པ་བཅས་འབོར་ཆེན་གསོ་སྐྱོང་བྱ་རྒྱུར་རྒྱལ་ཁབ་ཀྱིས་རོགས་རམ་བྱ་རྒྱུའི་གཏན་འབེབས་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ནང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་། རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཀྲང་། རང་སྐྱོང་རྫོང་གི་རྫོང་དཔོན་བཅས་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བའི་མི་རིགས་ཀྱི་སྤྱི་དམངས་ཀྱིས་འགན་འཁུར་བ་དང་། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཁོངས་གཏོགས་ཀྱི་ལས་དོན་སྡེ་ཚན་གྱི་ལས་བྱེད་པའི་ཁྲོད་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བའི་མི་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་མི་སྣ་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཞབས་པའི་བཅའ་ཁྲིམས》ནང་མི་རིགས་རང་སྐྱོང་ས་གནས་སུ་གཞུང་ཞབས་པ་བསྡུ་སྐབས་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མར་ལྟ་རྟོག་འོས་འཚམ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པའི་དཔུང་ཁག་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་70.95%བཟུང་བ་དང་། དེའི་ནང་རྫོང་དང་ཤང་རིམ་པ་གཉིས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱིས་70.13%བཟུང་ཡོད། བོད་རིགས་སྤྱི་དམངས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་སྐབས་རིམ་བྱུང་གི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིའི་འགན་འཁུར་གྱི་ཡོད། རྒྱལ་ཡོངས་ཀྱི་མཐོ་སློབ་རྒྱུགས་སྤྲོད་དང་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་རྒྱུགས་སྤྲོད་རིང་བོད་རིགས་སོགས་གྲངས་ཉུང་མི་རིགས་ལ་སྐར་མ་སྣོན་པའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད།

    —— བོད་གསར་པའི་འཕེལ་རྒྱས་ཀྱི་ལམ་བུ་ནི་མི་རིགས་ཁག་ཐུན་མོང་དར་རྒྱས་གོང་འཕེལ་འགྲོ་བའི་ལམ་བུ་ཞིག་ཡིན།

    ལོ་བཅུ་གྲངས་རིང་ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་དང་རྒྱལ་ཡོངས་མི་རིགས་ཁག་གི་རོགས་རམ་ཧུར་ཐག་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད་བོད་ཀྱི་འཕེལ་རྒྱས་ཆུ་ཚད་དེ་སྐས་རིམ་གསར་པར་སླེབས་པ་དང་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་ཡོད།

    མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཞིང་། 2013ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་807.67ཟིན་པ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་6578ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་སྒོར་20023ཟིན་པ་བཅས་རེད། བོད་ཀྱི་མི་འབོར་ཕལ་ཆེ་བ་ལོ་ངོ་སྟོང་རིང་རྒྱུན་མཐུད་པའི་དབུལ་ཕོངས་ལས་གྲོལ་ཐུབ་པ་བྱུང་སྟེ་འབྱོར་འབྲིང་འཚོ་བའི་ཆུ་ཚད་ལ་སྤྱིར་ན་སླེབས་ཐུབ་ཡོད། 2006ལོ་ཚུན་དུ་ལག་བསྟར་བྱས་པའི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ནས་དུད་ཚང་ཁྲི་46.03དང་ཞིང་འབྲོག་པ་མི་གྲངས་ཁྲི་230བདེ་འཇགས་དང་སྤྱོད་གོ་ཆོད་པའི་ཁང་ གསར་ནང་སྡོད་རྒྱུ་བྱུང་ཡོད། ཞིང་འབྲོག་པ་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་30.51ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་42.81ཟིན་ཡོད། མི་འབོར་ཆེས་ཆེར་འཕར་བ་དེས་2013ལོར་མི་གྲངས་ཁྲི་312.04ཟིན་པ་དང་། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་68.2ཟིན་པ་དེ་དུས་རབས་20པའི་ལོ་རབས་50ཡི་དུས་འགོའི་ལྡབ་གསུམ་དང་ལྡབ་གཉིས་སོ་སོ་རེད། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་། ཀྲུང་གོ་སྦྲག་ལས་ཚོགས་པ་ཀུང་སི། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“CCTVདཔལ་འབྱོར་འཚོ་བའི་བརྟག་དཔྱད་ཆེན་པོའི”ནང་ལྷ་ས་གྲོང་ཁྱེར་འདི་ཉིད་ལོ་ལྔ་བསྟུད་མར་ཀྲུང་གོའི་བདེ་སྐྱིད་སྟོན་གྲངས་མཐོ་ཤོས་ཀྱི་གྲོང་ཁྱེར་ལ་བདམས་པ་རེད།

    སློབ་གསོ་འཕྲོད་བསྟེན་དང་སྤྱི་ཚོགས་འགན་ལེན་བྱ་གཞག་སྒོ་ཀུན་ནས་གོང་འཕེལ་བྱུང་ཞིང་། བོད་ལ་རྒྱལ་ཡོངས་ནས་སློབ་ཞུགས་གོང་གི་སློབ་གསོ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་བཅས་ལོ་15ཡི་རིན་མེད་སློབ་གསོ་སྔོན་ལ་ལག་ལེན་བསྟར་ཞིང་། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་99.59%ཟིན་པ་དང་། དམའ་རིམ་སློབ་འབྲིང་གི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་98.75%ཟིན་པ། མཐོ་རིམ་དུས་མཚམས་ཀྱི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་72.23%ཟིན་ཡོད། མི་འབོར་བྱང་ཚད་མངོན་གསལ་དོད་པོས་གོང་མཐོར་སོང་ནས་ན་གཞོན་དང་དར་མ་ཡིག་རྨོངས་བ་གཞི་རྩའི་ཆར་མེད་པ་བཟོས་ཏེ་ལོ་ན་15ཡན་གྱི་མི་འབོར་གྱི་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་གྲངས་8.1ཟིན་ཡོད། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་མ་ལག་སྤྱིར་ན་བཙུགས་ཤིང་། ད་ཆ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི(གྲོང་ཚོའི་འཕྲོད་བསྟེན་ཁང་ཚུད་ཡོད)6660ཡོད། རིན་མེད་སྨན་བཅོས་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཞིང་འབྲོག་པ་ཡོངས་ལ་ཁྱབ་པ་དང་སྲིད་གཞུང་གི་གྲོན་དངུལ་ཁ་གསབ་ཚད་གཞི་2014ལོར་མི་རེར་ཆ་སྙོམས་སྒོར་380བར་མཐོ་རུ་བཏང་ཡོད། རྒྱལ་ཡོངས་ནས་སྔོན་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་རིན་མེད་བདེ་ཐང་བརྟག་དཔྱད་བྱས་ཡོད།

    དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཞིང་། དེང་རབས་བཟོ་ལས་དང་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ནས་རིགས་སྣ་20ལྷག་ཙམ་ཚུད་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་བཟོ་ལས་མ་ལག་ཅིག་ཆགས་ཡོད། ཆུ་གློག་གིས་གཙོ་བོར་བྱས་པ་དང་། ས་འོག་ཚ་ནུས་དང་། རླུང་ནུས། ཉི་འོད་ནུས་པ་སོགས་ནུས་མང་ཕན་གསབ་ཀྱི་ནུས་རྒྱུའི་མ་ལག་གསར་པ་ཞིག་ཁྱོན་ཡོངས་ནས་བསྐྲུན་ཡོད། 2013ལོར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་128ཟིན་པ་དང་མི་འབོར་ཡོངས་ལ་གློག་ཁྱབ་ཚད་100%ཟིན་ཡོད། གཞུང་ལམ་དང་། མཁའ་ལམ། ལྕགས་ལམ། མདོང་ལམ་སྐྱེལ་འདྲེན་བཅས་ཀྱི་འཛུགས་སྐྲུན་གཙོ་བོར་བཟུང་བའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད། 2014ལོར་སྤྱིར་ན་རྫོང་དང་ཤང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པའི་ནང་རྫོང་62ལ་སྣུམ་ནག་ལམ་བཏིང་ཡོད། མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་བུ་ཡིན་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ཡོད། བོད་ཀྱི་གནམ་གྲུ་ཐང་5ལ་གནམ་གྲུ་ཤར་གཏོང་ཐུབ་པ་དང་། མཁའ་འགྲུལ་ཀུང་སི་8ཀྱིས་བོད་དུ་སྐྱེལ་འདྲེན་བྱས་པ། རྒྱལ་ནང་གི་མཁའ་འགྲུལ་ལམ་བུ་45བཏོད་ཡོད།

    ལྗོངས་ཡོངས་སུ་ཁྱབ་པའི་འོད་འཁྲིད་ཚི་སྐུད་དང་། སྲུང་སྐར། ཐག་རིང་ཁ་པར་དྲ་བ་བཅས་ཁྱོན་ཡོངས་ནས་བསྐྲུན་ཞིང་། རྫོང་རིམ་པ་ཡན་དུ་3Gའཕྲིན་གཏོང་ལག་རྩལ་སྤྱིར་ན་ཡོངས་སུ་ཁྱབ་པ་དང་། ཤང་ཚང་མར་དྲ་ཆེན་རྩ་བའི་ཆ་ནས་ཁྱབ་པ། གྲོང་ཚོ་ཚང་མར་ཁ་པར་རྩ་བའི་ཆ་ནས་ཤར་གཏོང་ཐུབ་ཡོད། 2013ལོའི་ལོ་མཇུག་ཏུ་ཁ་པར་ཁྱབ་གདལ་བྱུང་ཚད་མི་བརྒྱ་རེར་98.1ཟིན་པ་དང་འཕྲིན་སྦྲེལ་དྲ་བ་ཁྱབ་གདལ་བྱུང་ཚད་37.4%ཟིན་ཡོད།

    ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཞིང་། བོད་ཀྱི་དཔལ་འབྱོར་འདི་ཉིད་སྒོ་རྒྱག་རྣམ་པ་ནས་སྒོ་དབྱེའི་རྣམ་པའི་ཕྱོགས་དང་མཁོ་སྤྲོད་རྣམ་པ་ནས་གཉེར་སྐྱོང་རྣམ་པའི་ཕྱོགས་སུ་རིམ་བཞིན་འཕེལ་རྒྱས་བྱུང་བ་དང་འཕེལ་རྒྱས་ཀྱི་གོམ་སྟབས་རྒྱལ་ཡོངས་ཀྱི་གོམ་སྟབས་དང་རྩ་བའི་ཆ་ནས་གཅིག་མཚུངས་བྱུང་ཡོད། མིག་སྔར་བོད་འདི་ཉིད་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་རའི་མ་ལག་ནང་འཇུག་ཐུབ་པ་བྱུང་སྟེ་རྒྱལ་ཡོངས་དང་འཛམ་གླིང་ས་གནས་ཁག་གི་ཚོང་ཟོག་སྣ་ཚོགས་བོད་ཀྱི་ཁྲོམ་རའི་ནང་རྒྱུན་མི་ཆད་པར་འདྲེན་པ་དང་། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཚོང་ཟོག་འབོར་ཆེན་ཞིག་ཀྱང་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཐོག་གི་ཁྲོམ་རར་ཕྱིར་གཏོང་བྱས་ཡོད། 2013ལོར་ལྗོངས་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་33.19ཟིན་པ་དང་བོད་སྐྱོད་ཡུལ་སྐོར་བའི་མི་གྲངས་ཁྲི་1291ཟིན་པའི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་མི་གྲངས་ཁྲི་22ཟིན་ཡོད།

    —— བོད་གསར་པའི་འཕེལ་རྒྱས་ལམ་བུ་ནི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་དང་དར་སྤེལ་གཏོང་བའི་ལམ་བུ་ཞིག་ཡིན།

    བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོང་ནུས་ལྡན་བྱུང་ཞིང་། བོད་རང་སྐྱོང་ལྗོངས་ཀྱིས་1987ལོ་དང་། 1988ལོ། 2002ལོ་བཅས་སོ་སོར་ཁྲིམས་འཛུགས་བྱས་པ་བརྒྱུད། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་ཁྲིམས་ལུགས་ཅན་གྱི་སྲོལ་ལམ་ཐོག་བཅུག་ཡོད། སློབ་གསོའི་ཁོངས་གཏོགས་སུ་བོད་ཡིག་སློབ་ཁྲིད་གཙོ་བོར་བཟུང་བའི་སྐད་གཉིས་སློབ་ཁྲིད་མ་ལག་ཁྱབ་གདལ་བཏང་བ་དང་། ཞིང་འབྲོག་ཁུལ་ཡོངས་དང་གྲོང་ཁྱེར་དང་གྲོང་རྡལ་ཁག་གཅིག་གི་སློབ་ཆུང་དུ་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་སློབ་ཁྲིད་བྱས་པ། སློབ་ཚན་གཙོ་བོ་བོད་སྐད་ཐོག་ནས་སློབ་ཁྲིད་བྱས་ཡོད། སློབ་འབྲིང་དུས་མཚམས་སུའང་དུས་གཅིག་ཏུ་བོད་སྐད་ཡིག་དང་རྒྱའི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱས་པ་དང་འབྲེལ་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་འབྲིང་དུའང་བོད་ཡིག་སློབ་ཚན་ཁྲིད་ཀྱི་ཡོད། མཐོ་རིམ་སློབ་གྲྭ་དཀྱུས་མར་སློབ་མ་བསྡུ་བའི་ཡིག་རྒྱུགས་ནང་བོད་སྐད་ཡིག་གི་རྒྱུགས་ཤོག་སྤྱོད་ཆོག་པ་དང་། བོད་ཡིག་རྟགས་རིས་ཀྱི་རྩིས་རྒྱག་འཕྲུལ་འཁོར་གྱི་ཨང་སྒྲིག་རྒྱལ་ཁབ་ཀྱི་ཚད་གཞི་དང་རྒྱལ་སྤྱིའི་ཚད་གཞིའི་ནང་འཇུག་ཐུབ་པ་བྱུང་ནས་བོད་ཡིག་རྩོམ་སྒྲིག་མ་ལག་དང་། སྐུལ་འོད་པར་རྒྱག་པར་སྒྲིག་མ་ལག གློག་རྡུལ་པར་སྐྲུན་མ་ལག་བཅས་ཁྱབ་གདལ་བེད་སྤྱོད་ཆེན་པོ་བྱུང་ཡོད། ཆབ་སྲིད་འཚོ་བའི་ནང་བོད་ཀྱི་སྐད་ཡིག་ཁྱབ་གདལ་བེད་སྤྱོད་ཆེན་པོ་བྱུང་ཡོད་ཅིང་། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་དང་གཏན་འབེབས་དང་། དེ་བཞིན་བོད་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་དང་ཁོངས་གཏོགས་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱེད་པའི་དངོས་གཞིའི་ཡིག་ཆ་དང་སྤྱི་བསྒྲགས་ལ་སོགས་སྤེལ་བར་བོད་རྒྱ་ཡིག་རིགས་གཉིས་སྤྱོད་ཀྱི་ཡོད། ཁྲིམས་འཛིན་གཏུག་བཤེར་བརྒྱུད་རིམ་ནང་བོད་རིགས་ཀྱིས་ཞུ་གཏུག་བརྒྱབ་པ་ཚང་མར་བོད་སྐད་ཡིག་ཐོག་ནས་གྱོད་གཞི་འདྲི་ཞིབ་དང་ཁྲིམས་དོན་ཡིག་རིགས་ཀྱང་བོད་ཡིག་ཐོག་ནས་བྲིས་ཡོད། རྒྱལ་ཁབ་ཀྱིས་བོད་སྐད་ཡིག་སྲུང་སྐྱོང་དང་འཕེལ་རྒྱས་བཏང་བ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཚུད་པའི་རྒྱལ་ཡོངས་ས་གནས་ཁག་གི་སྤྱི་དམངས་ཁྲོད་དུ་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཁྱབ་གདལ་དང་། སློབ་སྦྱོང་། བེད་སྤྱོད་བཅས་བྱས་ནས་མི་རིགས་ཁག་དང་ས་ཁུལ་ཁག་གི་དཔལ་འབྱོར་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་ཡོད།

    ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་ཡོད། བོད་རང་སྐྱོང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་དོ་དམ་སྲོལ་ཡིག》དང《རིག་དངོས་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྩ་ཚིག》སོགས་བཟོས་ནས་རིག་དངོས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། ད་ཡོད་རིགས་ཁག་གི་རིག་དངོས་ས་ཚིགས་4277དང་། རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་55 རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་391 གྲོང་ཁྱེར་དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་978 རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་3བཅས་ཡོད། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག གཙུག་ལག་ཁང་བཅས་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། ལྷ་ས་དང་། གཞིས་རྩེ། རྒྱལ་རྩེ་བཅས་ནི་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་དུ་བཅུག་པ། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནི་རྒྱལ་ཁབ་རིམ་པ་དང་པོའི་རྟེན་རྫས་བཤམས་མཛོད་ཁང་དུ་བཅུག་པ། བོད་ལྗོངས་ཡིག་ཚགས་ཁང་དུ་ལོ་རྒྱུས་ཡིག་ཚགས་གལ་ཆེན་ཁག་ཁྲི་300ལྷག་ཙམ་ཉར་ཚགས་བྱས་ཡོད་པ་བཅས་རེད། ད་ཡོད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་རྣམ་གྲངས་76དང་། རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་323 ས་ཁུལ་དང་གྲོང་ཁྱེར་རིམ་པའི་རྣམ་གྲངས་76 རྫོང་རིམ་པའི་རྣམ་གྲངས་814བཅས་ཡོད། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་68དང་། རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་350 དམངས་ཁྲོད་ལྷ་མོ་རུ་ཁག་117བཅས་ཡོད། གླིང་སྒྲུང་དང་ལྷ་མོ་ནི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་བྱང་ནང་བཅུག་པ་དང་། དེང་དུས་སྤྱི་པའི་རིག་གནས་ཉིན་བཞིན་ཁྱབ་གདལ་སོང་ནས་རླུང་འཕྲིན་བརྙན་འཕྲིན་ཕྱོགས་བསྡུས་ཁྱབ་ཚད་94.38%དང་95.51%སོ་སོར་ཟིན་ཡོད། བོད་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་ཞིང་པའི་དཔེ་དེབ་ཁང་ཡོད་པ་དང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཚང་མར་དགོན་སྡེའི་དཔེ་དེབ་ཁང་ཡོད་ཅིང་། 2011ལོར་བོད་དུ་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་བཙུགས་ནས་བོད་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་རེད།

    སྤྱི་དམངས་ཀྱི་ཆོས་དད་རང་མོས་དབང་ཆ་འགན་ལེན་ཐུབ་ཡོད་ཅིང་། བོད་རང་སྐྱོང་ལྗོངས་སུ་བོད་བརྒྱུད་ནང་བསྟན་དང་། བོན་ཆོས། དབྱི་སི་ལམ་ཆོས་ལུགས། གནམ་བདག་ཆོས་ལུགས་སོགས་ཆོས་ལུགས་སྣ་མང་ཡོད་པ་དང་བོད་བརྒྱུད་ནང་བསྟན་ཁོངས་སུའང་ད་དུང་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས་པ་སོགས་གྲུབ་མཐའ་མི་འདྲ་བ་ཡོད། མི་རིགས་ཁག་གི་ཆོས་དད་རང་མོས་དབང་ཆར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་དང་ཆོས་ལུགས་ཁག་དང་གྲུབ་མཐའ་ཁག་ཚང་མར་བརྩི་འཇོག་དང་སྲུང་སྐྱོབ་བྱས་ནས་ཆོས་ལུགས་ཐད་ཀྱི་བསྟུན་མཁས་དངོས་སུ་མངོན་འགྱུར་ཐུབ་ཡོད། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་མཉམ་སྡེབ། མི་སྒེར་བཅས་གང་རུང་ཚང་མས་སྤྱི་དམངས་ལ་བཙན་ཤེད་ངང་ཆོས་དད་བྱེད་དུ་འཇུག་པའམ་ཡང་ན་ཆོས་དད་བྱེད་དུ་མི་འཇུག་པ་བྱེད་མི་ཆོག་ལ། ཆོས་དད་བྱེད་མཁན་སྤྱི་དམངས་དང་ཆོས་དད་མི་བྱེད་མཁན་སྤྱི་དམངས་སུ་ལའང་མཐོང་ཆུང་བྱེད་ཆོག་གི་མེད། བོད་དུ་ད་ཆ་རིགས་ཁག་གི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་1787དང་། དགོན་སྡེར་ཡོད་པའི་གྲྭ་བཙུན་ཁྲི་4.6ལྷག་ཙམ། སྤྲུལ་སྐུ་358བཅས་ཡོད་པ་དང་། དབྱི་སི་ལམ་གྱི་ཆོས་ཁང་4དང་དབྱི་སི་ལམ་གྱི་དད་ལྡན་པ་3000ལྷག་ཙམ་ཡོད་པ། གནམ་བདག་ཆོས་ཁང་1དང་དད་ལྡན་པ་700ལྷག་ཙམ་བཅས་ཡོད། དགོན་སྡེར་དཔེ་ཆ་སྦྱོང་བ་དང་། ཚད་མ་རྩོད་པ། མཚན་གནས་སྤོར་བ། སྡོམ་པ་ལེན་པ། དབང་གནང་བ། ཆོས་འདོན་པ། སྒོམ་སྒྲུབ་བྱེད་པ་སོགས་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་རྒྱུན་གཏན་ངང་སྤེལ་བ་དང་ཆོས་ལུགས་དུས་ཆེན་འགངས་ཆེན་སླེབས་རིམ་བཞིན་བྱེད་སྒོ་སྣ་ཚོགས་འཆར་ཅན་ངང་སྤེལ་གྱི་ཡོད། ཆོས་དད་མང་ཚོགས་ཀྱི་ཁྱིམ་དུ་ཆོས་ཁང་ངམ་ཡང་ན་ཆོས་གཤོམ་ཡོངས་ཁྱབ་ངང་སྒྲིག་པ་དང་སྐོར་བ་རྒྱག་པ་དང་། ཆོས་མཇལ་འགྲོ་བ། དགོན་སྡེའི་གྲྭ་བཙུན་གདན་དྲངས་ནས་ཆོས་ལུགས་ཀྱི་ཆོ་ག་སྤེལ་བ་སོགས་ཆོས་དད་བྱེད་སྒོ་རྒྱུན་གཏན་ངང་སྤེལ་གྱི་ཡོད། སྤྲུལ་སྐུའི་ཡང་སྲིད་འཚོལ་རྒྱུ་དེ་བོད་བརྒྱུད་ནང་བསྟན་ལ་དམིགས་སུ་ཡོད་པའི་རྒྱུན་འཛིན་བྱེད་སྟངས་ཤིག་ཡིན་པ་དེར་རྒྱལ་ཁབ་ཀྱི་བརྩི་འཇོག་ཐོབ་ཡོད། 1995ལོར་བོད་རང་སྐྱོང་ལྗོངས་ཀྱིས་ཆོས་ལུགས་ངེས་སྲོལ་དང་ལོ་རྒྱུས་ཀྱི་གཏན་སྲོལ་གཞིར་བཟུང་གསེར་བུམ་དཀྲུགས་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་གནང་རྒྱུར་སྙན་སེང་ཞུས་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་དང་། དེ་བཞིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་མཚན་གསོལ་བ་དང་གསེར་ཁྲི་མངའ་གསོལ་ལེགས་གྲུབ་བྱས་ཡོད། 2007ལོར་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས》ལ་གྲོས་འཆམ་བྱུང་ནས་སྤྲུལ་སྐུའི་ཡང་སྲིད་སྔར་བས་ཚད་ལྡན་དུ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་པ་ནས་བཟུང་སྤྲུལ་སྐུའི་ཡང་སྲིད་60ལྷག་ཙམ་ལོ་རྒྱུས་ཀྱི་གཏན་སྲོལ་དང་ཆོས་ལུགས་ཀྱི་ངེས་སྲོལ་གཞིར་བཟུང་ཆོག་མཆན་ཐོབ་པ་དང་ཁས་ལེན་བྱུང་ཡོད།

    —— བོད་གསར་པའི་འཕེལ་རྒྱས་འགྲོ་ལམ་ནི་རྒྱུན་བསྲིང་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་རེད།

    བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་ལའང་དོན་སྙིང་གལ་ཆེན་ལྡན་ཡོད། ལོ་མང་རིང་བོད་འདི་ཉིད་འཕེལ་རྒྱས་གཏོང་རིང་དཔལ་འབྱོར་གྱི་ཆོས་ཉིད་དང་། སྤྱི་ཚོགས་ཀྱི་ཆོས་ཉིད། རང་བྱུང་གི་ཆོས་ཉིད་བཅས་ལ་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ཞུ་བ་དང་རང་བྱུང་ཁོར་ཡུག་བློས་གཏོང་བྱ་རྒྱུ་དེ་རིན་དོད་དུ་མི་བྱེད་པར་དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད་བཅས་ཞི་མཐུན་གཅིག་གྱུར་ཡོང་རྒྱུར་སྣང་ཆེན་བྱས་ནས་རྒྱུན་བསྲིང་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་ཡོད། ཀྲུང་དབྱང་སྲིད་གཞུང་གིས་མི་རྩ་བར་འཛིན་པའི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཐའ་འཁྱོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་སུ་བཞག་ནས་འཕེལ་རྒྱས་ཀྱི་གདམ་ག་གལ་ཆེན་དུ་བརྩི་ཡི་ཡོད་པ་རེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་པ་དང་དེ་བཞིན་སྣོད་བཅུད་བཟང་བའི་བོད་ལྗོངས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པའི་འཐབ་ཇུས་དམིགས་ཚད་བཏོན་ནས་ས་མཐོའི་ཁོར་ཡུག་འོག་བོད་འདི་ཉིད་རྒྱུན་བསྲིང་འཕེལ་རྒྱས་འགྲོ་བའི་ཐབས་ལམ་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་བྱེད་དགོས་པ་བཏོན་པ་རེད།

    ལོ་མང་རིང་། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་རབ་དང་རིམ་པ་ལག་ལེན་བསྟར་ནས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ཐད་སྒོ་ཀུན་ནས་འཆར་འགོད་དང་བཀོད་སྒྲིག་བྱས་པ་རེད། ཀྲུང་གོ་སྲིད་གཞུང་གིས་1998ལོ་དང་2000ལོར་བཏོན་པའི《རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་འཆར་འགོད》དང《རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་རྩ་གནད》ཁྲོད་མཚོ་བོད་ས་མཐོའི་དར་བཞུ་ཁུལ་དེ་རྒྱལ་ཡོངས་ཀྱི་སྣོད་བཅུད་འཛུགས་སྐྲུན་ཁུལ་ཆེ་གྲས་བརྒྱད་ཀྱི་གྲས་སུ་བརྩིས་ནས་ཆེད་མངགས་འཆར་འགོད་བྱས་ཏེ་སྲུང་སྐྱོང་བྱེད་ཐབས་བཟོས་པ་རེད། 2009ལོར་ཀྲུང་གོ་སྲིད་གཞུང་གིས《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད(2008ལོ་ནས་2030ལོ་བར)》གྲོས་འཆམ་བྱུང་ནས་མ་དངུལ་སྒོར་དུང་ཕྱུར་158བཏང་སྟེ་2030ལོར་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྤྱིར་ན་སྐྲུན་ཐུབ་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཀྱིས《སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་འཆར་འགོད》དང་། 《ས་ཆུ་སྲུང་འཛིན་འཆར་འགོད》 《ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་འཆར་འགོད》 《སྣོད་བཅུད་ནུས་པའི་ཁུལ་གྱི་འཆར་འགོད》སོགས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་རབ་དང་རིམ་པ་བཟོས་པ་དང་འབྲེལ། ཁྲིམས་འཛུགས་པ་བརྒྱུད་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཤུགས་ཆེ་རུ་བཏང་ཞིང་། ཉེ་བའི་ལོ་ཤས་རིང་། 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》བཟོ་བཅོས་བརྒྱབ་པ་དང《བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་དོ་དམ་བྱེད་ཐབས》སོགས་ཀྱི་སྒྲིག་སྲོལ་བཏོན་པ་རེད།

    རྒྱལ་ཁབ་དང་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་ནན་པོ་སྤྱད་ཅིང་། རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་དང་། རྨོ་བསྐྱུར་ནགས་གསོ། ཕྱུགས་བཀག་རྩྭ་གསོ་སོགས་ཀྱི་འདུ་འགོད་དང་རང་བྱུང་རྩྭ་ར་སྲུང་སྐྱོང་དང་འཛུགས་སྐྲུན་དང་སྐྱས་སྤོས་འབྲོག་པ་གཞིས་ཆགས་དང་། མི་ཐབས་རྩྭ་འདེབས། རྩྭ་ར་ལེགས་གཏོང་སོགས་ཀྱི་རྩྭ་རའི་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི་ནགས་ཚལ་སྣོད་བཅུད་ཕན་གསབ་ཐེབས་རྩ་ལག་ལེན་བསྟར་འགོ་ཚུགས་པ་དང་བྱེ་འགོག་བྱེ་བཅོས་དང་། ས་ཆུ་སྲུང་འཛིན། ཆུ་བོ་རྒྱུག་ཁུལ་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་དང་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་སྤེལ་ཡོད། གཟབ་ནན་ངང་བཟོ་ལས་འཕེལ་རྒྱས་གཏོང་བའི་རྩ་དོན་མཐའ་འཁྱོངས་ཀྱིས་ཟད་གྲོན་ཆེ་བ་དང་། སྦགས་བཙོག་ཕོག་ཤུགས་ཆེ་བ། བཙོག་འབུད་མང་བ་བཅས་ཀྱི་ལས་རིགས་ལྗོངས་ནང་ཁུལ་དུ་འཕེལ་རྒྱས་གཏོང་རྒྱུ་ཚོད་འཛིན་བྱས་ནས་ནུས་རྒྱུ་གཙང་མ་བེད་སྤྱོད་དང་དྲོད་རླངས་ཀྱི་རླངས་འབུད་ཚད་གཞི་ཉུང་དུ་བཏང་ཡོད། ལོ་མང་རིང་ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བྱ་ཐབས་ནན་པོ་སྤྱད་དེ་གཏེར་རྫས་ཐོན་ཁུངས་གསར་སྤེལ་བཀག་འགོག་བྱས་ཤིང་། 2013ལོར་སྲིད་གཞུང་གིས་ཁོར་ཡུག་འཇུག་འཐུས་ཀྱི་ཚད་གཞི་སྔར་བས་ནན་དུ་བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ལྟ་སྐུལ་དོ་དམ་བྱ་ཐབས་དང་། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་ལ་ལྟ་སྐུལ་དོ་དམ་བྱ་ཐབས། ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་བྱ་ཐབས་བཅས་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་བ་དང་། ལྷག་དོན་དུ་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གི་གཅིག་གྱུར་དོ་དམ་དང་ཁོར་ཡུག་སྲུང་སྐྱོང་གི་སྤ་སེ་གཅིག་གིས་ཁྲ་སློག་གི་ལམ་ལུགས་ལག་ལེན་བསྟར་ཡོད།

    ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.37ཟིན་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་33.9%ཟིན་ཏེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ནགས་ཚལ་ཁྱབ་ཚད་11.91%ཟིན་ནས་ནགས་ཤིང་གསོག་ཚད་ཀྱི་བསྡོམས་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། འདམ་ར་སྣ་ཚོགས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་600ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད། བདག་ཏུ་མ་བཟུང་བའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་125དང་བདག་ཏུ་མ་བཟུང་བའི་རྒྱལ་ཁབ་ཀྱི་སྲུང་སྐྱོང་སྲོག་ཆགས་རིགས་39སྲུང་སྐྱོང་ཡག་པོ་ཐུབ་ཡོད། 2012ལོའི་ལོ་མཇུག་བར་བོད་དུ་རང་བྱུང་རྩྭ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་8511ཟིན་པ་དེའི་ནང་ནས་བེད་སྤྱོད་ཆོག་པའི་རང་བྱུང་རྩྭ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་6910ཟིན་གྱི་ཡོད། མིག་སྔར་བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ་དང་ས་ཁོངས་མང་ཆེ་བ་གདོད་མའི་རྣམ་པར་གནས་ཡོད།

    གསུམ། “དབུ་མའི་ལམ”གྱི་ངོ་བོ་ནི་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུ་དེ་རེད།

    བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད་བོད་དེ་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མི་དམངས་ཀྱི་གཞི་རྩའི་བླང་བྱ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་རང་བཙན”གྱི་ཆབ་སྲིད་དམིགས་ཡུལ་འགྲུབ་རྒྱུར་དམིགས་ནས་སྔར་ནས་བཟུང་བོད་ཀྱི་འཕེལ་རྒྱས་ཡར་ཐོན་མཐོང་ཡང་མ་མཐོང་ཁུལ་བྱེད་པ་མ་ཟད། ད་དུང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་འབད་འཐབ་ཀྱི་གྲུབ་འབྲས་གསུབ་གང་ཐུབ་བྱས་ཏེ་བོད་ཀྱིས་བསྐྱོད་པའི་ཡང་དག་པའི་འགྲོ་ལམ་རྩིས་མེད་དུ་གཏོང་རྒྱུའི་ལྐོག་གཡོ་འཆང་གི་ཡོད།

    ལོ་མང་རིང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི“བོད་རང་བཙན”གྱི་གཡོ་ཇུས་ལ་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་རྒྱུན་ཆད་མེད་པར་བྱུང་ཞིང་། 1959ལོའི་ཟླ་3པར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཁྱོན་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་བ་དང་ཕམ་ཉེས་བྱུང་ནས་རྒྱ་གར་དུ་བྲོས་བྱོལ་སོང་རྗེས་ཡོངས་བསྒྲགས་སུ་གཏུམ་སྤྱོད་ལ་བརྟེན་ནས“བོད་རང་བཙན”ཡོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། དུས་རབས་20པའི་ལོ་རབས་70པའི་དུས་མཇུག་ཏུ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཞི་ལྷོད་དུ་ཕྱིན་པ་དང་བསྟུན་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་རྒྱལ་སྤྱིའི་དུས་བབ་རང་ལ་ཕན་པ་མེད་པ་མཐོང་སྐབས་ཐབས་ཇུས་སྒྱུར་འགོ་བཙུགས་ནས“དབུ་མའི་ལམ”ཟེར་བ་བཏོན་ཐོག་ཡོངས་བསྒྲགས་ཀྱི་རང་བཙན་དེ་རྣམ་པ་སྒྱུར་བའི་རང་བཙན་དུ་བསྒྱུར་ཡོད། 1989ལོར་སུའུ་ལེན་དང་ཡོ་རོབ་ཤར་མར་དུས་འགྱུར་ཆེན་པོ་བྱུང་རྗེས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ནོར་འཁྲུལ་སྒོ་ནས་དུས་བབ་ལ་བརྡར་ཤ་བཅད་དེ“བོད་རང་བཙན”གྱི་གོ་སྐབས་སླེབས་སོང་སྙམ་ནས་སླར་ཡང“བོད་རང་བཙན་གཙང་མ”བྱ་རྒྱུ་ཡིན་ཞེས་བཤད་ཡོད། 1994ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“བོད་རང་བཙན”ལ་རེ་བ་མེད་པ་ཤེས་སྐབས་སླར་ཡང་ཤོད་སྟངས་བསྒྱུར་ནས“དབུ་མའི་ལམ”ཟེར་བ་བསྐྱར་དུ་གླེང་ནས“ཚད་མཐོའི་རང་སྐྱོང”ཟེར་བའི་རེ་བ་སླར་ཡང་བཏོན་ཡོད། ཉེ་ལམ་ལོ་ཤས་རིང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“དབུ་མའི་ལམ”འུད་སྒྲོག་བྱ་ཤུགས་ཆེ་རུ་བཏང་བ་དང་འབྲེལ་མཛེས་འཆོས་ཀྱང་བྱས་པ་རེད།

    “དབུ་མའི་ལམ”ཞེས་པ་དེ་ནང་ཆོས་ཀྱི་ཐ་སྙད་ཡིན་མོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་དེ་ཆབ་སྲིད་ཅན་དུ་འགྱུར་བར་བྱས་ཤིང་། “དབུ་མའི་ལམ”ཟེར་བར་ཕྱོགས་བསྡུས་ལྟ་ཞིབ་བྱེད་སྐབས་དེའི་ལྟེ་བ་ལྔ་སྟེ། གཅིག་ནི་བོད་ལྗོངས་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་མ་བླངས་པར“བོད་ལྗོངས་ནི་ལོ་རྒྱུས་ཐོག་རྦད་དེ་རང་བཙན་གྱི་རྒྱལ་ཁབ”ཅིག་ཡིན་ཟེར་བ་དང་། “1951ལོར་ཀྲུང་གོས་བཙན་བཟུང་བྱས” “ལོ་རྒྱུས་ཐོག་ནས་བལྟས་ཚེ་བོད་མིར་རང་བཙན་གྱི་དབང་ཆ་ཡོད”ཅེས་ཟེར་བ་དང་། གཉིས་ནི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི“བོད་ཆེན་པོ”འཛུགས་རྒྱུའི་རེ་ངན་བཅངས་ཏེ“བོད་ཀྱི་གནད་དོན”ནི་བོད་མིའི་གནད་དོན་ཡིན་ཞེས་ཟེར་ནས་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ཀྱི་བོད་རིགས་དང་། དེ་བཞིན་མི་རིགས་གཞན་འདུས་སྡོད་ཁུལ་ཟླ་སྒྲིལ་བཏང་སྟེ་གཅིག་གྱུར་གྱི་སྲིད་འཛིན་ས་ཁུལ་འཛུགས་རྒྱུ། གསུམ་ནི་ཀྲུང་དབྱང་གི་ཚོད་འཛིན་མི་ཕོག་པའི“ཚད་མཐོའི་རང་སྐྱོང”ལག་བསྟར་བྱ་རྒྱུའི་རེ་བ་བཏོན་པ་དང་། ཀྲུང་དབྱང་སྲིད་གཞུང་གི་འགོ་ཁྲིད་དང་ད་ལྟ་བོད་དུ་ལག་ལེན་བསྟར་བཞིན་པའི་སྤྱི་ཚོགས་ཆབ་སྲིད་ལམ་ལུགས་ཁས་མི་ལེན་པར“རང་སྐྱོང་སྲིད་གཞུང”འཛུགས་རྒྱུ་ཡིན་ཟེར་བ་དང་། “ཕྱི་འབྲེལ་དང་རྒྱལ་སྲུང་ཕུད་ལས་དོན་གཞན་ཚང་མ་བོད་མིས(ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས)འགན་འཁུར་རྒྱུ་མ་ཟད་དབང་ཆ་ཚང་མ་ཡོད”ཟེར་བ། བཞི་ནི་ཀྲུང་དབྱང་གིས་བོད་དུ་དམག་དཔུང་བཅའ་སྡོད་བྱེད་པར་ངོ་རྒོལ་བྱས་ནས་ཕྱི་ཚུལ་ནས་ཀྲུང་དབྱང་གིས་རྒྱལ་སྲུང་ལ་འགན་འཁུར་རྒྱུར་ཁས་ལེན་བྱས་ཀྱང་ཕྱོགས་གཞན་ཞིག་ནས་ཀྲུང་གོའི་དམག་དཔུང“ཡོངས་རྫོགས་ཕྱིར་འཐེན་བྱ་རྒྱུའི”རེ་བ་བཏོན་ནས་བོད་འདི་ཉིད“རྒྱལ་སྤྱིའི་ཞི་བདེའི་ཁུལ”དུ་འགྱུར་རྒྱུའི་རེ་ངན་འཆང་གི་ཡོད། ལྔ་ནི་མཚོ་བོད་ས་མཐོར་གནའ་སྔ་མོའི་དུས་ནས་མི་རིགས་མང་པོ་འདུས་སྡོད་མཉམ་གནས་བྱེད་པའི་དོན་དངོས་སྣང་མེད་དུ་བཏང་ནས་མི་རིགས་གཞན“བོད་ཆེན་པོའི”ཁུལ་ནང་ཡོང་རྒྱུར་ཚོད་འཛིན་དང་མཚོ་བོད་ས་མཐོའི་ཐོག་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་མཁན་གྱི་མི་རིགས་གཞན་དག་ཕྱིར་འབུད་བྱེད་རྒྱུ་བཅས་རེད།

    “དབུ་མའི་ལམ”ནི་ཕྱི་ཚུལ་ཐོག་ནས་ཀྲུང་གོར་བོད་ཀྱི“བདག་དབང”ཡོད་པ་ཁས་ལེན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བོད་ཀྱི“བཅོས་སྐྱོང་དབང་ཆ”ཐོབ་ཐབས་བྱས་ཏེ་ཁོ་པ་ཚོས་ཚོད་འཛིན་བྱེད་པའི“ཕྱེད་རང་བཙན”གྱི་ཆབ་སྲིད་དངོས་ཚན་བཙུགས་ཏེ“བཅོས་སྐྱོང་དབང་ཆ”བརྟན་པོ་བྱུང་རྗེས་སླར་ཡང“བདག་དབང”དོན་དུ་གཉེར་ནས་མཐར“བོད་རང་བཙན”ཡོང་བ་བྱ་རྒྱུ་དེ་ཡིན། གོམ་སྟབས་དབྱེ་ནས“བོད་རང་བཙན”ཡོང་བ་བྱེད་པའི་ཆབ་སྲིད་ཀྱི་རྩ་འཛིན་ལ་བརྩི་བའི“དབུ་མའི་ལམ”དེ་ཀྲུང་གོའི་ལོ་རྒྱུས་དང་། དོན་དངོས། རྩ་ཁྲིམས། བཅའ་ཁྲིམས། གཞི་རྩའི་ལམ་ལུགས་བཅས་དང་མི་མཐུན་ལ། བོད་ཀྱི་ལོ་རྒྱུས་དང་། དོན་དངོས། མི་རིགས་འབྲེལ་བ་བཅས་དང་དེ་བས་མི་མཐུན་པ་མ་ཟད། བོད་རིགས་མི་དམངས་ཚུད་པའི་ཀྲུང་གོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་རྒྱབ་འགལ་བྱས་པ་ཞིག་རེད།

    —— བོད་དེ་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ལས་རང་བཙན་རྒྱལ་ཁབ་གཅིག་མིན།

    བོད་དེ་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དང་བོད་རིགས་ནི་ཀྲུང་གོའི་མངའ་ཁོངས་ནང་གི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་གྲས་ཤིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་གྱུར་འདུས་གྲུབ་ཆགས་པ་དང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་ཕུལ་ཡོད། གནའ་རྫས་རྟོག་ཞིབ་དང་ལོ་རྒྱུས་ལ་ཞིབ་འཇུག་འབོར་ཆེན་བྱས་པ་བརྒྱུད། ཀྲུང་གོའི་མངའ་ཁོངས་ནང་གི་བོད་རིགས་དང་རྒྱ་རིགས། དེ་བཞིན་མི་རིགས་གཞན་དག་དབར་གནའ་སྔ་མོ་ནས་བཟུང་ཁྲག་རྒྱུད་དང་། སྐད་བརྡ། རིག་གནས་སོགས་ཀྱི་ཐད་འབྲེལ་བ་དམ་ཟབ་ཡོད་པ་དང་ཡུན་རིང་གི་ལོ་རྒྱུས་འཕེལ་རྒྱས་ཁྲོད་བོད་ས་གནས་དང་ནང་སའི་དབར་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་སྤེལ་རེས་བྱ་རྒྱུ་མཚམས་ཆད་མྱོང་མེད་པ་གསལ་བཤད་བྱུང་ཡོད། སྤྱི་ལོའི་དུས་རབས་བདུན་པར་བོད་དུ་ཐུ་བྷོད་སྲིད་དབང་དར་བ་དེ་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་ས་གནས་སྲིད་དབང་ཞིག་ཡིན་པ་དང་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་གསར་སྤེལ་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    ཀྲུང་གོའི་གནའ་རབས་སུ་བོད་ས་གནས་དེ་ཀྲུང་དབྱང་སྲིད་གཞུང་གི་སྲིད་འཛིན་དོ་དམ་གཏོགས་ཁོངས་ནང་འཇོག་པའི་དུས་ནི་ཡོན་རྒྱལ་རབས་སུ(1271ལོ་ནས་1368ལོ་བར)ཡིན། ཡོན་རྒྱལ་རབས་སུ་སངས་རྒྱས་ཆོས་ལུགས་ལས་དོན་གྱི་དབང་འཛིན་ལས་ཁུངས་ཏེ། ཙུང་ཀྲེ་ཡོན་དང་ཤོན་ཀྲེ་ཡོན་བཙུགས་ཏེ་བོད་ལྗོངས་ས་ཁུལ་གྱི་དམག་དོན་དང་ཆོས་ལུགས་ལས་དོན་ལ་ཐད་ཀར་དོ་དམ་བྱེད་པ་དང་བོད་དུ་ཐེམ་བཤེར་དང་། རྟ་ཟམ་འཛུགས་རྒྱུ། ཁྲལ་བསྡུ། དམག་སྒར་འཛུགས་རྒྱུ། དཔོན་གནས་བསྐོ་བཞག་བཅས་བྱེད་པ་དང་འབྲེལ། ཡོན་རྒྱལ་རབས་ཀྱི་ཉེས་ཁྲིམས་དང་ལོ་རྩིས་བོད་དུ་འགྲེམས་སྤེལ་ལག་བསྟར་བྱས་ཏེ་གཏོགས་ཁོངས་དོ་དམ་གྱི་དབང་ཆ་གང་ལེགས་སྤྱད་ཡོད། མིང་རྒྱལ་རབས(1368ལོ་ནས་1644ལོ་བར)སུ་བོད་ལ་འཇའ་ས་སྤྲོད་པ་དང་ལམ་ལུགས་མང་པོ་བཙུགས་ཏེ་བོད་ས་གནས་ཁག་གི་ཆོས་ལུགས་གཙོ་འཛིན་ལ“ཆོས་རྒྱལ”དང“དབང་བཀུར་དབུ་བླ”སོགས་ཀྱི་འཇའ་ས་སྤྲད་ཡོད། དེ་དང་ཆབས་ཅིག་བོད་ས་གནས་ཀྱི་རྒྱལ་རྒྱུད་རྒྱུན་འཛིན་ཐད་ངེས་པར་དུ་གོང་མའི་ཆོག་མཆན་ཐོབ་རྗེས་གཞི་ནས་ཁྲིར་འཁོད་ཆོག་གི་ཡོད། ཆིང་རྒྱལ་རབས(1644ལོ་དང་1911ལོ་བར)སུ་ཀྲུང་དབྱང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་འགོ་འཛིན་ཏཱ་ལ་སྐུ་ཕྲེང་ལྔ་པ་དང་པཎ་ཆེན་སྐུ་ཕྲེང་ལྔ་པ་གཉིས་ལ་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནི་ཞེས་པའི་འཇའ་ས་གནང་ནས་ཆབ་སྲིད་དང་ཆོས་ལུགས་ཀྱི་གནས་བབ་དངོས་སུ་གཏན་འཁེལ་བྱས། དེ་ནས་བཟུང་ཏཱ་ལ་དང་པཎ་ཆེན་རིམ་བྱོན་ཚང་མ་ཀྲུང་དབྱང་གིས་གཏན་འཁེལ་བྱ་རྒྱུ་དེ་ངེས་སྲོལ་ཞིག་ཏུ་གྱུར་ཡོད། 1727ལོ་ནས་བཟུང་ཆིང་རྒྱལ་རབས་ཀྱིས་བོད་སྡོད་ཨམ་བན་བཏང་ནས་ཀྲུང་དབྱང་གི་ཚབ་བྱས་ཏེ་བོད་ཀྱི་ས་གནས་སྲིད་འཛིན་ལ་ལྟ་སྐུལ་དོ་དམ་བྱས་པ་དང་སྔ་རྗེས་སུ་བོད་སྡོད་ཨམ་བན་བརྒྱ་ཙམ་བཏང་ཡོད། 1751ལོར་ཆིང་རྒྱལ་རབས་ཀྱིས་རྒྱལ་རྒྱུད་ཀྱིས་སྲིད་དབང་འཛིན་པའི་ལམ་ལུགས་མེད་པ་བཟོས་ཏེ་ཏཱ་ལ་སྐུ་ཕྲེང་བདུན་པར་བོད་ས་གནས་སྲིད་གཞུང་དོ་དམ་བྱེད་དུ་བཅུག་པ་དང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལག་བསྟར་བྱས་པ་མ་ཟད། བཀའ་བློན་བཞི་ལས་གྲུབ་པའི་བཀའ་ཤག་བཙུགས་པ་དེས་བོད་སྡོད་ཨམ་བན་དང་ཏཱ་ལའི་བླ་མའི་བཀའ་ལ་ཉན་དགོས་ཀྱི་ཡོད། 1774ལོར་དབྱིན་ཇིའི་རྒྱ་གར་ཤར་མ་ཀུང་སིས་བཀྲ་ཤིས་ལྷུན་པོ་དགོན་པར་མི་བཏང་ནས་བོད་དང་ཐད་ཀར་འབྲེལ་བ་འཛུགས་རྒྱུའི་རེ་ངན་འཆང་སྐབས་པཎ་ཆེན་སྐུ་ཕྲེང་དྲུག་པས་བོད་ནི་ཀྲུང་གོའི་མངའ་ཁོངས་སུ་གཏོགས་པས་མཐའ་དག་ཀྲུང་གོའི་གོང་མའི་བཀའ་ལྟར་བྱ་བ་སྒྲུབ་དགོས་ཞེས་ལན་བསྐྱོན་པ་རེད། 1793ལོར་ཆིང་རྒྱལ་རབས་ཀྱིས《ལུགས་སྲོལ་གསར་འཛུགས་ཀྱི་དོན་ཚན་29》བཀྲམས་ནས་ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་བདག་སྐྱོང་བྱེད་པའི་ལམ་ལུགས་མང་པོ་འཐུས་སྒོ་ཚང་དུ་བཏང་བ་དང་། ཏཱ་ལ་སོགས་སྤྲུལ་སྐུ་ཆེ་གྲས་ཀྱི་ཡང་སྲིད་ཐད་གསེར་བུམ་དཀྲུག་འདོན་བྱས་ནས་གཏན་འཁེལ་བྱེད་དགོས་པ་དང་འབྲེལ། ཀྲུང་དབྱང་སྲིད་གཞུང་ལ་ཆོག་མཆན་ཡང་ཞུ་དགོས་པའི་གཏན་འབེབས་གསལ་པོ་བྱས་པ་རེད། དེ་རྗེས་ཏཱ་ལ་སྐུ་ཕྲེང་བཅུ་པ་དང་། བཅུ་གཅིག་པ། བཅུ་གཉིས་པ་བཅས་དང་པཎ་ཆེན་སྐུ་ཕྲེང་བརྒྱད་པ་དང་། དགུ་པ། བཅུ་གཅིག་པ་བཅས་ཚང་མ་གསེར་བུམ་དཀྲུག་འདོན་བྱས་པ་བརྒྱུད་གཏན་འཁེལ་བྱས་པ་རེད། ཏཱ་ལ་སྐུ་ཕྲེང་བཅུ་གསུམ་པ་དང་སྐྱེ་ཕྲེང་བཅུ་བཞི་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་ནི་ཀྲུང་དབྱང་སྲིད་གཞུང་ལ་ཆོག་མཆན་ཞུས་པ་བརྒྱུད་གསེར་བུམ་དཀྲུག་འདོན་བྱེད་མི་དགོས་པར་གཏན་འཁེལ་བྱས་པ་ཞིག་རེད།

    ཀྲུང་ཧྭ་མིན་གོས(1912—1949ལོ)ལོ་རྒྱུས་ཐོག་གྲུབ་པའི་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་འཛིན་པའི་བདག་དབང་རྒྱུན་འཛིན་བྱས་ནས་མུ་མཐུད་བོད་བདག་སྐྱོང་བྱ་རྒྱུ་ལག་བསྟར་བྱས་ཤིང་། ཆིང་རྒྱལ་རབས་ཀྱི་གོང་མ་མཐའ་མ་དེས་1912ལོའི《ཆིང་རྒྱལ་རབས་ཀྱི་གོང་མས་གསེར་ཁྲི་ནས་གཤོལ་བའི་བཀའ་ཤོག》ནང“དབང་སྒྱུར་བྱེད་དབང་རྒྱལ་ཡོངས་ལ་བདག་ནས་སྤྱི་མཐུན་རྩ་ཁྲིམས་རྒྱལ་ཁབ་ཀྱི་ལམ་ལུགས་ལ་གཏན་འཁེལ་བྱ་རྒྱུ་ཡིན”“མན་ཇུ་དང་། རྒྱ། སོག ཧུའེ། བོད་བཅས་མི་རིགས་ལྔའི་མངའ་ཁོངས་ཆ་ཚང་ཀྲུང་ཧྭ་མིན་གོར་གཅིག་ཏུ་བསྡུས་ཡོད”ཅེས་ཁྱབ་བསྒྲགས་བྱས་པ་རེད། 1912ལོར་གཏན་ལ་ཕབ་པའི《ཀྲུང་ཧྭ་མིན་གོའི་གནས་སྐབས་གཏན་འབེབས་དོན་ཚན་ཁ་ཤས》དང་1931ལོར་གཏན་ལ་ཕབ་པའི《ཀྲུང་ཧྭ་མིན་གོའི་སློབ་སྲིད་དུས་སྐབས་ཀྱི་གནས་སྐབས་གཏན་འབེབས་དོན་ཚན་ཁ་ཤས》ནང་བོད་ནི་ཀྲུང་ཧྭ་མིན་གོའི་མངའ་ཁོངས་ཤིག་ཡིན་པ་གཏན་འབེབས་གསལ་པོ་བྱས་ཡོད། 1929ལོར་ནན་ཅིང་གོ་མིན་སྲིད་གཞུང་གིས་སོག་བོད་ཨུ་ཡོན་ལྷན་ཁང་བཙུགས་ནས་བོད་ལ་སྲིད་འཛིན་བདག་སྐྱོང་བྱས་པ་རེད། 1940ལོར་མིན་གོ་སྲིད་གཞུང་གིས་ལྷ་སར་སོག་བོད་ཨུ་ཡོན་ལྷན་ཁང་གི་བོད་སྡོད་དོན་གཅོད་ཁྲུའུ་བཙུགས་པ་དེ་བོད་ས་གནས་སུ་བཙུགས་པའི་ཀྲུང་དབྱང་སྲིད་གཞུང་གི་རྒྱུན་འཛུགས་སྒྲིག་གཞིར་བརྩིས་པ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་ངོས་འཛིན་ཞུ་བ་དང་ཁྲི་འདོན་མངའ་གསོལ་ཞུ་སྐབས་ཚང་མ་སྐབས་དེའི་ཀྲུང་ཧྭ་མིན་གོ་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་ཀྱི་ཡོད། མིན་གོའི་དུས་སུ་དམག་ཤེད་ཅན་གྱི་སྡེ་གཟར་འཐབ་འཁྲུག་དང་། ནང་འཁྲུག་མང་བ། རྒྱལ་ཁབ་སྟོབས་ཞན་བཅས་ཡིན་ཡང་དཀའ་ཚེགས་ཧ་ཅང་ཆེ་བའི་ཆ་རྐྱེན་འོག་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་རྒྱལ་ཁབ་ཀྱི་བདག་དབང་འཛིན་རྒྱུ་སྲུང་སྐྱོང་བྱས་ཡོད།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རྒྱལ་ཡོངས་སུ་བཅད་བཟུང་རྣམ་པ་མཇུག་འགྲིལ་བ་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་རྒྱལ་ཁབ་ཀྱི་གཅིག་གྱུར་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ལོ་རྒྱུས་འཕེལ་རྒྱས་ཀྱི་ལྡོག་མེད་ཏུ་གྱུར་ཡོད། བོད་ཞི་བས་བཅིངས་འགྲོལ་དང་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་དང་བཅའ་སྡོད་བྱས་པ་ནི་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་ཀྲུང་དབྱང་གི་སྲིད་དབང་བརྗེ་བསྒྱུར་བྱས་རྗེས་རྒྱལ་ཁབ་ཀྱི་བདག་དབང་སྤྱོད་པ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་། རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བཅས་བྱེད་པའི་དྲང་བདེན་གྱི་བྱ་ཐབས་ཤིག་རེད། ཀྲུང་དབྱང་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་དབར་བཞག་པའི《གྲོས་མཐུན་དོན་ཚན་བཅུ་བདུན》ནི་བོད་འདི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་དང་ཁས་ལེན་བྱས་པའི་རྨང་གཞིའི་ཐོག་ཐོན་པའི་རྒྱལ་ནང་གི་གནས་སྐབས་ཀྱི་གཏན་འབེབས་དོན་ཚན་རེད། ཞི་བས་བཅིངས་འགྲོལ་བཏང་རྗེས་བོད་ལྗོངས་འདི་ཉིད་རིམ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་འགོ་ཚུགས་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་མ་བཏང་ཡོད།

    ལོ་རྒྱུས་ཀྱི་དོན་དངོས་ལས་གསལ་བཤད་གང་ལེགས་བྱས་དོན། བོད་འདི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ལས་རང་བཙན་གྱི་རྒྱལ་ཁབ་ཅིག་གཏན་ནས་མིན། དེང་སྐབས་ཀྱི་འཛམ་གླིང་ཐོག་རྒྱལ་ཁབ་ཁག་གིས་ཡོངས་ཁྱབ་ཐོག་བོད་འདི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་བྱེད་པ་ལས་རྒྱལ་ཁབ་གང་ཞིག་གིས་ཀྱང“བོད་རང་བཙན”ཡིན་པ་ཁས་ལེན་མྱོང་མེད་པར་བརྟེན་བོད་ཀྱི“ཆབ་སྲིད་གནས་བབ”ཟེར་བའི་གནད་དོན་རྩ་བ་ནས་མེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་1959ལོར་ཞིང་བྲན་ལམ་ལུགས་མེད་པ་བཟོ་བའི་སྒྱུར་བཅོས་ལ་བཀག་འགོག་བྱས་ཏེ་ཕྱི་རྒྱལ་དུ་བྲོས་བྱོལ་བྱས་རྗེས་བོད་མི་དམངས་ཀྱི་ཚབ་བྱེད་དབང་རྩ་བ་ནས་མེད་ལ། བོད་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་དབང་དེ་བས་ཀྱང་མེད། “ཡུལ་གྱར་སྲིད་གཞུང”ཟེར་བ་དེ་ནི་ཀྲུང་གོ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་མཁན་ཁྲིམས་འགལ་གྱི་ཆབ་སྲིད་རྩ་འཛུགས་ཤིག་ཡིན་པ་དེར་ཁྲིམས་མཐུན་རང་བཞིན་རྩ་བ་ནས་མེད་ལ་རྒྱལ་སྤྱིའི་ཐོག་ཏུའང་ཁས་ལེན་མཁན་རྒྱལ་ཁབ་གཅིག་ཀྱང་མེད།

    —— “བོད་ཆེན་པོ”ཟེར་བ་ནི་རྦད་དེ་རྟོག་བཟོ་བྱས་པ་ཞིག་ཡིན་པས་ཀྲུང་གོའི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་གྱི་མེད།

    ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཁོ་པ་ཚོའི“དབུ་མའི་ལམ”གྱི་འདོད་ཚུལ་ངན་སྤེལ་བྱེད་སྐབས་རྟག་ཏུ“བོད་ཆེན་པོ”ཟེར་བ་འུད་སྒྲོག་བྱེད་ཀྱི་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སྟོང་བསམ་ལྟར་ན“བོད་ཆེན་པོའི”ཁྱབ་ཁོངས་དེ་བྱང་ཤིན་ཅང་ལྷོ་རྒྱུད་དང་རྨ་ནུབ་དོག་ལམ་བར་དང་། ཤར་ཀན་སུའུ་དབུས་རྒྱུད་དང་སི་ཁྲོན་དབུས་རྒྱུད་བར། ལྷོ་ཡུན་ནན་དབུས་རྒྱུད་བར་བཅས་ཡིན་པ་དེའི་ནང་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་ཆ་ཚང་དང་། སི་ཁྲོན་ཞིང་ཆེན་གྱི་གཉིས་ཆ་གཅིག ཀན་སུའུ་ཞིང་ཆེན་གྱི་གཉིས་ཆ་གཅིག ཡུན་ནན་ཞིང་ཆེན་གྱི་བཞི་ཆ་གཅིག་བཅས་དང་། དེ་བཞིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་ཚུད་པ་དེ་དག་གི་སྤྱིའི་རྒྱ་ཁྱོན་གྱིས་ཀྲུང་གོའི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་བཞི་ཆ་གཅིག་ལྷག་ཙམ་ཟིན་པ་དེ་རེད།

    “བོད་ཆེན་པོ”ཟེར་བ་དེ་ཀྲུང་གོའི་སྲིད་འཛིན་ཁུལ་དབྱེའི་ལོ་རྒྱུས་ཐོག་གཞི་འཛིན་ས་གཏན་ནས་མེད། ཉེ་རབས་ཀྲུང་གོའི་སྲིད་འཛིན་ཁུལ་དབྱེ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་འཕེལ་རིམ་ནང་ཆགས་ཤིང་། ཐང་རྒྱལ་རབས(618ལོ་ནས་907ལོ་བར)སུ་ཐུ་བྷོད་སྲིད་དབང་ནི་ཐུ་བྷོད་ཀྱི་མང་ཚོགས་མཚོ་བོད་ས་མཐོ་དང་དེ་བཞིན་མཐའ་འཁོར་ས་ཁུལ་དུ་མཉམ་དུ་འཚོ་སྡོད་བྱེད་པའི་མི་རིགས་ཁག་དང་ཚོ་པ་ཁག་ལས་ཐུན་མོང་ཐོག་གྲུབ་པའི་མི་རིགས་མང་བའི་སྲིད་དབང་ཞིག་རེད། ཐུ་བྷོད་སྲིད་དབང་རྩ་མེད་དུ་སོང་རྗེས་མཚོ་བོད་ས་མཐོའི་ཁུལ་དུ་འཚོ་སྡོད་བྱེད་མཁན་ཐུ་བྷོད་ཀྱི་མང་ཚོགས་དང་མི་རིགས་གཞན་དག་འདྲེས་སྡོད་བྱེད་པ་མ་ཟད། གཅིག་གྱུར་གྱི་སྲིད་དབང་མེད། ཡོན་རྒྱལ་རབས་སྐབས་བོད་ས་གནས་སུ་དབུས་གཙང་མངའ་རིས་སྐོར་གསུམ་ཏུའུ་ཡོན་ཧྲོའེ་ཕུའུ(དབུས་གཙང་ཤོན་ཝུའེ་སི)བཙུགས་ནས་བོད་ས་གནས་ལ་དོ་དམ་བྱེད་ཀྱི་ཡོད། བོད་རིགས་འདུས་སྡོད་ཁུལ་གཞན་དག་ཏུ་ཐུ་བྷོད་སོགས་ཀླུའུ་ཁག་གི་ཤོན་ཝུའེ་ཧྲེ་སི་ཏུའུ་ཡོན་ཧྲོའེ་ཕུའུ(མདོ་ཁམས་ཤོན་ཝུའེ་སི)དང་ཐུ་བྷོད་སོགས་ཁྲུའུ་ཤོན་ཝུའེ་ཧྲེ་སི་ཏུའུ་ཡོན་ཧྲོའེ་ཕུའུ(མདོ་སྨད་ཤོན་ཝུའེ་སི)བཙུགས་ཡོད། གོང་གསལ་གྱི་ཤོན་ཝུའེ་སི་གསུམ་ཀ་ཀྲུང་དབྱང་དོ་དམ་སྒྲིག་གཞིའི་ཤོན་ཀྲེང་ཡོན(ཐོག་མར་ཙུང་ཀྲི་ཡོན་ཞེས་བརྗོད་ཀྱི་ཡོད)གྱི་ཁོངས་སུ་གཏོགས་ཀྱི་ཡོད། མིང་རྒྱལ་རབས་དུས་སུ་བོད་དུ་དབུས་གཙང་དབུས་བཀོད་འདོམས་སྤྱི་ཁྱབ་ཁང་དང་མངའ་རིས་དམག་དམངས་ཡོན་ཧྲོའེ་ཕུའུ་བཙུགས། ཕྱིས་སུ་དབུས་གཙང་ཤིན་ཏུའུ་བཀོད་འདོམས་ཧྲེ་སི་ལ་རིམ་སྤོར་བྱས། མདོ་ཁམས་ཁུལ་དུ་མདོ་ཁམས་བཀོད་འདོམས་ཧྲེ་སི(ཕྱིས་མདོ་ཁམས་ཤིན་ཏུའུ་བཀོད་འདོམས་ཧྲེ་སི་ལ་རིམ་སྤོར་བྱས)བཙུགས་ཡོད། ཆིང་རྒྱལ་རབས་གཡུང་ཀྲེང་ཁྲི་ལོ་བཞི་པ(1726ལོ)བོད་ས་གནས་སུ་ཟང་ཟིང་བྱུང་བར་དམིགས་ཏེ་ཀྲུང་དབྱང་གིས་བོད་དང་མཐའ་འཁོར་གྱི་སི་ཁྲོན་དང་། ཡུན་ནན། མཚོ་སྔོན་སོགས་ཞིང་ཆེན་གྱི་སྲིད་འཛིན་ཁུལ་དབྱེ་སྟངས་ལེགས་སྒྲིག་བྱས་པས་ཆིང་རྒྱལ་རབས་ཀྱིས་བོད་དང་བོད་རིགས་འདུས་སྡོད་ཁུལ་ལ་དོ་དམ་བྱེད་པའི་སྲིད་འཛིན་ཁུལ་དབྱེའི་གཞི་རྩའི་རྣམ་པ་ཞིག་ཆགས་པ་དང་འབྲེལ་ད་བར་རྒྱུན་བསྐྱངས་ཡོད། 1951ལོའི་ཞི་བས་བཅིངས་འགྲོལ་མ་བཏང་གོང་བར་བོད་ས་གནས་སྲིད་གཞུང་གི་སྲིད་འཛིན་དོ་དམ་ཁྱབ་ཁོངས་དེ་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ལས་གཏན་ནས་བརྒལ་མེད།

    “བོད་ཆེན་པོ”ཞེས་པ་ནི་ནུབ་ཕྱོགས་མི་སེར་སྤེལ་མཁན་གྱིས་ཀྲུང་གོར་བཙན་འཛུལ་དང་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུའི་རེ་ངན་བཅངས་པ་ལས་བྱུང་བ་ཞིག་ཡིན། “བོད་ཆེན་པོ”ཞེས་པ་དེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཐོག་མར་བསྒྲགས་པ་མིན་ཏེ། 1913ནས་1914ལོའི“སིམ་ལའི་གྲོས་ཚོགས”ཐོག་དབྱིན་ཇིའི་མི་སེར་སྤེལ་བའི་རིང་ལུགས་པས་བཏོན་ནས་ཁྲིམས་དང་མི་མཐུན་པའི“སིམ་ལའི་ཆིངས་ཡིག”ནང་བཀོད་པ་ཞིག་ཡིན། ཆིངས་ཡིག་དེའི་ནང་ཀྲུང་གོའི་བོད་རིགས་འདུས་སྡོད་ཁུལ་དེ“ཕྱི་བོད”དང“ནང་བོད”གཉིས་སུ་ཕྱེ་ཡོད། “ཕྱི་བོད”ཅེས་པ་ནི་དེང་གི་བོད་རང་སྐྱོང་ལྗོངས་ལ་ཟེར་ཞིང་དེ་རུ“རང་སྐྱོང”བྱེད་པ་དང“ནང་བོད”ཅེས་པ་ནི་བོད་རང་སྐྱོང་ལྗོངས་ཕུད་པའི་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་རིགས་འདུས་སྡོད་ཁུལ་ལ་ཟེར་ཞིང་། དེར་ཀྲུང་གོ་སྲིད་གཞུང་གིས་དཔོན་རིགས་དང་དམག་དཔུང་བཏང་ཆོག ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་ངོ་རྒོལ་དྲག་པོ་བྱས་རྐྱེན་སྐབས་དེའི་ཀྲུང་གོ་སྲིད་གཞུང་གི་འཐུས་མིས་མིང་རྟགས་མ་བཀོད་པ་དང་འབྲེལ་ཁས་ཀྱང་བླངས་མེད་པས“སིམ་ལའི་གྲོས་ཚོགས”དེ་གྲོས་འཆམ་མ་བྱུང་བར་ཚོགས་མཇུག་འགྲིལ་ལ“སིམ་ལའི་ཆིངས་ཡིག”དེའང་མིང་ཙམ་དུ་གྱུར་མོད། འོན་ཏེ་དབྱིན་ཇིའི་མི་སེར་སྤེལ་བའི་རིང་ལུགས་པས་བོད་ས་གནས་ཀྱི་མཐོ་རིམ་ཁ་ཕྲལ་ཕྱོགས་གཏོགས་སྔར་བཞིན་གསོ་སྐྱོང་བྱས་པ་དང་འབྲེལ་རྒྱབ་སྐྱོར་ཡང་བྱས་པར་བརྟེན་བོད་ས་གནས་ཀྱི་མཐོ་རིམ་ཁ་ཕྲལ་ཕྱོགས་གཏོགས་ཀྱིས་སྐབས་ཤིག་རིང་དབྱིན་ཇིའི་རྒྱབ་སྐྱོར་འོག“རང་སྐྱོང”ཐུབ་རྒྱུའི་སྟོང་བསམ་བྱེད་ཀྱི་ཡོད། དེ་སྔ་དབྱིན་ཇིའི་མི་སེར་སྤེལ་བའི་རིང་ལུགས་པས་མགོ་སྐོར་བཏང་བའི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་སྐུ་ཚེའི་་སྨད་དུ་གཞི་ནས་རྟོགས་པ་སད་ཅིང་། 1930ལོར་ཁོང་གིས་ལྷ་སར་སྐབས་དེའི་ཀྲུང་དབྱང་སྲིད་གཞུང་གི་འཐུས་མི་ལིའུ་མན་ཆིང་ལ“ཚང་མ་ཀྲུང་གོའི་མངའ་ཁོངས་ཡིན་པས་ཁྱེད་དང་ང་ཞེས་དབྱེ་བ་འབྱེད་དགོས་དོན་མེད……སྤུན་ཟླ་ཕན་ཚུན་མི་འཆམ་པ་བྱེད་རིན་གཏན་ནས་མེད”ཅེས་གསུངས་མྱོང་ཡོད་པ་རེད།

    “བོད་ཆེན་པོ”ཞེས་པས་མཚོ་བོད་ས་མཐོའི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་བཏོད་པའི་ལོ་རྒྱུས་དང་རིག་གནས་སྣང་མེད་དུ་བཏང་ཡོད། ཀྲུང་གོའི་མི་རིགས་ཁག་གིས་ཡུན་རིང་ཕན་ཚུན་འགྲོ་འོང་བྱས་པ་བརྒྱུད་འདྲེས་སྡོད་ཆེ་མོ་དང་འདུས་སྡོད་ཆུང་ངུ་ཡི་རྣམ་པ་ཞིག་ཆགས་ཤིང་། ཀྲུང་གོར་ཆ་མཚོན་ན། མི་རིགས་གཅིག་སྲིད་འཛིན་ས་ཁོངས་མི་འདྲ་བར་ཁྱབ་པ་དང་སྲིད་འཛིན་ས་ཁོངས་གཅིག་ཏུ་མི་རིགས་མི་འདྲ་བ་འདུས་སྡོད་བྱེད་ཀྱི་ཡོད། མཚོ་བོད་ས་མཐོའི་ཁུལ་དང་ལྷག་པར་དུ་ས་སྦྲེལ་ས་ཁོངས་སུ་གནའ་སྔ་མོ་ནས་བཟུང་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས། མོན་པ་རིགས། ལྷོ་པ་རིགས། ཆའང་རིགས། སོག་རིགས་ལ་སོགས་མི་རིགས་བཅུ་ཕྲག་འགའ་ཞིག་འཚོ་བ་སྐྱེལ་བ་དང་ཁོང་ཚོ་ནི་ས་གཞི་དེའི་ཐུན་མོང་གི་བདག་པོ་རེད། དེང་དུས་ཀྱི་བོད་རང་སྐྱོང་ལྗོངས་དང་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞི་པོ་ཚང་མ་ནི་མི་རིགས་མང་པོ་འདྲེས་སྡོད་བྱེད་པའི་ཁུལ་ཡིན་པ་དང་དེ་ནི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་དུས་ཡུན་རིང་པོ་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་འབྲས་བུ་ཞིག་རེད། ས་ཁམས་དང་། ལོ་རྒྱུས། གོམས་སྲོལ་སོགས་མི་འདྲ་བའི་རྐྱེན་གྱིས་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ས་ཁུལ་གྱི་བོད་རིགས་ཚོ་ཁག་མི་འདྲ་བར་ཀྲུང་གོའི་ཞིང་ཆེན་མི་འདྲ་བས་དོ་དམ་བྱེད་པ་དང་འབྲེལ་ས་གནས་ཁག་གི་གྲངས་ཉུང་མི་རིགས་གཞན་དག་དང་ཡུན་རིང་སྣོལ་འདྲེས་མཉམ་གནས་ཀྱང་བྱེད་བཞིན་ཡོད། དུས་ཡུན་རིང་པོའི་ལོ་རྒྱུས་འཕེལ་རྒྱས་ཁྲོད་སྲིད་འཛིན་ས་ཁོངས་མི་འདྲ་བར་ཆགས་པའི་བོད་རིགས་མི་དམངས་ཀྱིས་ཐུན་མོང་གི་མི་རིགས་ཁྱད་ཆོས་མཐའ་འཁྱོངས་བྱེད་བཞིན་ཡོད་པས། ཚོ་ཁག་གི་སྐད་ཡིག་དང་གོམས་སྲོལ་སོགས་ཐད་མི་འདྲ་བ་བྱུང་ནས་རང་རང་སོ་སོའི་ཁྱད་ཆོས་ལྡན་ཡོད། དེ་དང་དུས་མཚུངས་ས་ཁོངས་མི་འདྲ་བའི་བོད་རིགས་དང་ས་གནས་དེ་གའི་མི་རིགས་གཞན་དག་གི་མི་དམངས་དབར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཐད་འགྲོ་འོང་ཆེན་པོ་ཡོད་པ་དང་ལྷག་པར་དུ་དཔལ་འབྱོར་ཐད་ཀྱི་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་པས། ཐུན་མོང་ངམ་ཡང་ན་འདྲ་མཚུངས་ཀྱི་ས་ཁོངས་རིག་གནས་ཁྱད་ཆོས་ཤིག་ཐོན་ཡོད་པ་རེད།

    “བོད་ཆེན་པོ”ཞེས་པ་ཀྲུང་གོའི་རྒྱལ་ཁབ་ཀྱི་དངོས་ཡོད་གནས་ཚུལ་དང་རྦད་དེ་མཐུན་གྱི་མེད། ཀྲུང་གོར་མཚོན་ན་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱ་ཡུལ་དུ་ས་ཁོངས་རང་སྐྱོང་བྱས་ནས་རང་སྐྱོང་ལས་ཁུངས་བཙུགས་ཤིང་རང་སྐྱོང་དབང་ཆ་ལག་བསྟར་བྱེད་པ་ཞིག་ཡིན། མི་རིགས་རང་སྐྱོང་ས་གནས་དེ་རང་སྐྱོང་ལྗོངས་དང་། རང་སྐྱོང་ཀྲོའུ། རང་སྐྱོང་རྫོང་བཅས་གསུམ་དུ་ཕྱེ་ཡོད། མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཡིན། ཀྲུང་གོ་གསར་པ་བཙུགས་རྗེས་བོད་རང་སྐྱོང་ལྗོངས་ཕུད། ད་དུང་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གྱི་བོད་རིགས་འདུས་སྡོད་ས་ཁུལ་དུ་བོད་རིགས་རང་སྐྱོང་ཀྲོའུ་8དང་། བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་1 སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་1 བོད་རིགས་རང་སྐྱོང་རྫོང་2བཅས་བཙུགས་ཤིང་། བོད་རིགས་རང་སྐྱོང་ཀྲོའུ་ཁ་ཤས་སུ་མི་རིགས་གཞན་གྱི་རང་སྐྱོང་རྫོང་ཡང་བཙུགས་ཡོད། འདི་ལྟ་བུའི་སྲིད་འཛིན་དབྱེ་ཁོངས་ཀྱིས་མི་རིགས་ཁྱབ་ཚུལ་ཐད་ཀྱི་ལོ་རྒྱུས་ཀྱི་ཁྱད་ཆོས་བརྩི་འཇོག་གང་ལེགས་བྱས་ཡོད་པ་མ་ཟད་ད་དུང་སླད་ཕྱིན་གྱི་འཕེལ་རྒྱས་ལ་དམིགས་ཡོད་པའི་དབང་གིས་མི་རིགས་རྒྱུ་རྐྱེན་དང་ས་ཁོངས་རྒྱུ་རྐྱེན་གཉིས་དང་། ལོ་རྒྱུས་རྒྱུ་རྐྱེན་དང་དངོས་ཡོད་རྒྱུ་རྐྱེན་གཉིས། ཆབ་སྲིད་རྒྱུ་རྐྱེན་དང་དཔལ་འབྱོར་རྒྱུ་རྐྱེན་གཉིས་བཅས་ཟུང་འབྲེལ་བྱས་ལུགས་ཀྱང་མངོན་ཡོད་པས་དེ་ནི་མི་རིགས་ཚང་མ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་ཐུན་མོང་ཐོག་དར་རྒྱས་ཡོང་རྒྱུར་ཕན་པ་ཡོད་པ་ཞིག་ཡིན། ལག་ལེན་ཁྲོད་ལམ་ལུགས་དེ་ནི་གྲུབ་འབྲས་ཐོབ་པ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་བཞི་པའི་ནང“མི་རིགས་རང་སྐྱོང་ས་གནས་བཙུགས་རྗེས་ཁྲིམས་བཅད་གོ་རིམ་མ་བརྒྱུད་པར་མེད་པར་བཟོ་བའམ་ཟླ་སྒྲིལ་གཏོང་མི་རུང་། མི་རིགས་རང་སྐྱོང་ས་གནས་ཀྱི་ས་ཁོངས་དབྱེ་མཚམས་གཏན་འཁེལ་བྱས་རྗེས་ཁྲིམས་བཅད་གོ་རིམ་མ་བརྒྱུད་པར་འགྱུར་ལྡོག་གཏོང་མི་རུང་། མེད་པར་བཟོ་བའམ་ཟླ་སྒྲིལ་གཏོང་བ་དང་ཡང་ན་འགྱུར་ལྡོག་གཏོང་དགོས་རིགས་རིམ་པ་གོང་མའི་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་གཉིས་ཀྱིས་གྲོས་མོལ་གང་ལེགས་བྱས་ནས་ཁྲིམས་བཅད་གོ་རིམ་ལྟར་བཀའ་འཁྲོལ་ཡོང་བའི་སྙན་སེང་ཞུ་དགོས”ཞེས་གཏན་འབེབས་བྱས་ཡོད་པ་རེད།

    ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་ཆེན་པོ”འཛུགས་རྒྱུའི་ངན་ཇུས་བཤམས་པ་དེ་ལོ་རྒྱུས་དང་རྒྱབ་འགལ་དུ་སོང་ཡོད་ལ་དོན་དངོས་དང་ཡང་རྒྱབ་འགལ་དུ་སོང་བས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྦད་དེ་མཐུན་གྱི་མེད་པ་གོང་གསལ་ལས་གསལ་པོ་མཐོང་ཐུབ། “བོད་ཆེན་པོ”ཞེས་པ་དེས་མཚོ་བོད་ས་མཐོའི་ཐོག་ལོ་ངོ་སྟོང་གི་རིང་མི་རིགས་མང་པོ་མཉམ་འདྲེས་གནས་སྡོད་ཀྱི་དོན་དངོས་སྣང་མེད་དུ་བཏང་ནས་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པའི་མཚོ་བོད་ས་མཐོའི་ལོ་རྒྱུས་དེ་མི་རིགས་གཅིག་ཁོ་ནའི་ལོ་རྒྱུས་སུ་འཁྱོག་བཤད་བྱས་པ་དང་ཀྲུང་གོའི་མི་རིགས་ཁག་དབར་འགལ་ཟླ་དང་རྩོད་གཞི་བཟོས་ཏེ་མི་རིགས་གཞན་དག་ཕྱིར་འབུད་བྱེད་པའི“བོད་ཆེན་པོ”ཁོ་ན་འཛུགས་རྒྱུའི་ངན་ཇུས་བཤམས་པ་དེ་ནི་དཔེ་མཚོན་གྱི་ཐལ་སྐྱོད་མི་རིགས་རིང་ལུགས་དང་རིགས་རྒྱུད་རིང་ལུགས་ཀྱི་མཚོན་ཚུལ་ཞིག་རེད།

    —— “ཚད་མཐོའི་རང་སྐྱོང”ནི“རྒྱལ་ཁབ་ནང་དུ་རྒྱལ་ཁབ”འཛུགས་རྒྱུའི་ངན་ཇུས་བཤམས་པ་ཞིག་ཡིན་པས་ཀྲུང་གོའི་རྩ་ཁྲིམས་དང་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྦད་དེ་རྒྱབ་འགལ་དུ་སོང་ཡོད།

    “ཚད་མཐོའི་རང་སྐྱོང”ལ“དངོས་འབྲེལ་རང་སྐྱོང”དང“མིང་དོན་མཚུངས་པའི་རང་སྐྱོང”ཞེས་ཀྱང་བརྗོད་པ་དང་དེ་ནི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་འུད་སྒྲོག་བྱེད་པའི“དབུ་མའི་ལམ”གྱི་ལྟེ་བའི་ནང་དོན་གཞན་ཞིག་ཀྱང་རེད། ཕྱི་ངོས་ནས་བལྟས་ཚེ“ཚད་མཐོའི་རང་སྐྱོང”ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་ཁྱབ་ཁོངས་ནང་སྐད་ཡིག་དང་། རིག་གནས། ཆོས་ལུགས། སློབ་གསོ། ཁོར་ཡུག་སྲུང་སྐྱོང་སོགས་ཐད་བརྩོན་ལེན་བྱེད་པའི“རང་སྐྱོང་དབང་ཆ”ཞིག་ཡིན་མོད། འོན་ཀྱང“ཚད་མཐོའི་རང་སྐྱོང”སྐོར་གྱི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་གཏམ་བཤད་ནང་ཀྲུང་གོའི་རྒྱལ་ཁབ་གཅིག་གྱུར་དང་། བདག་དབང་དང་དེ་བཞིན་རྒྱལ་ཁབ་ཀྱི་ལམ་ལུགས་ལ་གཏོར་སྐྱོན་བཟོ་བ་སོགས་གསལ་གསལ་ཐིང་ཐིང་ངང་ཚུད་ཡོད། “ཚད་མཐོའི་རང་སྐྱོང”གི་ངོ་བོ་ནི་ཀྲུང་དབྱང་སྲིད་གཞུང་གི་གཅུན་འདོམས་མི་ཕོག་པའི“རྒྱལ་ཁབ་ནང་དུ་རྒྱལ་ཁབ”འཛུགས་རྒྱུ་དེ་རེད།

    གཅིག་ནི“རང་སྐྱོང་སྲིད་གཞུང”དང་ཀྲུང་དབྱང་སྲིད་གཞུང་དབར་གྱི་འབྲེལ་བའི་སྐོར་ལ། “ཚད་མཐོའི་རང་སྐྱོང”ནང“ཕྱི་འབྲེལ་དང་རྒྱལ་སྲུང་ཕུད་པའི་དེ་བྱིངས་ཀྱི་དོན་དག་ཚང་མ་བོད་མིས་འགན་འཁུར་དགོས་པ་མ་ཟད་དབང་ཆ་ཚང་མ་ཡོད་པ”དང“རང་སྐྱོང་སྲིད་གཞུང”ལ་རྒྱལ་ཕྱིར“འཐུས་མི་ཁྲུའུ”འཛུགས་དབང་ཡོད་པའི་འུད་སྒྲོག་བྱེད་ཀྱི་ཡོད། དེའི་ངོ་བོ་ནི“རང་སྐྱོང་སྲིད་གཞུང”དེ་ཀྲུང་དབྱང་སྲིད་གཞུང་གི་གཅུན་འདོམས་མི་ཕོག་པའི་རང་བཙན་གནས་བབ་ཐོག་བཞག་སྟེ་བོད་རང་སྐྱོང་ལྗོངས་སུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཆབ་སྲིད་ལམ་ལུགས་ཁག་མགོ་རྟིང་སློག་རྒྱུ་དེ་རེད།

    གཉིས་ནི་བོད་ཀྱི་དམག་དོན་འགོག་སྲུང་གི་ལས་དོན་སྐོར་ལ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“ཀྲུང་གུང་གི་དམག་དཔུང་རྦད་དེ་ཕྱིར་འཐེན་བྱས་ཚེ་གཞི་ནས་ཞི་བའི་ཐག་གཅོད་བྱེད་འགོ་འཛུགས་རྒྱུ་ཡིན”ཞེས་བརྗོད་ཡོད་ལ“ས་ཁུལ་རང་བཞིན་གྱི་ཞི་བའི་ཚོགས་འདུ་འཚོགས་ནས་བོད་དམག་དོན་ཅན་མིན་པ་བྱ་རྒྱུ་ཡིན”ཞེས་ཀྱང་བརྗོད་དེ་བོད་འདི་ཉིད“རྒྱལ་སྤྱིའི་ཞི་བདེ་ཁུལ”དང“ཀྲུང་གོ་དང་རྒྱ་གར་དབར་གྱི་བར་ཆོད་ས་ཁུལ”ལ་འགྱུར་བ་དང་ཀྲུང་གོའི་ནང་ངོས་ལས་དོན་དེ་རྒྱལ་སྤྱིའི་ལས་དོན་ལ་འགྱུར་བའི་རེ་ངན་འཆང་གི་ཡོད། བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུབ་ཆ་ཞིག་ཡིན་པས་ཀྲུང་དབྱང་སྲིད་གཞུང་གིས་བོད་དུ་དམག་དཔུང་བཅའ་སྡོད་བྱས་པ་དེ་ནི་རྒྱལ་ཁབ་བདག་དབང་གི་མཚོན་རྟགས་ཤིག་ཡིན་ལ་རྒྱལ་ཁབ་བདེ་འཇགས་ཀྱི་དགོས་མཁོ་ཡང་ཡིན། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཀྲུང་དབྱང་སྲིད་གཞུང་གིས་བོད་དུ་དམག་དཔུང་བཅའ་སྡོད་བྱས་པར་ངོ་རྒོལ་བྱེད་པ་དེ་ཐོག་ནས་ཁོ་པ་ཚོའི“བོད་རང་བཙན”གྱི་ཆབ་སྲིད་ཀྱི་ངན་སེམས་གསལ་གསལ་ཐིང་ཐིང་ངང་མངོན་ཡོད།

    གསུམ་ནི་མི་རིགས་གཞན་དག་གི་དབང་ཆའི་སྐོར་ལ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ངེས་པར་དུ“བོད་དུ་ཡུལ་མི་གནས་སྤོ་བྱེད་མཚམས་འཇོག་དགོས་པ་མ་ཟད་བོད་དུ་གནས་སྤོ་བྱས་པའི་རྒྱ་མི་ཀྲུང་གོར་ཕྱིར་ལོག་བྱེད་དགོས”ཞེས་བརྗོད་ཀྱི་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁོངས་མི་གཙོ་བོ་ཟམ་གདོང་གིས་2005ལོར་སྤེལ་བའི་གཏམ་བཤད་ཅིག་ནང“བོད་མི་གནས་སྡོད་ཁུལ་ཧྲིལ་པོར་བོད་མི་རང་ཉིད་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་དབང་ཆ་ལག་བསྟར་བྱེད་དགོས་པ་དང་རྒྱ་མི་སོགས་མི་རིགས་གཞན་དག་མགྲོན་པོ་དང་འདྲ་བས་རྣམ་པ་གང་རུང་ཞིག་གི་ཐོག་ནས་ང་ཚོའི་དབང་ཆར་གཅུན་འདོམས་བྱེད་མི་རུང”ཞེས་བརྗོད་ཡོད། གོང་དུ་བརྗོད་པ་ལྟར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བརྗོད་པའི“བོད་ཆེན་པོའི”ཁྱབ་ཁོངས་ནང་དང་ལྷག་པར་དུ་མཚོ་བོད་ས་མཐོའི་ས་སྦྲེལ་ས་ཁུལ་ནི་ལོ་རྒྱུས་ཐོག་ནས་ཀྲུང་གོའི་མི་རིགས་ཁག་གནས་སྤོ་ཐེངས་མང་བྱེད་པའི་མི་རིགས་ཀྱི་བར་ཁྱམས་ཤིག་ཡིན་པས་མཉམ་འདྲེས་གནས་སྡོད་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་རྣམ་པ་ཞིག་ཆགས་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ས་ཁུལ་དེའི་ནང་གི་མི་རིགས་གཞན་དག་གི་མི་ཧ་ཅང་མང་པོ་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་པའི་ཕ་ཡུལ་ནས་ཁ་བྲལ་དུ་འཇུག་པ་དེ་ཐོག་ནས་ཁུངས་མེད་ལུང་མེད་དང་འཇིགས་སྣང་ཆེ་བའི་གཏན་ཚིགས་ཤིག་མངོན་པ་དེའང“ཚད་མཐོའི་རང་སྐྱོང”མངོན་འགྱུར་ཡོང་བའི་ཉིན་མོ་དེ་ནི་མཚོ་བོད་ས་མཐོའི་མི་རིགས་གཙང་ཕྱགས་བྱེད་པའི་དུས་ཡིན་པ་དེ་རེད།

    བཞི་ནི“ཚད་མཐོའི་རང་སྐྱོང”དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་སྐོར་ལ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཐབས་ལ་གཞིགས་ནས“བོད་ཆེན་པོ”ཧྲིལ་པོར“ཚད་མཐོའི་རང་སྐྱོང”ལག་བསྟར་བྱེད་པ་མ་ཟད་བོད་ཀྱི་གནས་ཚུལ་དེ་བས“དམིགས་བསལ”ཞིག་ཡོད་པས་རང་སྐྱོང་དབང་ཆ་ཤང་ཀང་དང་ཨའོ་མོན་ལས་ཆེ་བ་དགོས་ངེས་རེད་ཅེས་འུད་སྒྲོག་བྱེད་ཀྱི་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཀྲུང་གོས་ཐའེ་དབན་གྱི་གནད་དོན་དང་དེ་བཞིན་ཤང་ཀང་དང་ཨའོ་མོན་གྱི་གནད་དོན་ཐག་གཅོད་བྱས་ནས་རྒྱལ་ཁབ་ཞི་བདེ་གཅིག་གྱུར་ཡོང་ཆེད་བཏོན་པའི་གཞི་རྩའི་རྒྱལ་ཇུས་ཤིག་རེད། བོད་ཀྱི་གནས་ཚུལ་དེ་ཐའེ་དབན་དང་དེ་བཞིན་ཤང་ཀང་དང་ཨའོ་མོན་གྱི་གནས་ཚུལ་དང་གཅིག་པ་གཏན་ནས་མིན། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོ་གོ་མིན་ཏང་དང་ཀྲུང་གོ་གུང་ཁྲན་ཏང་དབར་ནང་འཁྲུག་ལངས་སྐབས་ལུས་པའི་གནད་དོན་ཞིག་རེད། ཤང་ཀང་དང་ཨའོ་མོན་གྱི་གནད་དོན་ནི་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་མཇུག་འབྲས་ཤིག་དང་ཀྲུང་གོའི་བདག་དབང་སླར་གསོ་བྱུང་བའི་གནད་དོན་ཞིག་རེད། བོད་འདི་ཉིད་སྔར་ནས་ད་བར་ཀྲུང་གོ་སྲིད་གཞུང་གི་བདག་དབང་དོ་དམ་བྱེད་ཁོངས་སུ་གཏོགས་པས་གོང་གསལ་གྱི་གནད་དོན་རྩ་བ་ཉིད་ནས་གནས་མེད།

    དེར་བརྟེན“ཚད་མཐོའི་རང་སྐྱོང”ཟེར་བའི“རང་སྐྱོང”ནི་རྫུས་མ་དང“རང་བཙན”ནི་ངོ་མ་ཡིན་པ་དང་དེའི་དམིགས་ཡུལ་ནི་ཀྲུང་གོས་བོད་ལ་འཛིན་པའི་བདག་དབང་རྩིས་མེད་དུ་བཏང་ནས་ཀྲུང་དབྱང་སྲིད་གཞུང་གི་བདག་སྐྱོང་མི་ཕོག་པའི“བོད་ཆེན་པོ”འཛུགས་རྒྱུ་ཡིན་པ་དེ་མཐོང་ཐུབ། དེ་ལྟ་བུའི“ཚད་མཐོའི་རང་སྐྱོང”མངོན་འགྱུར་གྱི་རྨང་གཞི་དང་ཆ་རྐྱེན་རྩ་བ་ནས་མེད།

    དང་པོ། “ཚད་མཐོའི་རང་སྐྱོང”ནི་ཀྲུང་གོའི་མི་རིགས་ཁག་གི་འབྲེལ་བའི་སྐོར་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་དགོངས་དོན་དང་རྩ་དོན་དང་རྦད་དེ་རྒྱབ་འགལ་བྱས་པ་ཞིག་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་གླེང་གཞིའི་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་བཏོད་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གཏན་འཁེལ་ཟིན་པ་མ་ཟད་དེར་མུ་མཐུད་ཤུགས་སྣོན་རྒྱག་དགོས། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་འཐབ་རྩོད་ཁྲོད་མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་གཙོ་བོ་ནི་རྒྱ་རིགས་ཆེན་པོའི་རིང་ལུགས་ཡིན་པ་མ་ཟད། ས་གནས་ཀྱི་མི་རིགས་རིང་ལུགས་ལའང་ངོ་རྒོལ་བྱེད་དགོས”ཞེས་གསལ་པོ་བཀོད་ཡོད་ལ། དོན་ཚན་བཞི་པའི་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་ཚང་མ་འདྲ་མཉམ”དང“མི་རིགས་གང་རུང་ལ་སྣང་ཆུང་བྱེད་པ་དང་གཉའ་གནོན་གཏོང་རྒྱུ་གཏན་འགོག་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་གཏན་འགོག་བྱེད་དགོས་པའི”གཏན་འབེབས་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན་48ནང“མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་འདྲ་མཉམ་གྱི་དབང་ཆ་སྤྱོད་ཐུབ་རྒྱུའི་འགན་ལེན་བྱེད་དགོས”པའི་གཏན་འབེབས་བྱས་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི“ཚད་མཐོའི་རང་སྐྱོང”གིས་བོད་ཀྱི་མི་རིགས་ཁག་གི་འདྲ་མཉམ་དབང་ཆ་རྦད་དེ་སྣང་མེད་དུ་གཏོང་བ་དེ་ནི་ཐལ་སྐྱོད་མི་རིགས་རིང་ལུགས་ཀྱི་མཚོན་ཚུལ་ཞིག་རེད།

    གཉིས་པ། “ཚད་མཐོའི་རང་སྐྱོང”ནི་ཀྲུང་གོས་ད་ལྟ་ལག་ལེན་བསྟར་བའི་རྒྱལ་ཁབ་ཀྱི་གྲུབ་ཆ་དང་རྦད་དེ་རྒྱབ་འགལ་བྱས་པ་ཞིག་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐབས་ལམ་ལུགས་རྐྱང་པའི་རྒྱལ་ཁབ་ཀྱི་གྲུབ་ཆ་རྒྱུན་འཛིན་བྱས་པས་རྒྱལ་ཡོངས་སུ་གཅིག་གྱུར་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་མ་ལག་ཡོད། ཀྲུང་གོར་རྒྱལ་ཁབ་ཧྲིལ་པོ་ཆགས་པའི་གྲུབ་ཆ་ནི་ས་གནས་སྲིད་འཛིན་ས་ཁོངས་ཡིན་པ་ལས་ཁོངས་མིའི་སྲིད་གཞུང་མིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་དོན་ཚན་57ནང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་འཛིན་ལས་ཁུངས་ཡིན་པའི་གཏན་འབེབས་བྱས་ཡོད། དོན་ཚན་58ནང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབང་ཆ་སྤྱོད་རྒྱུའི་གཏན་འབེབས་བྱས་ཡོད། རིམ་ཁག་ས་གནས་སྲིད་གཞུང་ཚང་མ་ནི་ཀྲུང་དབྱང་སྲིད་གཞུང་གི་འོག་རིམ་ཡིན་པས་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་གི་དོ་དམ་དང་ལེན་བྱེད་དགོས་པ་ལས་ཀྲུང་དབྱང་སྲིད་གཞུང་དང་ཁྲིམས་གཞིའི་ཐོག་གནས་བབ་འདྲ་མཉམ་གྱི་དབང་ཆའི་གཙོ་གཟུགས་གཏན་ནས་གནས་མེད།

    “ཚད་མཐོའི་རང་སྐྱོང”གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཆེས་མཐོའི་དབང་ཆ་ཁས་མི་ལེན་པ་དང་ཀྲུང་དབྱང་སྲིད་གཞུང་གི་དབང་གྲགས་སྣང་མེད་དུ་བཏང་ནས་རྒྱལ་ཁབ་ཀྱི་རིམ་པ་དང་གཅིག་མཚུངས་ཀྱི་ཁྲིམས་འཛུགས་དབང་ཆ་ཐོབ་རྒྱུའི་རེ་བ་བཏོན་པ་དང་། ས་གནས་དེ་ཀྲུང་དབྱང་གི་ཁོངས་གཏོགས་ཡིན་པའི་འབྲེལ་བ་དེར་ཆབ་སྲིད་དངོས་ཚན་དབར་གྱི“མཉམ་ལས”འབྲེལ་བ་དང་འདྲ་མཚུངས་འབྲེལ་བ་ཡིན་ཞེས་བརྗོད་ཀྱི་ཡོད། ཀྲུང་གོར་ཀྲུང་དབྱང་དང་ས་གནས་འདྲ་མཚུངས་ཀྱི“གྲོས་མོལ”དང་། ཕན་ཚུན“མོས་མཐུན”ཐོབ་ཐབས་བྱེད་པ། “མཉམ་ལས་ཀྱིས་ཐག་གཅོད་བྱེད་ཐབས”གཏོད་པ་ཟེར་བའི་གནད་དོན་མེད།

    གསུམ་པ། “ཚད་མཐོའི་རང་སྐྱོང”ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་དང་རྦད་དེ་རྒྱབ་འགལ་བྱས་པ་ཞིག་རེད། གོང་དུ་བརྗོད་པ་ལྟར་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་ཀྲུང་གོའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན། རང་སྐྱོང་ས་ཁོངས་སུ་མི་རིགས་ཁག་གི་སྤྱི་དམངས་ལ་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་མི་རིགས་ཁག་གི་སྤྱི་དམངས་ཀྱི་ཁེ་དབང་ལའང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་ལེན་ཐོབ་ཡོད། མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་སྲིད་གཞུང་ནི་རིམ་པ་དང་པོའི་ས་གནས་ཀྱི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཡིན་པ་དང་། དེ་དང་ཆབས་ཅིག་དེ་ནི་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱང་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན་15པའི་ནང“མི་རིགས་རང་སྐྱོང་ས་གནས་ཁག་གི་མི་དམངས་སྲིད་གཞུང་ཚང་མ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་འགོ་ཁྲིད་འོག་གི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཡིན་པས་ཚང་མས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་དང་ལེན་བྱ་དགོས”ཞེས་གཏན་འབེབས་བྱས་ཡོད། བོད་ལྗོངས་ནི་ཀྲུང་གོའི་རང་སྐྱོང་ལྗོངས་ཤིག་ཡིན་པའི་ཆ་ནས་ཀྲུང་དབྱང་སྲིད་གཞུང་གི་འགོ་ཁྲིད་འོག་གནས་ཡོད་པ་སྨོས་མེད་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“ཚད་མཐོའི་རང་སྐྱོང”ཟེར་བར་བརྟེན་ནས་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་རྩ་བ་ནས་ཁས་ལེན་གྱི་མེད།

    བསྟན་དོན་ནང“དབུ་མའི་ལྟ་བ”ནི་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་ནས་དབུས་སུ་དྲང་པོ་གནས་པ་དེར་ཟེར། འོན་ཀྱང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཆབ་སྲིད་ཀྱི་འདོད་ཚུལ་ནི“དབུ་མའི་ལམ”ལ་ཁ་གཡར་ནས་དོན་དངོས་ཐོག“བོད་རང་བཙན”བྱ་རྒྱུ་དེ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་གཅེན་པོ་འབྲིང་བ་རྒྱ་ལོ་དོན་གྲུབ་དང་། གཅུང་པོ་བསྟན་འཛིན་ཆོས་རྒྱལ་དང་དེ་བཞིན་དེའི་རྐང་འཛིན་པ་གཙོ་བོ་ཟམ་གདོང་སོགས“བོད་རང་བཙན”གྱི་འགོ་པས“ང་ཚོས་སྔོན་ལ་རང་སྐྱོང་ཐོབ་ཐབས་བྱེད་པ་དང་དེ་རྗེས་ཀྲུང་གོ་བ་ཕྱིར་འབུད་བྱ་རྒྱུ་ཡིན། རང་སྐྱོང་ནི་འགོ་བརྩམས་པ་ཞིག་ཡིན” “གོམ་སྟབས་དང་པོར་བོད་ལ་རང་སྐྱོང་གི་མིང་ཁྱེར་ནས་ཕྱེད་རང་བཙན་བྱ་རྒྱུ་དང་། གོམ་སྟབས་གཉིས་པར་བོད་རང་བཙན་བར་བར་བརྒལ་བྱ་རྒྱུ་ཡིན”ཞེས་བཤད་ཡོད། “བོད་ཀྱི་ཡུལ་གྱར་སྲིད་གཞུང”གི་འགོ་པ་གསར་པ་ཡིན་ཟེར་མཁན་གྱིས་ཀྱང་རྒྱ་གར་གྱི《གླེང་མོལ》དུས་དེབ་ནང“བོད་རང་བཙན་དང་བོད་རང་སྐྱོང་གི་ལྟ་བ་གཉིས་དབར་ལ་འགལ་བ་མེད། རྩོད་སྒྲུབ་རིག་པའི་ཐད་ནས་བརྗོད་ན། བོད་རང་བཙན་ནི་རྩ་དོན་གྱི་དམིགས་ཚད་ཡིན་པ་དང་བོད་རང་སྐྱོང་ནི་དངོས་ཡོད་ཀྱི་དམིགས་ཚད་ཡིན”ཞེས་བཤད་ཡོད། “དབུ་མའི་ལམ”ཁྱབ་སྤེལ་བཏང་སྟེ་དུས་མཚམས་དབྱེ་ནས“བོད་རང་བཙན”མངོན་འགྱུར་ཡོང་ཆེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་རང་ཉིད་ལ་མཛེས་འཆོས་གང་ཐུབ་བྱས་ནས“འཛམ་གླིང་གི་རླབས་རྒྱུན”དང་མཐུན་འཇུག་བྱེད་ཁུལ་བྱེད་ཀྱི་ཡོད། དཔེར་ན“འགྲོ་ལམ་གསུམ་པ”དང་། “མི་རིགས་སོ་སོས་རང་ཐག་རང་གཅོད” “མི་རིགས་རང་སྐྱོང” “འཚེ་མེད་ཞི་བ”“གཉིས་ཁེ”སོགས་རྒྱལ་སྤྱིའི་སྐད་ཆའི་ཐོག་ནས“བོད་རང་བཙན”ཡོང་ཐབས་བྱེད་པ་དེ་འདྲ་མཉམ་གཞུང་དྲང་དང་དམངས་གཙོ་དང་རང་དབང་བརྩོན་ལེན་བྱེད་པར་མཛེས་བཟོ་བྱས་ཡོད། འོན་ཀྱང་དེ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་བོད་ཀྱི་དོན་དངོས་དང་རྦད་དེ་ཐ་དད་དུ་སོང་བ་དང་ཀྲུང་གོའི་རྩ་ཁྲིམས་དང་། བཅའ་ཁྲིམས། གཞི་རྩའི་ཆབ་སྲིད་ལམ་ལུགས་བཅས་དང་རྦད་དེ་རྒྱབ་འགལ་བྱས་ཡོད་པས་ཇི་ལྟར་མཛེས་བཟོ་བྱས་ཀྱང་ངལ་བ་འབྲས་མེད་རེད།

    བཞི། “ཞི་བ”དང“འཚེ་མེད་ཞི་བ”ལྟར་སྣང་།

    ལོ་མང་གི་རིང་ལ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“དབུ་མའི་ལམ”ཞེས་པ་བྲིན་ཐབས་བྱེད་སྐབས།  ག་དུས་ཡིན་རུང“ཞི་བ”དང“འཚེ་མེད་ཞི་བ”སོགས་དར་སོ་ཆེ་བའི་བཤད་སྟངས་ལ་བརྟེན་ནས་རང་ཉིད་མཛེས་ཆས་སྤྲས་ཏེ་གཏུམ་སྤྱོད་དང་དྲག་ཆས་ཀྱི་ངོ་བོ་བཀབ་སྟེ“བྱམས་དང་སྙིང་རྗེ”ལྟར་སྣང་གི་གཡོ་ཐབས་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡི་རངས་དང་རོགས་སྐྱོར་ཐོབ་ཐབས་བྱེད་ཀྱི་ཡོད། དེ་ལྟར་ནའང“ཞི་བ”དང“འཚེ་མེད་ཞི་བ”སོགས་བྱམས་སེམས་ཀྱིས་ཁེངས་པའི་བཤད་སྟངས་ཀྱི་རྒྱབ་ཏུ། མི་རྣམས་ཀྱིས་ཤེས་སླ་བ་ཞིག་ནི་1959ལོར་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་ནས་བཟུང་སྟེ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ“ཞི་བ”དང“འཚེ་མེད་ཞི་བ”ཟེར་བ་མཉམ་སྤྱོད་དང་། “འཚེ་མེད་ཞི་བ”ལ་ཁ་གཡར་ནས་གཏུམ་སྤྱོད་སྤེལ་ཀྱི་ཡོད། “ཞི་བ”དང“འཚེ་མེད་ཞི་བ”ཟེར་བ་ནི་ཀུན་ལ་མགོ་སྐོར་བཏང་ནས་རང་ལ་སྙན་གྲགས་ཐོབ་པར་བྱེད་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ངོ་ཚ་འགོག་པའི་འདོམས་རས་ཙམ་ཡིན་གྱི་དོན་དམ་དུ་ཁོང་ཚོས“བོད་རང་བཙན”ཡོང་རེའི་གཏུམ་སྤྱོད་སྤེལ་མཚམས་འཇོག་མྱོང་གཏན་ནས་མེད་པ་རེད།

    —— ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་རང་བཙན”གྱི་ཆབ་སྲིད་དམིགས་ཡུལ་འགྲུབ་རེའི་ཆེད་དུ། གཏུམ་སྤྱོད་མཚམས་འཇོག་བྱེད་མྱོང་གཏན་ནས་མེད།

    1959ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་དྲག་པོའི་ངོ་ལོག་ཟིང་འཁྲུག་གཞི་ཁྱོན་ཆེན་པོ་བསླངས་ཏེ། བོད་སྡོད་ཀྲུང་དབྱང་སྲིད་གཞུང་གི་ལས་བྱེད་མི་སྣར་དྲག་པོའི་འཇབ་རྒོལ་བྱས་པ་དང་། དམངས་གཙོའི་བཅོས་སྒྱུར་ལ་རོགས་སྐྱོར་བྱེད་མཁན་བོད་རིགས་སྤུན་ཟླ་འབོར་ཆེན་དམར་གསོད་བཏང་བ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་དེ་དོན་ཤེས་ཀྱི་ཡོད་པ་མ་ཟད་སྐུལ་འདེབས་ཀྱང་མངོན་གསལ་བྱས་པ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“རང་རྣམ”ནང་དུ་ཁོང་ཚོ“མི་རེ་ངོ་ངེས་དྲག་ཆས་ཆ་ཚང་སྤྲས་ཡོད་པ་དང་། ངའི་གསོལ་དཔོན་ཡང་ཕྲག་པར་མེ་ཤུགས་འཕུར་མདའ་ཞིག་བཏེགས་ཤིང་། སྐེད་པར་མདེལ་ཆག་དཀྲིས་ཡོད། ཁོ་པ་ནི་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་སྦྱོང་བརྡར་ཐོབ་མྱོང་བའི་གཞོན་ནུའི་གྲས་ཤིག་རེད”ཅེས་འཁོད་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་རྒྱ་གར་དུ་བྲོས་རྗེས། དྲག་པོའི་དཔུང་སྡེ་བསྐྱར་འཛུགས་བྱས་ཏེ་སྐབས་དང་བསྟུན་ནས“བོད་དུ་ཚུར་རྒོལ་བྱས” 1960ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ནེ་པ་ལའི་བྱང་ངོས་ཀྱི་མུའུ་སི་ཐང་དུ“ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དམག”བསྐྱར་འཛུགས་བྱས། 1962ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཕྱིའི་སྟོབས་ཤུགས་ཀྱི་རོགས་རམ་ལ་བརྟེན་ནས། ཡུལ་གྱར་བོད་མི་གཙོ་བོར་བྱས་པའི“རྒྱ་བོད་མཐའ་མཚམས་སུ་དམིགས་བསལ་དམག་དཔུང”སྒྲིག་འཛུགས་བྱས། 1961ལོ་ནས་1965ལོའི་བར་ལ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་གསང་བའི་ཐོག་ནས་མཐའ་མཚམས་ལས་བརྒལ་ཐེངས་204བྱས་ནས་ཀྲུང་གོའི་མཐའ་སྲུང་དམག་དཔུང་དང་མཐའ་མཚམས་ས་ཁུལ་གྱི་མི་སེར་ལ་གློ་བུར་དུ་རྒོལ་དཀྲུག་ཚོད་མེད་བྱས།

    ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ལ་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་དྲག་པོའི་རོགས་སྐྱོར་ཐོབ་པ་རེད། ཨ་རིའི་ཡོངས་བསྒྲགས་ཡིག་ཚགས་དཔྱད་ཡིག་ཅིག་གི་ནང་དུ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་1951ལོར་བོད་ཞི་བས་བཅིངས་འགྲོལ་གཏོང་ཉེའི་དུས་སུ་ཨ་རིའི་སྲིད་གཞུང་དང་འབྲེལ་བ་བཙུགས་ཤིང་། བོད་དུ་ངོ་ལོག་ཟིང་འཁྲུག་ལངས་རིང་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱིས་གསང་མྱུལ་རྒྱུན་མ་ཆད་པར་མངགས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་བྲོས་བྱོལ་བྱེད་རོགས་བྱས་པ་དང་། “བོད་རང་བཙན”གྱི་བྱེད་སྒོ་སྤེལ་མཁན་དྲག་ཇུས་པ་ཆེད་མངགས་སྦྱོང་བརྡར་བྱེད་རོགས་ཀྱང་བྱས་པ་མ་ཟད། གནམ་གྲུ་ལས་གོ་མཚོན་དང་སྒྲིག་ཆས་དབྱུགས། 2012ལོའི་ཟླ་6ཚེས་8ཉིན《འཇར་མན་ལྷོ་མའི་ཚགས་པར》ཐོག་ཏུ《མཆོག་གྱུར་གྱི་ལྟར་སྣང》ཞེས་པའི་དཔྱད་གཏམ་དུ“ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱིས་བོད་ལ་ཆ་རྒྱུས་ལོན་ཚུལ་ནི་ཞི་བདེ་རིང་ལུགས་དངོས་གཙང་གི་ཚབ་མཚོན་མི་སྣ་ཏཱ་ལའི་བླ་མ་ཉིད་ཀྱིས་ད་བར་ཁས་ལེན་པ་ལས་ཀྱང་མང་བ་ཡིན་ངེས། དེང་སྐབས་གཏུམ་སྤྱོད་གྲིབ་གཟུགས་དེ་བསྟན་པའི་དབང་པོ་གང་དེའི་མགོ་ཐོག་ཏུ་ལྷུངས་པ་རེད”ཅེས་སྤེལ་ཡོད། དཔྱད་གཏམ་དེའི་ནང་དུ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་ཐད་ཀའི་འབྲེལ་བ་ནི་ཁོ་པའི“ཀུན་སྤྱོད་ཀྱི་སྙན་གྲགས་ཐོབ་ཐང་མཐོ་ཤོས་དང་རྦད་དེ་མི་འཚམས་པ་ཡིན་ལུགས”བསྟན་ཡོད།

    དུས་རབས་20པའི་ལོ་རབས་70པའི་དུས་མཇུག་ནས་བཟུང་སྟེ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་བ་བྱུང་བ་དང་བསྟུན་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཡོངས་བསྒྲགས་སུ་གཏུམ་སྤྱོད་ཇེ་ཆེར་སྤེལ་རིགས་མིའི་བློ་ལ་མ་བབས་པས། དུས་བབ་ཀྱི་གནོན་ཤུགས་བྱུང་བའི་དབང་གིས་ཐབས་ཇུས་གཉིས་འདོན་འགོ་ཚུགས་པ་གཅིག་ནི་བསྟུད་མར་གཏུམ་སྤྱོད་ཀྱི་དོན་རྐྱེན་བཟོས་ཏེ་ཀྲུང་དབྱང་ལ་རྡོག་ཁྲེས་བཟོས་པ་དང་། གཞན་ཞིག་ནི“འཚེ་མེད་ཞི་བ”འུད་སྒྲོག་བྱས་ཏེ་མི་རྣམས་མགོ་བསྐོར་ནས་གཏུམ་སྤྱོད་སྤེལ་རིགས་སྦར་འགེབས་བྱས་པ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ངན་སྐུལ་བྱས་པར་བརྟེན། དུས་རབས་20པའི་ལོ་རབས་80པར་བོད་ལྗོངས་སུ་བསྟུད་མར་གཏུམ་སྤྱོད་ཀྱི་དོན་རྐྱེན་བྱུང་བ་རེད། 1987ལོའི་ཟླ་9ཚེས་21ཉིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཨ་རིའི་གྲོས་ཁང་དུ་གཏམ་བཤད་སྤེལ་ནས“བོད་རང་བཙན”འུད་སྒྲོག་བྱས། ཟླ་9ཚེས་27ཉིན་གཏུམ་སྤྱོད་པས་ལྷ་ས་གཙུག་ལག་ཁང་གི་ཐང་སྡེར་དུ་ཁ་བྲལ་གྱི་འབོད་ཚིག་བསྒྲགས་པ་དང་། མི་དམངས་ཉེན་རྟོག་པའི་མཐའ་ནས་བསྐོར་བ་མ་ཟད་མི་མང་པོར་རྨས་སྐྱོན་ཡང་བཏང་། ཟླ་10ཚེས་1ཉིན་གཏུམ་སྤྱོད་པས་བར་སྐོར་མངགས་གཏོང་ཁང་གཏོར་བཅོམ་བྱས་ཤིང་། རླངས་འཁོར་7མེར་བསྲེགས་པ་དང་། མི་དམངས་ཉེན་རྟོག་པ་བཅུ་གྲངས་རྨས་སྐྱོན་བཏང་། གཏུམ་སྤྱོད་པ་ཚོས“ཏཱ་ལའི་བླ་མས་བོད་རང་བཙན་གནང་གི་ཡོད་པས། ང་ཚོ་ཚང་མས་རྗེས་སུ་འབྲང་རྒྱུ་ཡིན། སུ་ཞིག་གིས་ཁྲོམ་སྐོར་ལ་མ་ཡོང་ན་དེའི་ཁྱིམ་ཚང་གཏོར་རྒྱུ་ཡིན”ཞེས་བཤད། 1988ལོའི་ཟླ་3ཚེས་5ཉིན་ལྷ་སའི་སྨོན་ལམ་ཆེ་མོ་ཚུགས་རིང་ལ། གཏུམ་སྤྱོད་པ་ཁག་གཅིག་གིས་གཙུག་ལག་ཁང་དང་། བར་སྐོར་གྱི་ཁྲོམ་ལམ་སོགས་སུ་ཏང་སྲིད་ལས་ཁུངས་དང་སྤྱི་བདེ་མངགས་གཏོང་ཁང་དུ་གདོང་མཆོང་བྱས་ཏེ། རླངས་འཁོར་དང་ཚོང་ཁང་སོགས་པ་གཏོར་སྐྱོན་དང་མེར་སྲེག་བཏང་ཞིང་། མི་དམངས་ཉེན་རྟོག་པ་དང་། མང་ཚོགས་ཁྱོན་བསྡོམས་299ཙམ་ཤི་རྨས་བྱུང་། 1989ལོའི་ཟླ་3ཚེས་5ནས་ཚེས་7ཉིན་གྱི་བར་ལྷ་སར་ཡང་བསྐྱར་ཟིང་ཆ་ལངས་པ་དང་། གཏུམ་སྤྱོད་པས་མེ་མདའ་སྤྱད་དེ་མི་དམངས་ཉེན་རྟོག་པར་འཇབ་རྒོལ་བྱས་སྟབས། མི་དམངས་ཉེན་རྟོག་པ་1ཤི་བ་དང་། མི་དམངས་ཉེན་རྟོག་པ་40ལྷག་ཙམ་རྨས་སྐྱོན་བྱུང་། ཚོང་ཁང་107དང་། ཏང་སྲིད་ལས་ཁུངས་དང་། སློབ་ཆུང་། གྲོང་མི་ཨུ་ལྷན་བཅས་24ཙམ་ལ་གཏོར་བཤིག་བཏང་། 1992ལོའི་ཟླ་3ཚེས་11ཉིན“བོད་རང་བཙན”ཤོག་ཁ་མི་9ཡིས་སྲེག་མདེལ་ལ་བརྟེན་ནས་རྒྱ་གར་དུ་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས།

    དེ་བས་ཀྱང་ཚབས་ཆེ་བའི་གཏུམ་སྤྱོད་ཀྱི་དོན་རྐྱེན་ནི་2008ལོའི་ཟླ་3ཚེས་14ཉིན་གྱི་ཉིན་མོར་ཐོན། ཉིན་དེར་གཏུམ་སྤྱོད་པ་ཁྱུ་ཅིག་གིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་ལྟེ་བའི་གནས་མང་པོར་རྡོ་དང་། གྲི། དབྱུག་པ་སོགས་པའི་གོ་མཚོན་ཐོགས་ནས་ཉེས་མེད་ལམ་འགྲུལ་པ་དང་། རླངས་འཁོར། ཚོང་ཁང་། དངུལ་ཁང་། གློག་འཕྲིན་དྲ་ཚིགས་དང་སྲིད་གཞུང་ལས་ཁུངས་བཅས་སུ་རྡུང་གཅོག་འཕྲོག་སྲེག་བྱས་སྟབས། ས་གནས་དེ་གའི་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཉམས་ཉེས་ཚབས་ཆེན་བྱུང་། དོན་རྐྱེན་གྱི་ནང་། གཏུམ་སྤྱོད་པས་གནས་300ལྷག་ཙམ་ལ་མེ་བརྒྱབ་པ་དང་། ལྷ་སའི་ཚོང་ཁང་ཁག་908དང་། སློབ་ཆུང་7  དམངས་ཁྲོད་ཀྱི་ཁང་པ་120  སྨན་ཁང་5བཅས་གཏོར་སྐྱོན་བཏང་བ་དང་། དངུལ་རྩའི་དྲ་ཚིགས་10ཙམ་གཏོར་སྐྱོན་བཏང་ཞིང་། ཉུང་མཐར་ཡང་བཟོ་སྐྲུན་དངོས་པོ་ཁག་20ཙམ་མེར་བསྲེགས་ནས་རྨེག་མེད་དུ་བཏང་། རླངས་འཁོར་84མེར་བསྲེགས། ཉེས་མེད་མང་ཚོགས་18ཙམ་མེར་བསྲེགས་པའམ་ཡང་ན་གྲི་བརྒྱབ་ནས་བསད། མང་ཚོགས་རྨས་སྐྱོན་བྱུང་བ་382ཟིན་པ་དེའི་ཁྲོད་ནས་མི་58ལ་རྨས་སྐྱོན་ཚབས་ཆེན་བཟོས། དོན་དངོས་འབོར་ཆེན་གྱི་ཐོག་ནས། “3·14”ཡི་དོན་རྐྱེན་ནི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ངན་ཇུས་བཏོན་པ་དང་ངན་སྐུལ་ཞིབ་ཚགས་བྱས་པ་ར་འཕྲོད་བྱུང་བ་རེད། དོན་རྐྱེན་བྱུང་བའི་རྗེས་ལ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་རང་གི་སྒེར་པ་དྲུང་ཡིག་བརྒྱུད་གསལ་བསྒྲགས་ཤིག་སྤེལ་ནས། གཏུམ་སྤྱོད་ཀྱི་དོན་རྐྱེན་དེ“ཞི་བའི་རྒོལ་གཏམ”ཏུ་མཛེས་བཅོས་བྱས།  ཟླ་3ཚེས་16ཉིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་དབྱིན་ཇིའི་BBCགསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “བོད་མིས་དུས་ལ་མ་བལྟོས་པར་བྱ་བ་གང་ཞིག་བསྒྲུབས་ཀྱང་། ང་ཚོས་ཁོང་ཚོའི་བློ་མོས་ལ་བརྩི་བཀུར་བྱེད་པ་ལས། ཁོང་ཚོར་མཚམས་འཇོག་དགོས་པའི་རེ་བ་འདོན་མི་སྲིད”ཅེས་པའི་རྣམ་འགྱུར་བསྟན་པ་དང་དུས་མཚུངས། ཏཱ་ལའི་ཤུགས་རྐྱེན་ཟབ་མོ་ཐེབས་པའི“བོད་ཀྱི་གཞོན་ནུའི་ཚོགས་ཆེན”(བསྡུས་མིང་ལ“བོད་ཀྱི་གཞོན་ནུ་ཚོགས་པ”ཞེས་འབོད)གྱིས“འཕྲལ་མར་ངེས་མེད་རྒོལ་རྡུང་རུ་ཁག་བཙུགས་ཏེ་གསང་བའི་ཐོག་ནས་ནང་འཛུལ་བྱས་ཏེ་དྲག་པོའི་འཐབ་རྩོད་བྱེད་རྒྱུའི”གྲོས་ཐག་བཅད། “བོད་ཀྱི་གཞོན་ནུ་ཚོགས་པའི”འགོ་པས། རྒྱལ་ཁ་མཐར་ཕྱིན་པ་ལེན་ཕྱིར། ཉུང་མཐར་ཡང་བོད་པ་100ཙམ་གྱི་རང་སྲོག་དོར་རྩིས་ཡོད་ཟེར།

    —— ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཞི་བདེ་མཚོན་བྱེད་ཀྱི་ཨོ་རྩལ་འགྲན་ཚོགས་ལ་གཏོར་བཤིག་བཏང་བས། “འཚེ་མེད་ཞི་བ”རྫུན་རྐུབ་ཇེ་ཆེར་བརྡོལ་བ་རེད།

    ཨོ་རྩལ་འགྲན་ཚོགས་ནི་མིའི་རིགས་ཀྱི་ཞི་བདེ་དང་། མཛའ་མཐུན། ཡར་ཐོན་བཅས་ཀྱི་མཚོན་བྱེད་ཡིན་པས། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དགའ་བསུ་ཞུ་བ་དང་གཙིགས་ཆེར་འཛིན་བཞིན་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་པེ་ཅིན་ཨོ་རྩལ་འགྲན་ཚོགས་ལ་ཟིང་སློང་གཏོར་བཤིག་བཏང་བ་ནི“འཚེ་མེད་ཞི་བ”ཟེར་བའི་རང་གི་སྣང་བརྙན་ལ་ཟུར་ཟ་ཆེན་པོ་བྱས་པ་རང་རེད།

    2007ལོའི་ཟླ་5པར“བོད་རང་བཙན”གྱི་སྟོབས་ཤུགས་དང་ཀྲུང་གོར་རྒོལ་བའི་རྒྱལ་སྤྱིའི་སྟོབས་ཤུགས་ཀྱིས་པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར་རུ“སྐབས་ལྔ་པའི་རྒྱལ་སྤྱིའི་ངག་ཐོག་བོད་སྐྱོར་རྩ་འཛུགས་ཚོགས་ཆེན”འཚོགས་པ་དང་། “བོད་ཀྱི་ཡུལ་གྱར་སྲིད་གཞུང”གི་སྐབས་དེའི་འགོ་པ་ཟམ་གདོང་ཐེངས་དེའི་གྲོས་ཚོགས་ལ་ཞུགས། ཐེངས་དེའི་གྲོས་ཚོགས་ཐོག《འཐབ་ཇུས་ཀྱི་འཆར་གཞི》ལ་གྲོས་འཆམ་བྱས་པ་དང་། 2008ལོའི་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་ལས་འགུལ་བཀག་འགོག་བྱེད་འགོ་འཛུགས་རྒྱུའི་ཐག་བཅད། དེའི་རྗེས་ལ། ཨ་རིར་གནས་པའི“བོད་རང་བཙན”རྩ་འཛུགས་ཀྱིས“བོད་མི་དམངས་ཀྱི་འོས་ལངས་ཆེ་མོ”ཡི་བསམ་བཀོད་བཏོན། ཁོང་ཚོས་2008ལོ་ནི“བོད་རང་བཙན”ཡོང་བའི་གོ་སྐབས་མཇུག་མཐའ་རེད་སྙམ་སྟེ་ཨོ་རྩལ་འགྲན་ཚོགས་ཀྱི་གོང་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་དོ་སྣང་བྱེད་པའི“ཕན་ཡོད་ཀྱི་གོ་སྐབས”དང་བསྟུན་ནས། “བོད་ལྗོངས་ནང་ཁོངས་གོ་རྟོགས་སད་དུ་འཇུག་པ་དང་། ནང་ཁོངས་དང་བྱ་སྤྱོད་གཅིག་མཐུན་བྱས་ཏེ་ཀྲུང་གོར་ཉེན་ཁ་བཟོ་བའི”ངན་ཇུས་གཤོམ་རྒྱུའི་ཐག་བཅད།

    2007ལོའི་ལོ་མཇུག་ཏུ“བོད་ཀྱི་གཞོན་ནུ་ཚོགས་པ”དང“བོད་ཀྱི་བུད་མེད་ལྷན་ཚོགས”སོགས་པའི“བོད་རང་བཙན”གྱི་དྲག་སྐྱོད་རྩ་འཛུགས་ཀྱིས་རྒྱ་གར་དུ་ཚོགས་འདུ་སྐོང་ཚོགས་བྱས་ཏེ“བོད་མི་དམངས་ཀྱི་འོས་ལངས་ཆེ་མོའི་ལས་འགུལ”སློང་རྒྱུ་ཡིན་ཟེར། 2008ལོའི་ཟླ་དང་པོའི་ཚེས་4ཉིན་དང་། ཟླ་དང་པོའི་ཚེས་25ཉིན“བོད་རང་བཙན”གྱི་རྩ་འཛུགས་7གྱིས་རྒྱ་གར་རྡི་ལི་གསར་པ་རུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྒྲིག་འཛུགས་བྱས་ཏེ། 《“བོད་མི་དམངས་ཀྱི་འོས་ལངས་ཆེ་མོའི་ལས་འགུལ”གྱི་གྲོས་གཞི་འདོན་ཡིག》ཡོངས་བསྒྲགས་བྱས་པ་མ་ཟད། དྲ་ཚིགས་100ལྷག་ཙམ་གྱི་ཐོག་སྒྲོག་སྤེལ་བྱས་ཏེ། “2008ལོའི་ཟླ་3ཚེས་10ཉིན་ནས་འགོ་བརྩམས་ཏེ‘བོད་མི་དམངས་ཀྱི་འོས་ལངས་ཆེ་མོའི་ལས་འགུལ’མཚམས་མི་ཆད་པར་གཞི་ཁྱོན་ཆེན་པོ་སྤེལ་རྒྱུ་ཡིན”ཞེས་བཤད། ཟླ་3ཚེས་10ཉིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་གཏམ་བཤད་སྤེལ་ཏེ། ཀྲུང་གོའི་མངའ་ཁོངས་ཀྱི་ཁྲིམས་འགལ་པ་ཚོར་གཏུམ་སྤྱོད་སྤེལ་དགོས་པའི་ངན་སྐུལ་བྱས། “བོད་ཀྱི་གཞོན་ནུ་ཚོགས་པ”ཡིས་ཀྱང་ཉིན་དེ་རང་ལ་གསལ་བསྒྲགས་སྤེལ་ཏེ“རང་བཙན་གྱི་འཐབ་རྩོད་ཁྲོད་དུ་སྔོན་ཆད་བྱུང་མྱོང་མེད་པའི་ད་ལྟའི་གོ་སྐབས་གལ་ཆེན་ཏེ། ད་ལོའི་ཨོ་རྩལ་འགྲན་ཚོགས་ཚུགས་པའི་དུས་ཚོད་དམ་འཛིན་བྱས”ཏེ“བོད་རང་བཙན”གྱི་ཆེད་དུ“ལུས་སྲོག་ཕངས་མེད་འདོར་རྒྱུ་ཡིན”ཞེས་བཤད།

    2008ལོའི་པེ་ཅིན་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་བྱེད་རིང་དུ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཇུས་འདོན་རྩ་འཛུགས་འོག “བོད་རང་བཙན”སྟོབས་ཤུགས་ཀྱིས་རྒྱལ་སྤྱིའི་ཐོག་གནོད་འཚེ་དང་གཏོར་སྐྱོན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ། “བོད་རང་བཙན”ཤོག་ཁས་ཨོ་རྩལ་འགྲན་ཚོགས་ཀྱི་མཛད་སྒོ་གལ་ཆེན་ལ་གཏོར་སྐྱོན་ཐེངས་མང་བཏང་ཞིང་། ཀེ་རི་སེ་རུ་དཔལ་མེ་ལེན་པའི་མཛད་སྒོར་གདོང་མཆོང་བྱས་པ་དང་། རྒྱལ་ཁབ་མང་པོར་བརྒྱུད་སྤྲོད་བྱེད་སྒང་གི་ཨོ་རྩལ་དཔལ་འབར་བཙན་འཕྲོག་བྱས་པ་སོགས་ཚུད་པའི་ཀླ་ཀློའི་བྱེད་སྟངས་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོང་ཁྲོ་ཧ་ཅང་ཆེན་པོ་བྱས།

    —— ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བོད་པ་དཀྱུས་མའི་ཚེ་སྲོག་རྩིས་མེད་རྡོག་རོལ་བཏང་ཞིང་། སེར་སྐྱ་དད་ལྡན་མང་ཚོགས་མགོ་སྐོར་བསླུ་བྲིད་བྱས་ཏེ་རང་ལུས་ལ་གཏུམ་སྤྱོད་སྤེལ་དུ་བཅུག

    2011ལོའི་ཟླ་8པར“བོད་ཀྱི་ཡུལ་གྱར་སྲིད་གཞུང”ཟེར་བའི་འགོ་པ་གསར་པ་སྲིད་སྟེགས་སུ་བཀོད་པའི་རྗེས“འཚེ་མེད་ཞི་བ་གསར་གཏོད”ཀྱི་ལས་འགུལ་གསལ་པོར་བཏོན། དེ་ནས་བཟུང་སྟེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཐབས་ལམ་མང་པོར་བརྟེན་ནས་མངའ་ཁོངས་ནང་ལོགས་ཀྱི་བོད་རིགས་སེར་སྐྱ་དང་། དད་ལྡན་མང་ཚོགས་ལ་རང་ལུས་བསྲེག་རྒྱུའི་ངན་སྐུལ་བྱས་སྟབས། ཀྲུང་གོའི་ས་ཁུལ་ཁ་ཤས་སུ་བསྟུད་མར་རང་སྲེག་གི་དོན་རྐྱེན་བྱུང་། 2012ལོའི་ཟླ་5ཚེས་29ཉིན། “བོད་ཀྱི་གཞོན་ནུ་ཚོགས་པ”ཡིས་རང་སྲེག་མཁན་གྱི་བོད་པར་མཆོད་མེའི་འདུན་ས་འཚོགས་ཤིང་། དེའི་འགོ་གཙོས“བོད་རང་བཙན་ནི་གནམ་ནས་ལྷུངས་མི་སྲིད་ལ། ས་ནས་སྐྱེ་ཡང་མི་སྲིད་པས། ང་ཚོའི་འབད་བརྩོན་དང་བྱ་སྤྱོད་ལ་བརྟེན་དགོས་པ་དང་། དཀའ་ལས་རྒྱག་དགོས་པ་རེད”ཅེས་ཟེར། 2012ལོའི་ཟླ་9ཚེས་25ཉིན་ནས་ཚེས་28ཉིན་གྱི་བར་དུ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“འཛམ་བུ་གླིང་དུ་ཡུལ་གྱར་བོད་པའི་དམིགས་བསལ་ཚོགས་ཆེན”ཐེངས་གཉིས་པ་སྐོང་ཚོགས་བྱས་ཏེ། རང་སྲེག་ནི“འཚེ་མེད་ཞི་བའི་བྱེད་སྤྱོད་ཀྱི་རྣམ་པ་མཐོ་ཤོས”ཡིན་པ་དང་། “མི་རིགས་ཀྱི་དཔའ་བོར”བརྩིས་ནས་དྲན་གསོ་ཁང་འཛུགས་རྒྱུ་དང་། ཆེད་དོན་ཐེབས་རྩ་གྲབས་འཛུགས་བྱེད་རྒྱུ་ཡིན་ལུགས་ཁ་གསལ་བཟོས། དེའི་རྗེས་ཀྱི་དུས་སྐབས་ཤིག་གི་རིང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“རང་སྲེག་ནི་ནང་ཆོས་དང་མི་འགལ་བ”དང“རང་སྲེག་ནི་བསྟན་པའི་དོན་དུ་རང་སྲོག་འབུལ་བ་དང་། བྱང་སེམས་ཀྱི་སྤྱོད་པ”ཡིན་ལུགས་འུད་སྒྲོག་ཤུགས་ཆེན་བྱས་ཏེ་བོད་ཁུལ་གྱི་དད་ལྡན་མང་ཚོགས་སྤྱི་དང་ལྷག་པར་དུ་འཇིག་རྟེན་གྱི་བྱ་བར་མྱོང་གོམས་ཞན་པའི་ལོ་ཆུང་གཞོན་ནུ་འཆི་དམྱལ་བའི་ལམ་དུ་བསླུ་བྲིད་བྱས་སྟབས། རང་སྲེག་གི་དོན་རྐྱེན་གློ་བུར་མང་དུ་ཕྱིན་པ་རེད།

    ཀྲུང་གོའི་སྤྱི་བདེ་ལས་ཁུངས་ཀྱིས་མྱུལ་ཞིབ་བྱས་ནས་རྩད་ཆོད་པའི་རང་སྲེག་གི་དོན་རྐྱེན་རབ་དང་རིམ་པའི་ཐོག་ནས། རང་སྲེག་གི་དོན་རྐྱེན་ནི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་གཡོ་ཐབས་ཀྱིས་བཀོད་པ་བཏང་ནས་བཟོས་པ་དངོས་ར་གསལ་འཕྲོད་བྱུང་བ་རེད། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཀིརྟི་དགོན་པ་ནི་རང་སྲེག་གི་དོན་རྐྱེན་ཐོན་མང་ཤོས་ཀྱི་ས་ཁུལ་ཡིན་ཞིང་། དགོན་པ་དེའི་རང་སྲེག་གི་དོན་རྐྱེན་ནི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཇུས་འདོན་བརྒྱུད་སྐུལ་བྱས་པ་དང་འབྲེལ་བ་ཟབ་མོ་ཡོད་པ་དོན་དངོས་ལས་ར་འཕྲོད་བྱུང་བ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་རང་སྲེག་གི་དོན་རྐྱེན་སྒྲིག་འཛུགས་བྱེད་ཐབས་སྤྱིར་ན་ཁག་བཞིར་བརྟེན་ཡོད་དེ། ཀིརྟི་དགོན་ཁོངས་ཀྱིས་རྒྱ་གར་གྱི་ཀིརྟི་དགོན་པའི“གསར་འགྱུར་འབྲེལ་གཏུག་ཚོ་ཆུང”དང་འབྲེལ་གཏུག་བྱེད་ཐབས་ལ་བརྟེན་ཏེ་རྒྱང་ནས་རང་སྲེག་གི་ཇུས་འདོན་བྱས་པ་དང་གཅིག  “བོད་ཀྱི་གཞོན་ནུ་ཚོགས་པ”ཡི་ཁོངས་མིས་ཁྲིམས་འགལ་ཐོག་ནས་མངའ་ཁོངས་སུ་འཛུལ་ནས། རང་སྲེག་ངན་སྐུལ་གྱི་སྒྲིག་འཛུགས་བྱེད་པ་དང་གཉིས། མངའ་ཁོངས་ཕྱི་ནས་ལོག་མཁན་གྱིས་རང་སྲེག་གི་ངན་སྐུལ་བྱེད་པ་དང་གསུམ། དྲ་སྦྲེལ་དང“བོད་རང་བཙན”གྱི་སྨྱན་སྦྱོར་ལ་བརྟེན་ནས་རང་སྲེག་གི་ངན་སྐུལ་འུད་སྒྲོག་བྱེད་པ་དང་བཞི་བཅས་རེད།

    ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་རང་ལུས་ཇི་ལྟར་སྲེག་ལུགས《རང་སྲེག་སློབ་སྟོན་གྱི་དེབ》ཀྱང་འགྲེམས་བསྒྲགས་བྱས་པའི་ནང་མངའ་ཁོངས་ནང་ལོག་གི་བོད་པར་རང་ལུས་སྲེག་པའི་ངན་སྐུལ་དང་། ངན་སློབ་རྒྱུད་རིམ་ལྡན་པ་བྱས་ཡོད་པ་རེད། དེབ་དེའི་རྩོམ་པ་པོའི་མིང་ལ་ལྷ་མོ་སྐྱབས་ཞེས་འཁོད་ཅིང་། “ཡུལ་གྱར་གྲོས་ཚོགས”སྐབས་གཉིས་ཀྱི“ཚོགས་མི”བསྟུད་མར་བྱེད་མྱོང་། 《རང་སྲེག་སློབ་སྟོན་གྱི་དེབ》ཁག་བཞི་རུ་ཕྱེ་ཡོད་དེ། ཁག་དང་པོ་ནི་རང་སྲེག་མཁན་ནི“ཞུམ་མེད་ཀྱི་དཔའ་བོ་ཡིན་པ་དང་། ཧ་ཅང་རླབས་ཆེ་ཞིང་གཟི་བརྗིད་ཆེ་ལུགས”འུད་བསྟོད་བྱས་ཡོད་པ་དང་། “དཔའ་བོ་དཔའ་མོ་ཚོར”ནམ་ཡིན་ཡང་རང་སྲོག་འདོར་རྒྱུའི་ཁོག་པ་བརྒྱངས། ཁག་གཉིས་པ་ནི“རང་སྲེག་གི་གྲ་སྒྲིག”ཇི་ལྟར་བྱེད་དགོས་ལུགས་སློབ་ཁྲིད་བྱེད་པ་དང་། རང་སྲེག་མཁན་ལ“དུས་ཚོད་ཚེས་བཟང་དུས་བཟང་བདམས་དགོས་པ”དང་། “ཁོར་ཡུག་གལ་གནད་ཆེ་སར་བདམས་དགོས་པ” “ཡིག་ཐོག་གམ་སྒྲ་ཕབ་ཀྱི་ཁ་ཆེམས་འཇོག་དགོས་པ” “བློ་གཏད་རུང་བ་རེ་གཉིས་ལ་བརྙན་འབེབས་སམ་པར་ལེན་མངགས་རྒྱུ་ཧ་ཅང་གལ་ཆེ་ལུགས”བཅས་ཀྱི་ཁྲིད་སྟོན་ཞིབ་ཕྲ་བྱས། ཁག་གསུམ་པ་ནི“རང་སྲེག་གི་འབོད་ཚིག”ཡིན་ཞིང་། རང་སྲེག་མཁན་ལ་གཅིག་གྱུར་གྱི་འབོད་ཚིག་སྒྲོག་དགོས་པའི་ངན་སྐུལ་བྱས། ཁག་བཞི་པ་ནི་རང་སྲེག་ལ་གཞོགས་འདེགས་བྱེད་པའི་བྱ་སྤྱོད་གཞན་དག་བཅས་རེད། 《རང་སྲེག་སློབ་སྟོན་གྱི་དེབ》ནི་རང་ལུས་ལ་གཏུམ་སྤྱོད་སྤེལ་དུ་འཇུག་པ་དང་། འཇིགས་སྐུལ་རྣམ་པའི་ཤི་ལུགས་ཤི་སྟངས་སྟོན་པ་རང་རེད། 《རང་སྲེག་སློབ་སྟོན་གྱི་དེབ》བརྩམས་ནས་ཁྱབ་སྤེལ་བྱེད་པ་ནི་སྲོག་གཅོད་ཀྱི་སྡིག་ཉེས་བསགས་པ་དང་། བོད་བརྒྱུད་ནང་བསྟན་གྱི་བསྟན་པའི་དོན་དང་རྦད་དེ་འགལ་བདེན་རེད།

    མི་མང་འདུ་གནས་སུ་རང་ལུས་ལ་གཏུམ་སྤྱོད་སྤེལ་བ་དེ་ནི་དྲག་སྤྱོད་ངོ་མ་ཡིན་ཏེ། དེའི་དམིགས་ཡུལ་ནི་འཇིགས་སྣང་སྐུལ་བ་དང་འཇིགས་སྐྲག་སྐྱེ་རུ་འཇུག་པའི་ཆེད་དུ་རེད། དཀར་ནག་ཁ་གསལ་གྱི་དོན་འདིའི་ཐད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ངོ་དམན་རུང་བའི་ངང་ཚུལ་བསྟན། 2011ལོའི་ཟླ་11པའི་ཚེས་8ཉིན་རང་སྲེག་གི་དོན་རྐྱེན་བྱུང་མ་ཐག་པའི་དུས་སུ། ཏཱ་ལའི་བླ་མས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་ཞུ་སྐབས“རང་ལུས་སྲེག་པར་སྙིང་སྟོབས་དགོས་ཤིང་། སྙིང་སྟོབས་ཧ་ཅང་ཆེན་པོ་ལྡན་དགོས་པ་ནི་རྩ་བ་རེད”ཅེས་བཤད་པ་དེ་ནི་དོན་དངོས་ཐོག་རང་ལུས་སྲེག་མཁན་ལ་བསྟོད་ར་གཏོང་བ་དང་ཁས་ལེན་པ་རང་རེད། 2012ལོའི་ཟླ་དང་པོའི་ཚེས་3ཉིན། རང་ལུས་བསྲེགས་ཚུལ་ལ་ཏཱ་ལའི་བླ་མས“རང་ཤི་རྒྱག་པ་ནི་ཕྱི་ཚུལ་ནས་བལྟས་ན་གཏུམ་སྤྱོད་ཡིན་རུང་། གཏུམ་སྤྱོད་དང་འཚེ་མེད་ཞི་བའི་མཐའ་མའི་ཁྱད་པར་ཀུན་སློང་དང་དམིགས་ཡུལ་ལ་ཐུག་པས། ཁོང་ཁྲོ་དང་ཞེ་སྡང་ལས་བྱུང་བའི་བྱེད་སྤྱོད་མ་གཏོགས་གཏུམ་སྤྱོད་མ་ཡིན”ཞེས་གསེད་བཀྲོལ་བྱས། ཏཱ་ལའི་བླ་མའི་ལྟ་ཚུལ་ལྟར་ན། རང་སྲེག་ནི“འཚེ་མེད་ཞི་བའི”བྱེད་སྤྱོད་ཡིན་པ་མངོན་གསལ་དོད་པོ་རེད། 2012ལོའི་ཟླ་10ཚེས་8ཉིན་ཏཱ་ལའི་བླ་མས་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས“རང་ལུས་སྲེག་མཁན་དེ་དག་གིས་རང་སྲོག་དོར་དོན་ནི་སེམས་ལ་ཀུན་སློང་བཟང་པོ་བཅངས་པ་དང་། བསྟན་པའི་དོན་དང་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་ཡིན་པས། ཆོས་ལུགས་ཀྱི་ལྟ་བའི་ཆ་ནས་བལྟས་ན། སེམས་རྩ་འཁོལ་པོ་ཡིན་པ་ངས་ཡོངས་སུ་ཁས་ལེན་གྱི་ཡོད”ཅེས་ཀྱང་བཤད། སྐབས་འདིར་ཏཱ་ལའི་བླ་མས་རང་སྲེག་ཁས་ལེན་དང་ངོ་བསྟོད་ཧ་ཅང་གསལ་པོར་བྱས། ཏཱ་ལའི་བླ་མས་ཆོས་བདག་གི་ཐོབ་ཐང་ལ་བརྟེན་ནས་རང་ངོ་མས“སྨོན་ལམ་ཆེན་མོ”གཙོ་སྐྱོང་བྱས་པ་མ་ཟད། སྣེ་ཁྲིད་དེ་རང་སྲེག་པར“བསྔོ་སྨོན་འདེབས་པ”དང་། “ཁ་འདོན་བྱེད་པ” “གསོལ་སྨོན་འདེབས་པ”བཅས་ཀྱང་བྱས་པ་དེར་ཆོས་དད་ཆེ་བའི་བབ་ཆགས་མང་ཚོགས་ཀྱི་སེམས་དཀྲུག་པ་དང་མགོ་སྐོར་བསླུ་བྲིད་བྱེད་ཤུགས་ཆེན་པོ་ལྡན།     ཚེ་སྲོག་ལ་བརྩི་མཐོང་དང་། གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པ་ནི་ནང་པ་སངས་རྒྱས་པའི་མ་མཐའི་འདོད་ཚུལ་རེད། སངས་རྒྱས་ཆོས་ལུགས་ཀྱིས་སྲོག་གཅོད་པར་ངོ་རྒོལ་བྱེད་པ་ཡིན་ལ། རང་སྲོག་གཅོད་པར་ཡང་ངོ་རྒོལ་བྱེད་པ་ཡིན་ཞིང་། སྲོག་ལྡན་ཀུན་ལ་བྱམས་དང་སྙིང་རྗེའི་ངང་རྒྱུད་འཛིན་པ་དང་། གཅེས་སྤྲས། སྐྱོབ་ཐབས་བཅས་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། རང་སྲོག་གཅོད་མི་རུང་བ་ནི་རྒྱལ་བའི་འདུལ་ཁྲིམས་ནན་ཤོས་ཡིན། རྒྱལ་བའི་གསུང་རབ་ཏུ། རང་སྲོག་གཅོད་པ་དང་གཞན་ལ་རང་སྲོག་གཅོད་སྟངས་སློབ་པ་གཉིས་ཀ་མི་དགེ་བའི་གནད་ཆེན་པོ་ཡིན། སངས་རྒྱས་ཆོས་ལུགས་ཀྱི《འདུལ་བ་ལུང་སྡེ་བཞི》དང་། 《དགེ་ཚུལ་གྱི་སྡོམ་པ་ལྔ》 《སྡོམ་པ་བཅུ》སོགས་པའི་དགེ་སློང་གི་སྡོམ་པའི་ནང་དུ། དགེ་སློང་གིས་རང་སྲོག་དོར་བའམ་གཞན་ལ་རང་སྲོག་གཅོད་དུ་འཇུག་པ་དང་ཡང་ན་གཞན་ལ་རང་སྲོག་རང་གཅོད་བྱེད་སྟངས་སློབ་པ་བཅས་བྱས་ན། དགེ་སློང་དེ་ཉིད་སྲོག་གཅོད་ཀྱི་སྡོམ་པ་ལས་ཚབས་ཆེན་འགལ་བ་ཡིན་སྟབས། དགེ་སློང་གི་ཐོབ་ཐང་མེད་པས། ངེས་པར་དུ་དགེ་སློང་གི་ཚོགས་ལས་ཕྱིར་འབུད་དགོས། སངས་རྒྱས་ཆོས་ལུགས་ཀྱིས་རང་སྲོག་གཅོད་པའི་ཁ་ཏ་བསླུ་བྲིད་དང་། བསྟོད་སྐུལ། བསྟོད་ར་བཅས་བྱེད་པ་དང་། རང་སྲོག་གཅོད་པར་མཐུན་རྐྱེན་སྐྲུན་པ་དང་སྟབས་བདེ་བཟོ་རིགས་ནི་སྡིག་ཉེས་ཚབས་ཆེན་ཡིན་པའི་འདོད་ཚུལ་ཡང་འཛིན་གྱི་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་རང་སྲེག་མཁན་གྱི་བོད་པར་འཛིན་པའི་རྣམ་འགྱུར་དང་བྱེད་སྟངས་ནི་གཞན་ལ་རང་སྲེག་གི་ངན་སྐུལ་དང་། བསླུ་བྲིད་བྱེད་པ་རང་ཡིན་པས། ཉེས་སྤྱོད་དུ་གཏོགས་པ་རེད། བྱེད་སྤྱོད་དེ་རིགས་ནི་མིའི་རིགས་ཀྱི་མ་མཐའི་ཤེས་པ་དང་སྤྱོད་ལམ་ལས་འགལ་བ་ཡིན་ལ། སངས་རྒྱས་བསྟན་པའི་དོན་ལའང་རྡོག་རོལ་ཚབས་ཆེན་བཏང་བ་ཡིན་པས། ནང་ཆོས་ཀྱི་མི་ཚེའི་ལྟ་བ་དང་རྦད་དེ་འགལ་བ་རེད། ཀྲུང་གོའི་སྲིད་གཞུང་གིས་མི་དམངས་ཀྱི་ཁེ་དབང་སྲུང་བ་དང་། ཁྲིམས་ལུགས་ཀྱི་ཟིལ་ཤུགས་སྲུང་བའི་ཆེད་དུ། བྱེད་ཐབས་སྣ་མང་ལ་བརྟེན་ནས་རང་སྲེག་གི་དོན་རྐྱེན་བཀག་འགོག་བྱས་ནས་ཉེས་མེད་ཀྱི་ཚེ་སྲོག་སྐྱོབ་ཐབས་བྱས་པ་མ་ཟད། རང་སྲེག་དོན་རྐྱེན་ཁྲོད་ཀྱི་ཁྲིམས་འགལ་ཉེས་གསོག་པར་ཁྲིམས་མཐུན་ལྟར་ཆད་པ་བཅད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་རང་སྲེག་ལ་བརྟེན་ནས“བོད་རང་བཙན”ཡོང་རེའི་ལྐོག་གཡོ་ཕམ་ཉེས་སུ་བཏང་བ་རེད།

    —— ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་མི་རིགས་ཀྱི་འཁོན་འཛིན་ངན་སྐུལ་དང་། གཏུམ་སྤྱོད་བླ་མེད་འཛིན་པའི“བོད་རང་བཙན་བྱ་གཞག”གི་ཤུལ་འཛིན་པ་གསོ་སྐྱོང་བྱས་པ།

    ལོ་མང་གི་རིང་ལ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་རང་བཙན”ཡོང་བའི་ཆེད་དུ། བོད་རིགས་དང་ཀྲུང་གོའི་གྲངས་ཉུང་མི་རིགས་གཞན་དག་བར་ལ་ཐོག་མཐའ་བར་གསུམ་དུ་སེལ་ཞུགས་དང་འགལ་བ་བཟོ་རིགས་དང་། མི་རིགས་དབར་གྱི་འབྲེལ་བ་དཀྲུག་པ། མི་རིགས་དབར་འཁོན་འཛིན་སློང་བ་བཅས་མཚམས་འཇོག་བྱེད་མྱོང་མེད། 1959ལོར་དྲག་པོའི་ངོ་ལོག་ཟིང་འཁྲུག་ཕམ་ཉེས་བྱུང་བའི་རྗེས་ལ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་གཏམ་བཤད་སྤེལ་བའི་ནང“རྒྱ་དམར”ནི“པང་དུ་དུག་སྦྲུལ་བཏབ་པ་བཞིན་དང་ཞེ་སུན་རུང་བ་ཞིག་རེད”ཅེས་དང་། “རྒྱ་མི་ནི་ཀླད་སྐྱོན་ཡོད་མཁན་དང་གཅིག་པ་རེད”ཅེས་པ། “རྒྱ་མིས་བོད་པ་དུད་འགྲོ་ལྟ་བུར་བརྩིས་ནས། ཡ་ང་སྙིང་རྗེ་མེད་པའི་མནར་གཅོད་གཏོང་གི་ཡོད”ཅེས་པ། “རྒྱ་མི་བོད་དུ་འབྱོར་བ་ནས་བཟུང་སྟེ། བོད་ལ་སྡུག་བསྔལ་ཆེ་རུ་སོང་བ་དེའི་དབང་གིས་སྡུག་བསྔལ་མང་དུ་འགྲོ་བའི་འབྱུང་རྩ་ནི་རྒྱ་མི་རེད”ཅེས་པ། “རྒྱ་མི་གདུག་རྩུབ་ཆེ་བ་དང་། སྙིང་རྗེ་མེད་པ། གཏུམ་དྲག་ཆེ་བ་བཅས་དང་། ཐབས་བརྒྱ་ཇུས་སྟོང་གིས་བོད་རིགས་རྨེག་མེད་དུ་གཏོང་བ་རེད”ཅེས་པ། “ཀྲུང་གུང་གིས་བོད་པ་ཁྲི་100ལྷག་ཙམ་དམར་གསོད་བཏང་བ་རེད”ཅེས་པ་སོགས་རྒྱུན་མ་ཆད་པར་ཟེར་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་རང་སྲེག་ལ་བརྟེན་ནས་འཁོན་འཛིན་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ཞིང་། སློབ་གྲྭ་གཉེར་རིགས་སུ་རང་སྲེག་གི་འདྲ་པར་འགྲེམས་སྟོན་བྱེད་པ་དང་། ཕྲུ་གུ་ཚོར་བཙན་དབང་གི་ཐོག་ནས་རང་སྲེག་མཁན་ལ་གུས་བཀུར་བྱེད་དུ་འཇུག་པ་དང་། ཀྲུང་དབྱང་སྲིད་གཞུང་གི་བོད་སྐྱོང་སྲིད་ཇུས་ལ་དམའ་འབེབས་གཏོང་བ། མི་རིགས་བར་ལ་སེལ་འཇུག་དང་འཁོན་འཛིན་བཟོ་བ་བཅས་བྱེད་ཀྱི་ཡོད།

    1970ལོར་བཙུགས་པའི“བོད་ཀྱི་གཞོན་ནུ་ཚོགས་པ”ནི་ཐད་ཀར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཇི་ཟེར་ལ་ཉན་མཁན“བོད་རང་བཙན”གྱི་དྲག་སྐྱོད་པའི་རྩ་འཛུགས་ཡིན་པ་དེའི་དམིགས་ཡུལ་ནི“བོད་རང་བཙན་གྱི་བྱ་གཞག”དོན་དུ“ཤུལ་འཛིན་པ”གསོ་སྐྱོང་བྱེད་པའི་ཆེད་དུ་རེད། “བོད་ཀྱི་གཞོན་ནུ་ཚོགས་པ”ཡི་སྒྲིག་ཡིག་ནང་དུ“སྐྱབས་མགོན་ཏཱ་ལའི་བླ་མའི་དབུ་ཁྲིད་དང་སྣེ་ཁྲིད་ལ་བརྩི་བཀུར”ཞུ་དགོས་པ་དང་། “བོད་རང་བཙན་རང་བདག་གི་བདེན་པའི་བྱ་གཞག་ལ་གཞོལ་བ” “འཛེམས་མེད་སྲོག་བསྡོས”བཅས་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད། “བོད་ཀྱི་གཞོན་ནུ་ཚོགས་པ”ཡི་སྐབས་མང་གི་ཀྲུའུ་ཞི་ཚང་མས“དྲག་པོའི་འཐབ་རྩོད་དང་གཏུམ་སྤྱོད་སྤེལ་བ་ནི་བོད་ལ་རྦད་དེ་རང་བཙན་ཡོང་བར་བྱེད་པའི་བགྲོད་ལམ་ལྡོག་མེད་རེད”ཅེས་དང་། “འཇིགས་སྐུལ་གྱིས་མ་གནས་ཆུང་ཤོས་ལ་ཕན་འབྲས་ཆེ་ཤོས་ཐོན་ཐུབ” “འཇིགས་སྐུལ་གྱིས་ཤུགས་རྐྱེན་ཆེན་པོ་བཟོ་ཐུབ་པ་དང་། བོད་ཀྱི་གནད་དོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ཡོང་བ་བྱེད་ཐུབ”ཅེས་ཟེར་མྱོང་བ་རེད། 2003ལོའི་ཟླ་7ཚེས་3ཉིན་སྐབས་དེའི“བོད་ཀྱི་གཞོན་ནུ་ཚོགས་པ”ཡི་ཀྲུའུ་ཞི་སྐལ་བཟང་ཕུན་ཚོགས་ཀྱིས་སྨྱར་སྦྱོར་གྱི་བཅའ་འདྲི་དང་ལེན་བྱེད་སྐབས“ང་ཚོའི་བྱ་གཞག་གི་དོན་དུ་ཡིན་ཕྱིན། ང་ཚོས་འཛེམས་མེད་ཐོག་ནས་གཏུམ་སྤྱོད་དམ་འཚེ་མེད་ཞི་བའི་བྱེད་ཐབས་གང་ཡང་རུང་བ་སྤྱོད་རྒྱུ་ཡིན”ཟེར། ལོ་མང་གི་རིང་ལ། “བོད་ཀྱི་གཞོན་ནུ་ཚོགས་པ”ཡིས་གནས་ཚུལ་ངོ་མ་མི་ཤེས་པའི་མང་ཚོགས་དཀྱུས་མ་གཏུམ་སྤྱོད་ཀྱི་དོན་རྐྱེན་ནང་ཞུགས་རྒྱུའི་ཇུས་འགོད་དང་ངན་སྐུལ་བྱས་པ་མ་ཟད། དེའི་དྲག་ཆས་དང་རྗེས་གྲབས་སྟོབས་ཤུགས་ཀྱང་སྦྱོང་བརྡར་ཧུར་ཐག་བྱས། ཁོང་ཚོས་རྒྱ་གར་དྷ་རམ་ས་ལར་དྲག་པོའི་སྦྱོང་བརྡར་རྟེན་གཞི་བཙུགས་པ་དང་། “བོད་རང་དབང་འཐབ་འཛིང་པའི་མཐུན་ཚོགས”བཙུགས་ནས་དྲག་པོའི་གཏོར་བཤིག་གི་བྱེད་སྒོ་སྤེལ་བ་མ་ཟད། རྒྱལ་སྤྱིའི་འཇིགས་སྐུལ་རྩ་འཛུགས་དང་འབྲེལ་མཐུད་བྱེད་མི་མངགས་ནས་ཕན་ཚུན་རོགས་རམ་ཡོང་རེའང་བྱས། བོད་ལྗོངས་དང་ས་ཁུལ་གཞན་དག་ཏུ་བྱུང་བའི་འཇིགས་སྐུལ་གྱི་དོན་རྐྱེན་ཧ་ཅང་མང་པོ་ཞིག“བོད་ཀྱི་གཞོན་ནུ་ཚོགས་པ”དང་ཐད་ཀར་འབྲེལ་བ་ཡོད་པ་རེད།

    ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་རང་བཙན”གྱི་ཤུལ་འཛིན་པ་གསོ་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ཏེ། “བོད་རིགས་དྭ་ཕྲུག”གི་དོན་རྐྱེན་བཟོས་པའི་དབང་གིས་སྤུན་ཉེ་མི་ཤི་གསོན་བྲལ་དང་། མི་ཡུལ་གྱི་སྐྱོ་གདུང་གནས་སུ་གྱར། སུའེ་ཙེར་《སུའུ་རུའེ་ཁྲེ་གསར་པའི་ཚགས་པར་》ཐོག་གནས་འཕྲིན་སྤེལ་གསལ་ལྟར་ན། དུས་རབས་20པའི་ལོ་རབས་60པར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སུའེ་ཙེར་གྱི་ཚོང་པ་དང་ངན་འབྲེལ་བྱས་ནས། བོད་ཕྲུག་200ལ་ཉེ་བ་ཕ་མའི་ས་ནས་བཙན་འཕྲོག་བྱས་ཏེ་དེ་དག“དྭ་ཕྲུག”རེད་ཅེས་རྫུན་བཤད་དེ་སུའེ་ཙེར་པའི་ཁྱིམ་ལ་བུ་ཚབ་ཏུ་གསོ་ཉར་བྱེད་རྒྱུའི་བཀོད་སྒྲིག་བྱས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཚུལ་དེ་ནི་འཇིག་རྟེན་པའི་ཀུན་སྤྱོད་ལས་འཛེམས་མེད་དུ་འགལ་བ་དང་། བྱིས་པའི་ཁེ་དབང་ལ་རྡོག་རོལ་ཚབས་ཆེན་བཏང་བ་ཡིན་པས། མིའི་རིགས་ཀྱི་དྲང་བདེན་དང་གཤིས་བཟང་ལས་རྒྱབ་ཀྱིས་ཕྱོགས་པ་རེད།

    ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་དབང་གྲགས་སྐྱོང་བའི་ཆེད་དུ། གཞན་ཁོངས་ཟུར་དུ་འབུད་པ་དང་། ཆབ་སྲིད་དང་ཆོས་ལུགས་ལ་བསམ་འཆར་མི་འདྲ་བ་ཡོད་མཁན་ལྐོག་གསོད་བྱེད་པ་དང་། དུག་བཏབ་ནས་བཀྲོང་བའི་བྱེད་ཐབས་སྤྱོད་པ་དང་། ཆབ་སྲིད་དང་ཆོས་ལུགས་ཀྱི་ཐོག་ནས་གཏོར་བཤིག་གཏོང་གི་ཡོད་པ་རེད། དུས་རབས་20པའི་ལོ་རབས་90པའི་དུས་མཇུག་ཏུ་ཀུན་བདེ་གླིང་གི་སྤྲུལ་སྐུ་ཉིད་ཀྱི་གཟིམ་ཤག་ཏུ་གྲི་བརྒྱབ་ནས་རྨས་སྐྱོན་ཆེན་པོ་བཏང་བ་དང་། སྐུ་ན་ཕྲ་བའི་ཁྲི་བྱང་རིན་པོ་ཆེ་དང་སུམ་པ་རིན་པོ་ཆེ་རྣམ་གཉིས་ལ“དམར་གསོད་ཀྱི་འཇིག་སྣང”སྐུལ་མཁན་བྱུང་། དོན་རྐྱེན་དེ་གྲས་ཚང་མ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ་རེད།

    ལྔ། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་འཛིན་པའི་སྲིད་ཇུས།

    ལོ་ངོ་60ལྷག་གི་གོང་ལ། ཀྲུང་དབྱང་སྲིད་གཞུང་གིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བའི་གནས་བབ་ཆེན་པོ་སྲུང་སྐྱོང་བྱ་རྒྱུར་དམིགས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་མཉམ་ལས་ཀྱི་བརྩོན་ལེན་གང་ཐུབ་བྱས་པས། བོད་ལྗོངས་ཞི་བའི་བཅིངས་འགྲོལ་ཐོབ་པ་རེད། 1959ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ངོ་ལོག་ནས་ཕྱི་རྒྱལ་ལ་ཡུལ་གྱར་དུ་སོང་རྗེས། ཀྲུང་དབྱང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ལྷག་བསམ་ཟོལ་མེད་བཅངས་པ་དང་འགྲོ་ལམ་སྟོན་ཡོད། ཡིན་ན་ཡང་ལོ་60ལྷག་གི་རིང་ལ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཀྲུང་དབྱང་སྲིད་གཞུང་དང་བོད་ལྗོངས་མི་དམངས་ཀྱི་རེ་འདུན་དང་གཅིག་མིན་གཉིས་མིན་གྱིས་རྒྱབ་འགལ་བྱེད་པའི་བགྲོད་ལམ་བདམས་པ་རེད།

    —— ཏཱ་ལའི་བླ་མའི་ལོ་རྒྱུས་ཀྱི་ཁྲིམས་མཐུན་རང་བཞིན་འབྱུང་ཁུངས་ནི་ཀྲུང་དབྱང་སྲིད་གཞུང་ཡིན་པ་དང་། ཏཱ་ལའི་བླ་མས་བོད་ཞི་བའི་བཅིངས་འགྲོལ་གཏོང་བའི་གོ་རིམ་ནང་དགེ་མཚན་ལྡན་པའི་བྱ་བ་འགའ་བསྒྲུབས་མྱོང་ཡོད། འོན་ཀྱང་མཐར་ཐུག་རང་ཉིད་ཀྱི་གདམ་ག་ཡང་དག་པ་ཉིད་དང་རྒྱབ་འགལ་བྱས་པ་རེད།

    ཏཱ་ལའི་བླ་མ་ཞེས་པའི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་སྤྲུལ་སྐུ་ཆེ་མོའི་མིང་དང་། ལོ་རྒྱུས་ཀྱི་གོ་གནས་དང་བག་ཆགས་ཚང་མ་ཀྲུང་དབྱང་སྲིད་གཞུང་གིས་བསྩལ་བ་དང་འབྲལ་ཐབས་གཏན་ནས་མེད། 1653ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་གདན་ཞུས་ལྟར་པེ་ཅིང་དུ་ཆིང་རྒྱལ་རབས་ཀྱི་གོང་མ་ཧྲུན་ཀྲི་མཇལ་བར་ཕེབས་དུས། ཆོ་ལོ་དང་འཇའ་ས་གསེར་ཐམ་བཅས་པ་བསྩལ་ཐོབ་བྱུང་བ་དེ་ནས་བཟུང་ཏཱ་ལའི་བླ་མ་བྱ་བའི་ཆོ་ལོ་དང་ཏཱ་ལའི་བླ་མས་བོད་ལ་བཟུང་བའི་ཆོས་སྲིད་ཀྱི་གོ་གནས་གཏན་འཁེལ་བྱུང་བ་རེད། 1793ལོར་ཆིང་རྒྱལ་རབས་ཀྱིས《བོད་ནང་ལས་མཇུག་ལེགས་སྐྱོང་གི་སྒྲིག་ཡིག་དོན་ཚན་ཉེར་དགུ》ཁྱབ་བསྒྲགས་བྱས་ནས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་དུས་ཀྱི་གསེར་བུམ་དཀྲུག་འདོན་ལམ་ལུགས་གཏན་འཁེལ་བ་རེད། 1940ལོའི་ཟླ་2པའི་ཚེས་5ཉིན། རྒྱལ་དམངས་སྲིད་གཞུང་གིས“གཞུང་ཡིག་ཨང་898པ”ཡི་བཀའ་རྒྱ་བཏང་སྟེ་མཚོ་སྔོན་ཞིང་ཆེན་སྐུ་འབུམ་རྫོང་སྟག་འཚེར་ཞེས་པའི་སར་རང་ལོ་5རུ་སོན་པའི་བུ་ཆུང་ལྷ་མོ་དོན་གྲུབ་ཉིད་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ཆོག་མཆན་གནང་བ་མ་ཟད། བོད་ས་གནས་སྲིད་གཞུང་ནས་གསེར་བུམ་དཀྲུག་འདོན་མི་དགོས་པའི་རེ་བ་ཞུས་པ་ལྟར། ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པར་ངོས་འཛིན་ཆོག་འཐུས་དམིགས་བསལ་བཀའ་འཁྲོལ་བྱུང་བ་དང་། ཁྲི་འདོན་མཛད་སྒོར་མཁོ་བའི་གྲོན་དངུལ་སྒོར་ཁྲི་བཞི་བཅུ་བཏང་བ་རེད། ལོ་དེའི་ཟླ་2ཚེས་22ཉིན། ལོ་རྒྱུས་ཀྱི་ངེས་སྲོལ་ལྟར། ཀྲུང་དབྱང་སྲིད་གཞུང་གི་འཐུས་ཚབ་ཝུའུ་ཀྲུང་ཞིན་དང་རྭ་སྒྲེང་རིན་པོ་ཆེ་རྣམ་གཉིས་ཀྱིས་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ཁྲི་འདོན་མཛད་སྒོའི་གཙོ་སྐྱོང་གནང་། ལྷ་མོ་དོན་གྲུབ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་གྱུར་པའི་ཁྲིམས་མཐུན་རང་བཞིན་ནི་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མའི་ལམ་ལུགས་སྐོར་གྱི་གཏན་འབེབས་དང་རྒྱལ་དམངས་སྲིད་གཞུང་གི་མཆན་བཀོད་ངོས་འཛིན་བྱས་པ་ལས་བྱུང་བ་ཡིན།

    1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་རྗེས། བོད་ཞི་བས་བཅིངས་འགྲོལ་གཏོང་བའི་ཆེད་དུ། ཀྲུང་དབྱང་སྲིད་གཞུང་གིས་ཆབ་སྲིད་ཐོག་ནས་བློ་འགུགས་ཀྱི་ལས་དོན་མང་པོ་བསྒྲུབས་ཡོད། 1950ལོའི་ཟླ་11པར། བཙན་རྒྱལ་ལ་ཉེ་ཞིང་ཁ་ཕྲལ་ལས་ལ་ཞུགས་པའི་བོད་ས་གནས་སྲིད་གཞུང་གི་རྒྱལ་ཚབ་སྟག་བྲག་ངག་དབང་གསུང་རབ་ཁྲི་ལས་མ་བབས་ཐབས་མེད་བྱུང་བ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སྔ་བསྣུར་དུ་སྲིད་དབང་དངོས་བཞེས་མཛད་པས། ཀྲུང་གོ་གསར་པའི་དབུ་ཁྲིད་པས་ཁོང་ལ་རྟེན་འབྲེལ་ཞུས་པ་རེད། ཀྲུང་དབྱང་སྲིད་གཞུང་གི་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་དང་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་བྱེད་ཕྱོགས་ཀྱི་འབོད་སྐུལ་འོག ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་བོད་ས་གནས་སྲིད་གཞུང་གིས་ང་ཕོད་ངག་དབང་འཇིགས་མེད་དབུ་བཞུགས་སྐུ་ཚབ་ཏུ་མངགས་པའི་སྐུ་ཚབ་ཚོགས་པ་པེ་ཅིང་དུ་གྲོས་མོལ་བྱེད་པར་ཕེབས་འབྱོར་བྱུང་། བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་བོད་སྡོད་འཐུས་ཚབ་ཀྱིས་ཀྲུང་གོ་གསར་པའི་དབུ་ཁྲིད་མའོ་ཙེ་ཏུང་གི་ཕྱག་ཡིག་ཕྱག་བསྟར་མ་འཁྱེར་ཏེ་ཀྲུང་ཧིན་མཐའ་མཚམས་ཀྱི་གྲོང་ཆུང་གྲོ་མོར་བསྐྱོད་དེ། དེ་གར་བབ་ལྟ་བྱེད་བཞིན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ལྷ་སར་ལོག་དགོས་པའི་ཁ་ཏ་སློབ་སྟོན་བྱས། ཀྲུང་གོ་གསར་པའི་དབུ་ཁྲིད་པས་ཡི་གེའི་ནང་དུ“གྲོས་མཐུན་འདི་ནི་བོད་མི་རིགས་དང་མི་དམངས་ཀྱི་ཁེ་ཕན་དང་མཐུན་ཡོད་ལ། དུས་མཚུངས་ཀྲུང་གོ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་ཡང་མཐུན་ཡོད། དེར་བརྟེན་བོད་ས་གནས་སྲིད་གཞུང་དང་བོད་ལྗོངས་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག བཙན་རྒྱལ་རིང་ལུགས་ཀྱི་འཆིང་རྒྱ་དང་མི་རིགས་གཞན་གྱི་གཉའ་གནོན་ལས་དུས་ནམ་ཡང་ཐར་ཐུབ་པ་དང་ཡར་ལངས་ཐུབ་པར་བྱས་ཏེ། བོད་མི་དམངས་རང་ཉིད་ཀྱི་ལས་དོན་ཆེད་དུ་འབད་བརྩོན་བྱེད་དགོས། སྐུ་ཉིད་ཀྱིས་དབུ་ཁྲིད་གནང་བའི་བོད་ས་གནས་སྲིད་གཞུང་གིས་བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ནན་ཏན་གྱིས་ལག་ལེན་བསྟར་ཏེ། མི་དམངས་བཅིངས་འགྲོལ་དམག་ཞི་བའི་ངང་བོད་ལྗོངས་ས་ཁུལ་ལ་སྐྱོད་པར་རོགས་རམ་གང་ཐུབ་བྱ་རྒྱུར་ངས་རེ་བ་བྱེད་བཞིན་ཡོད”ཅེས་སྟོན་ཡོད། ཟླ་7ཚེས་21ཉིན། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ལྷ་སར་ལོག་འགོ་ཚུགས། ཟླ་10ཚེས་24ཉིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་ས་གནས་སྲིད་གཞུང་གི་ཚབ་ཞུས་ནས་《གྲོས་མཐུན་དོན་ཚན་བཅུ་བདུན》ཡོངས་སུ་ཁས་ལེན་རྒྱུའི་གསལ་བསྒྲགས་སྤེལ་བ་རེད།

    —— བོད་ཞི་བའི་བཅིངས་འགྲོལ་ཐོབ་རྗེས། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་སྔར་ཡོད་གོ་གནས་ལ་བརྩི་བཀུར་ཞུས་ནས། ཁོང་ཉིད་ལ་མཚན་སྙན་བླ་ན་མེད་པ་གནང་བ་དང་སྦྲགས་ཀྲུང་གོ་གསར་པའི་འཛུགས་སྐྲུན་གྱི་དོན་དུ་ལེགས་སྐྱེས་འབུལ་ཐུབ་རེའི་བརྩོན་ལེན་ཧུར་ཐག་བྱས་མོད་ཀྱང་ངོ་ལོག་བྱེད་སྟངས་བཟུང་བ་རེད།

    《གྲོས་མཐུན་དོན་ཚན་བཅུ་བདུན》གྱི་ནང་དུ“ཏཱ་ལའི་བླ་མའི་སྔར་ཡོད་གོ་གནས་དང་འགན་དབང་ཀྲུང་དབྱང་ནས་འཕོ་འགྱུར་མི་གཏོང་བའི”གཏན་འབེབས་བྱས་ཡོད། ཞི་བས་བཅིངས་འགྲོལ་བཏང་རྗེས། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་ཆབ་སྲིད་ཀྱི་ཐོབ་ཐང་ཧ་ཅང་མཐོ་པོ་སྤྲད་ཡོད། 1953ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ཉིད་རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོར་བདམས་ཐོན་བྱུང་། 1954ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོར་ཞུགས་ཏེ། རྒྱལ་ཁབ་ཀྱི་དོན་ཆེན་གྲོས་བསྡུར་བྱས་པ་དང་། རྩ་ཁྲིམས་ཀྱི་འཆར་ཟིན་དང་པོར་བརྩི་བཀུར་ཞུས་པ་དང་ཁས་བླངས་པ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཚོགས་འདུའི་ཐོག་གཏམ་བཤད་བྱས་ཏེ། ལོ་གསུམ་ལྷག་གི་རིང《གྲོས་མཐུན་དོན་ཚན་བཅུ་བདུན》ལག་ལེན་དུ་བསྟར་བའི་གྲུབ་འབྲས་ཡོངས་སུ་ཁས་བླངས་པ་དང་། མི་རིགས་ས་ཁོངས་རང་སྐྱོང་གི་རྩ་དོན་དང་གཏན་འབེབས་ལ་དགའ་སྤྲོ་ཆེན་པོས་བརྩི་བཀུར་ཞུས་པ་རེད། གཞན་ཡང་ད་དུང“གུང་ཁྲན་ཏང་དང་མི་དམངས་སྲིད་གཞུང་གིས་ཆོས་ལུགས་རྩ་མེད་དུ་གཏོང་གི་ཡོད་ལུགས་དགྲ་བོས་གཏམ་འཆལ་བཤད་མོད་ཀྱང་ད་ལྟ་གཏམ་འཆལ་དེ་རིགས་མ་གཏོར་རང་ཞིག་ཏུ་སོང་བ་དང་། བོད་ལྗོངས་མི་དམངས་ཀྱིས་ཆོས་དད་རང་མོས་ཡིན་པ་དངོས་གནས་ཉམས་སུ་མྱོང་ཐུབ་པ་བྱུང་བ་རེད”ཅེས་ཀྱང་བཤད། ཚོགས་འདུ་དེའི་ཐོག་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས་ཐོན་བྱུང་བ་རེད། དེ་ནི་བོད་ས་གནས་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ལོ་རྒྱུས་ཐོག་ཁུར་བའི་ཀྲུང་དབྱང་སྲིད་གཞུང་གི་གོ་གནས་མཐོ་ཤོས་རེད། པེ་ཅིང་ལ་བཞུགས་རིང་། ཀྲུང་གོ་གསར་པའི་འགོ་ཁྲིད་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་མཇལ་འཕྲད་ཐེངས་མང་གནང་བ་དང་ཁོང་དང་སྙིང་གཏམ་ཤོད་རེས་བྱས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས《མའོ་ཀྲུའུ་ཞིར་བསྟོད་པ》ཞེས་པ་བརྩམས་ནས་ཀྲུང་གོ་གསར་པའི་དབུ་ཁྲིད་མའོ་ཙེ་ཏུང་གི་མཛད་རྗེས་རླབས་ཆེན་ལ་བསྟོད་པ་ཕུལ། 1956ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་རྗེས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས། ཁོང་གིས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་ཚོགས་ཆེན་ཐོག་སྨོན་ཚིག་གནང་སྐབས། 《གྲོས་མཐུན་དོན་ཚན་བཅུ་བདུན》གྱིས་བོད་ལྗོངས་མི་དམངས་ལ“མི་རིགས་འདྲ་མཉམ་ཡོང་བའི་ཁེ་དབང་ཆ་ཚང་རོལ་དབང་བྱུང་བ་དེ་ནས་བཟུང་རང་མོས་བདེ་སྐྱིད་དང་འོད་སྟོང་འཕྲོ་བའི་བགྲོད་ལམ་ཐོག་སྐྱོད་འགོ་བརྩམས་ཡོད”ཅེས་དང་། “རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པ་དེ་དུས་དང་འཚམ་པ་མ་ཟད་དགོས་ངེས་ཀྱང་རེད”ཅེས་བསྟན་པ་རེད། 《གྲོས་མཐུན་དོན་ཚན་བཅུ་བདུན》ལག་ལེན་དུ་བསྟར་བ་དང་། མི་དམངས་བཅིངས་འགྲོལ་དམག་བོད་ལ་སྐྱོད་པ། པཎ་ཆེན་སྐུ་ཕྲེང་བཅུ་པ་བོད་ལ་ལོག་ཕེབས་པ། རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པ་སོགས་ཀྱི་གནད་དོན་ཐད། ཁོང་གིས་དུས་སྐབས་ཤིག་རིང་དགེ་མཚན་ལྡན་པའི་སྤྱོད་ཚུལ་བཟུང་བ་རེད།

    ཡིན་ན་ཡང་། ཁ་ཕྲལ་པ་དང་བཙན་རྒྱལ་རིང་ལུགས་སྟོབས་ཤུགས་ཀྱི་བསླུ་བྲིད་དང་རོགས་སྐྱོར་བྱས་པར་བརྟེན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ནང་པ་སངས་རྒྱས་པ་ཞིག་གི་ངོས་ནས་མ་མཐའི་སྡོམ་ཁྲིམས་དང་མི་ཆོས་ལ་མི་བསམས་པ་དང་། ཀྲུང་དབྱང་སྲིད་གཞུང་གི་རེ་ལྟོས་སྟོང་ཟད་དུ་བཏང་སྟེ་ཀྲུང་དབྱང་སྲིད་གཞུང་ལ་ངོ་བཀུར་ལྐོག་འགལ་གྱིས་ལྐོག་ཏུ་རྒྱལ་ཁབ་ཁ་ཕྲལ་གཏོང་བའི་བྱ་སྤྱོད་སྤེལ། 1959ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཞིང་བྲན་ལམ་ལུགས་རྩིས་མེད་དུ་གཏོང་བའི་དམངས་གཙོའི་བཅོས་བསྒྱུར་ལ་འགོག་རྒོལ་བྱེད་ཆེད། 《གྲོས་མཐུན་དོན་ཚན་བཅུ་བདུན》རྩིས་མེད་རྡོག་རོལ་ཏུ་བཏང་སྟེ་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་མགོ་གཉིས་མའི་བྱེད་སྟངས་དེ་ཀྲུང་དབྱང་སྲིད་གཞུང་གིས་སྔ་ས་ནས་ཤེས་ཀྱི་ཡོད། ཀྲུང་གོ་གསར་པའི་དབུ་ཁྲིད་པ་མའོ་ཙེ་ཏུང་གིས“ཏཱ་ལ་ཡི་ཟིང་འཁྲུག་སློང་འདོད་ཀྱི་ལྐོག་བསམ་དེ་1955ལོར་ཁོ་པ་པེ་ཅིང་ནས་ཕྱིར་ལོག་དུས་ནས་ཡོད་པ་རེད། 1957ལོའི་ལོ་འགོར་ཁོ་པ་ཧིན་རྡུ་ནས་ཕྱིར་ལོག་པ་ནས་1958ལོའི་བར་གྱི་ལོ་གཉིས་ཙམ་གྲ་སྒྲིག་བྱས་པ་རེད”ཅེས་བསྟན་གནང་བ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་རང་གི་ངོ་བཀུར་ལྐོག་འགལ་གྱི་བྱེད་སྟངས་དེ་་མངོན་སུམ་འཛེམས་མེད་ཀྱིས་ཁས་ལེན་གྱིན་ཡོད་དེ། 1951ལོ་ནས་1959ལོའི་བར་གྱི་ལོ་དགུ་ཡི་རིང་ལ། “ཕྱོགས་གཅིག་ནས་ཁ་ནས་ང་ཚོ་མེས་རྒྱལ་ཁྱིམ་ཚང་ཆེན་པོར་ལོག་ཐུབ་པར་དགའ་སྤྲོ་ཆེན་པོ་བྱུང་ལ། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་མི་དམངས་རྣམས་དང་ལྷན་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐུབ་པར་དགའ་སྤྲོ་ཆེན་པོ་བྱུང་ཞེས་པའི་གཏམ་འདི་རིགས་ཤོད་མུས་སུ་སེམས་ནང་ད་དུང་གཏམ་གཞན་ཞིག་གསང་ཡོད”ཅེས་1965ལོར་ཁོ་པས་གསང་བའི“གཏམ་དེ་ནི་བོད་རང་བཙན་རང་བདག་བྱེད་སྙམ་པ་དེ་རེད”

    —— དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་རྗེས། ཀྲུང་དབྱངས་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་ལྷག་བསམ་ཟོལ་མེད་བྱས་ནས། དུས་སྐབས་ཤིག་གི་རིང་སྔར་བཞིན་ངང་རྒྱུད་རིང་པོའི་ཐོག་ནས་ངང་སྒུག་གི་རྣམ་འགྱུར་བཟུང་མོད། འོན་ཀྱང་ཁོ་པས་མེས་རྒྱལ་ལ་རྒྱབ་གཏོད་པའི་འགྲོ་ལམ་དུ་ཇེ་རིང་ཇེ་རིང་སྐྱོད་ཀྱི་ཡོད།

    བོད་ལ་དྲག་པོའི་ངོ་ལོག་ཟིང་འཁྲུག་ལངས་རྗེས། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་བོད་མི་རིགས་ཁག་གི་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་འོག ཟིང་འཁྲུག་འཕྲལ་མར་ཞོད་འཇགས་སུ་བཏང་བ་དང་དུས་མཚུངས་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་སྤེལ་བ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ངོ་ལོག་བྲོས་བྱོལ་དུ་ཕྱིན་རྗེས། ཀྲུང་དབྱང་སྲིད་གཞུང་གིས་ཁོ་པར་བཀག་འགོག་མ་བྱས་པ་དང་། བཙན་ཁྲིད་བྱས་པའི་མིང་ཐོག་ནས་ཁོ་པར་བསམ་བློ་གཏོང་ས་བཞག་པ་རེད། དུས་མཚུངས་ཁོ་པར་ངང་སྒུག་གི་རྣམ་འགྱུར་བཟུང་སྟེ། ཁོ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་གོ་གནས་དེ་1964ལོའི་བར་དུ་བཞག་ཡོད། 1959ལོའི་ཟླ་10པར་ཀྲུང་གོ་གསར་པའི་དབུ་ཁྲིད་པ་མའོ་ཙེ་ཏུང་གིས་ཧིན་རྡུའི་གུང་ཁྲན་ཏང་འཐུས་མིའི་ཚོགས་པར་གླེང་མོལ་གནང་དུས“ཏཱ་ལས་ང་ཚོའི་འདོད་ཚུལ་ཁས་བླངས་ན། ང་ཚོས་ཏཱ་ལ་ལོག་ཡོང་རེ་བྱེད་ཀྱི་ཡོད། ཁོ་པས་གཅིག་ནས་བོད་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དང་། གཉིས་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་དང་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་བྱེད་དགོས་པའི་དོན་ཚན་གཉིས་ཁས་བླངས་ན། ཁོ་པ་ཕྱིར་ལོག་ཡོང་ཆོག”ཅེས་གསུངས་པ་རེད།

     འོན་ཀྱང་ངོ་ལོག་བྲོས་བྱོལ་དུ་ཕྱིན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་རྒྱལ་ཁབ་ལ་ངོ་ལོག་པའི་འགྲོ་ལམ་དུ་སྐྱོད་པའི་རིང་ལ《གྲོས་མཐུན་དོན་ཚན་བཅུ་བདུན》ཡོངས་གྲགས་སུ་རྩིས་མེད་རྡོག་རོལ་དུ་བཏང་སྟེ། རྒྱལ་གཅེས་ལངས་ཕྱོགས་ཀྱི་རྣམ་འགྱུར་བསྟན་མྱོང་བ་དང་རྒྱལ་གཅེས་ཀྱི་དམ་བཅའ་འཇོག་མྱོང་བ་གཏན་ནས་ཁས་མ་བླངས་པར། འཛེམས་བག་མེད་པར་ཀྲུང་དབྱང་སྲིད་གཞུང་དང་འབྲེལ་ཐག་གཙང་མ་བཅད་ནས། རྒྱལ་ཁབ་དང་མི་རིགས་ལ་རྒྱབ་གཏོད་བྱེད་པའི་འགྲོ་ལམ་དུ་བསྐྱོད་པ་རེད། 1959ལོའི་ཟླ་6པར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཧིན་རྡུའི་མུའུ་སོ་ལིར“བོད་ལྗོངས་དོན་དངོས་ཐོག་སྔ་མོ་ནས་རང་བཙན་ཡིན”ཞེས་གསལ་བསྒྲགས་བྱས་པ་རེད། 1963ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་གར་དྷ་རམ་ས་ལར“བོད་མི་དམངས་འཐུས་མིའི་ཚོགས་ཆེན”སྐོང་ཚོགས་བྱས་ནས། “བོད་ཡུལ་གྱར་སྲིད་གཞུང”ཟེར་བ་བཙུགས་ཏེ“རྩ་ཁྲིམས”ཟེར་བ་ཁྱབ་བསྒྲགས་བྱས་ཐོག“ཏཱ་ལས་རྒྱལ་ཁབ་ཀྱི་གཙོ་འཛིན་བྱེད་རྒྱུ་དང” “བཀའ་བློན་ཡང་ཏཱ་ལས་བསྐོ་གཞག་བྱེད་རྒྱུ” “སྲིད་གཞུང་གི་ལས་དོན་ཡོངས་རྫོགས་ཏཱ་ལས་མོས་མཐུན་བྱས་ན་མ་གཏོགས་ཁས་མི་ལེན་པ”སོགས་ཀྱི་གཏན་འབེབས་བྱས་པ་རེད།

    1964ལོའི་ཟླ་12ཚེས་17ཉིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་151པའི་ཐོག 《ཏཱ་ལའི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་སྐོར་གྱི་ཆོད་དོན》ལ་གྲོས་འཆམ་བྱུང་ནས། “ཏཱ་ལས་1959ལོར་རྒྱལ་ཁབ་དང་གསར་བརྗེར་ངོ་ལོག་པའི་དྲག་པོའི་ཟིང་འཁྲུག་བསླངས་ནས་ཕྱི་རྒྱལ་ལ་བྲོས་བྱོལ་ཕྱིན་རྗེས། ཡུལ་གྱར་སྲིད་གཞུང་རྫུས་མ་སྒྲིག་འཛུགས་དང་། རྩ་ཁྲིམས་རྫུས་མ་ཁྱབ་བསྒྲགས་བྱས། ཧིན་རྡུའི་ལོག་སྤྱོད་ཕྱོགས་ཁག་གིས་རང་རྒྱལ་ལ་བཙན་འཛུལ་བྱེད་པར་རྒྱབ་སྐྱོར་བྱས་པ་མ་ཟད། ཕྱི་རྒྱལ་ལ་བྲོས་བྱོལ་ཕྱིན་པའི་ངོ་ལོག་ཟིང་འཁྲུག་གི་དྲག་ཤུགས་ལྷག་འཕྲོ་སྒྲིག་འཛུགས་དང་སྦྱོང་བརྡར་གང་ཐུབ་བྱས་ནས་མེས་རྒྱལ་གྱི་མཐའ་མཚམས་ཁུལ་དུ་དཀྲོག་རྐྱེན་བཟོས། དེ་དག་ཐམས་ཅད་ཐོག་ནས་ཁོ་པས་བློ་ཐག་ཆོད་པོས་མེས་རྒྱལ་དང་མི་དམངས་དང་གཏན་བྲལ་བྱས་པ་དང་། བཙན་རྒྱལ་རིང་ལུགས་དང་ཕྱི་རྒྱལ་ལོག་སྤྱོད་ཤོག་ཁག་གི་ཡོ་བྱད་བྱེད་འདོད་ཅིང་མེས་རྒྱལ་ལ་རྒྱབ་གཏོད་བྱེད་མཁན་ངན་སེམས་འགྱུར་མེད་མཁན་ཞིག་ཡིན་པ་ར་འཕྲོད་བྱུང་བ་རེད”ཅེས་བསྟན་གནང་བ་རེད།

    —— ཀྲུང་གོར་བསྒྱུར་བཅོས་སྒོ་དབྱེ་བྱས་རྗེས། ཀྲུང་གོའི་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་ནོར་འཁྲུལ་ཡོ་བསྲང་བྱེད་པའི་འགྲོ་ལམ་བསྟན་ནས། “རྒྱལ་གཅེས་ཁྱིམ་ཚང་གཅིག་དང་། རྒྱལ་གཅེས་ལ་སྔ་ཕྱི་མེད”ཅེས་པའི་བྱེད་ཕྱོགས་བཏོན་རུང་། ཁོ་པས་སྔ་ཕྱི་བར་གསུམ་དུ“བོད་རང་བཙན”ཞེས་པ་ཁོ་ན་ཡང་བཤད་བསྐྱར་བཤད་བྱས་ནས་སྡོད་ཀྱི་ཡོད།

    མེས་རྒྱལ་ལ་དགའ་ཞེན་བྱེད་པ་ནི་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཕྱིར་སྡོད་བོད་རིགས་སྤུན་ཟླར་བཏོན་པའི་གཞི་རྩའི་བླང་བྱ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཕྱིར་སྡོད་བོད་རིགས་སྤུན་ཟླ་ཚོར་མེས་རྒྱལ་འཛུགས་སྐྲུན་སྐོར་གྱི་གྲུབ་འབྲས་གང་མང་ཤེས་སུ་འཇུག་པའི་ཆེད་དུ། 1979ལོའི་ཟླ་8པ་ནས་1980ལོའི་ཟླ་9པའི་བར། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སྔ་ཕྱིར་མངགས་པའི་ལྟ་སྐོར་ཚོགས་པ་ཁག་གསུམ་དང་གཉེན་ཚན་ཁག་གཉིས་མེས་རྒྱལ་ལ་ལྟ་སྐོར་དུ་ཡོང་བར་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་སྣེ་ལེན་ཞུས་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཕྱི་རྒྱལ་ལ་ཡོད་པའི་གཉེན་ཚན་མང་ཆེ་བ་རྒྱལ་ནང་དུ་ལྟ་སྐོར་རམ་གཉེན་ཉེ་ཐུག་པར་ཡོང་མྱོང་། འོན་ཀྱང་བློ་ཕམ་པ་ཞིག་ལ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཀྲུང་དབྱང་གི་ཀུན་སློང་བཟང་པོ་དང་ཐོབ་དཀའ་བའི་གོ་སྐབས་བཟང་པོ་དེ་དག་དང་ལེན་མ་བྱས་པ་ལྟ་ཅི། དེ་ལས་ལྡོག་སྟེ“བོད་རང་བཙན”གྱི་ལངས་ཕྱོགས་མཁྲེགས་བཟུང་བྱེད་པ་དང་། ཁ་ཕྲལ་གཏོར་བཤིག་གི་བྱ་ངན་ཇེ་ངན་ཇེ་སྡུག་ཏུ་སྤེལ་བས། ཀྲུང་དབྱང་སྲིད་གཞུང་དང་མཐུན་འགྲིག་ཡོང་བའི་གོ་སྐབས་ཤོར་བ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་མེས་རྒྱལ་དུ་མངགས་པའི་ལྟ་སྐོར་ཚོགས་པས་ཀྲུང་དབྱང་སྲིད་གཞུང་གི“འགྲོ་འོང་རང་མོས”ཀྱི་སྲིད་ཇུས་ལ་བརྟེན་ནས། གང་སར“བོད་རང་བཙན”འུད་སྒྲོག་བྱས་པ་དང་། མི་རིགས་དབར་འཁོན་འཛིན་བསླངས་ཤིང་། སྤྱི་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་ཁྲིམས་འགལ་གྱིས་བར་ཆད་བཟོས་པ་དང་གཏོར་བཤིག་བཏང་བ་རེད།

    1979ལོ་ནས་བཟུང་། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རེ་འདུན་ལྟར། དུས་ཚོད་ངེས་མེད་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་སྒེར་གྱི་འཐུས་ཚབ་དང་ངོ་འཕྲད་གྲོས་མོལ་བྱས་ཡོད། 1979ལོའི་ཟླ་2པར་ཀྲུང་གོའི་དབུ་ཁྲིད་ཏེང་ཞའོ་ཕིང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཕུ་བོ་རྒྱ་ལོ་དོན་གྲུབ་ལ་མཇལ་འཕྲད་གནང་ནས་ཏཱ་ལ་རྒྱལ་ནང་དུ་ཕྱིར་ལོག་ཡོང་བའི་གནད་དོན་སྐོར་ལ“བོད་ལྗོངས་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པས། ཁོང་ཚོ་རྒྱལ་ནང་དུ་ཕྱིར་ལོག་ཡོང་ན་ནང་ཁུལ་གྱི་གནད་དོན་ཙམ་ལ་བརྩིས་ནས་གླེང་མོལ་བྱས་ཆོག་པ་མ་གཏོགས། དེ་ཉིད་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་ངོས་ནས་གླེང་མོལ་བྱེད་པར་བརྩི་མི་རུང་། དེ་ནི་རྩ་བའི་གནད་དོན་རེད”ཅེས་དང་། “ཏཱ་ལས་བོད་ལྗོངས་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཡོངས་གྲགས་སུ་ཁས་བླངས་ཕྱིན། རྒྱལ་གཅེས་ལ་སྔ་ཕྱི་མེད་པས། ཀྲུང་དབྱང་དང་གླེང་མོལ་བྱས་ཆོག གནད་དོན་གྱི་རྩ་བ་ནི་བོད་ལྗོངས་ཀྲུང་གོའི་ཆ་ཤས་ཤིག་ཡིན་པར་ཐུག་པས། འགྲིག་མིན་ནི་ཚད་གཞི་འདིར་བསྟུན་ནས་བརྡར་ཤ་གཅོད་དགོས”ཞེས་སྟོན་གནང་བ་རེད།

    1989ལོའི་རྗེས་སུ། སུའུ་ལེན་དང་ཡོ་རོབ་ཤར་མའི་གནས་བབ་ལ་འགྱུར་བ་ཧ་ཅང་ཆེན་པོ་བྱུང་བ་དང་བསྟུན་ནས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་གནས་བབ་ལ་ཚོད་དཔག་ནོར་འཁྲུལ་ལྡན་པ་བྱས་ཏེ། “བོད་རང་བཙན་གྱི་ནམ་ཟླ་ཤར་གྲབས་ཡོད”ཅེས་དང་། “སྲིད་སྟེཌ་ནས་ལྷུང་ལ་ཉེ་བའི་སྲིད་དབང་ཞིག་དང་གྲོས་མོལ་བྱེད་འདོད་མེད”ཅེས་བཤད། 1989ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་ཀྲུང་དབྱང་སྲིད་གཞུང་གི་མོས་མཐུན་བྱུང་བ་ལྟར། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་ཏཱ་ལ་ཉིད་རྒྱལ་ནང་དུ་ལོག་ནས་པཎ་ཆེན་རིན་པོ་ཆེར་མྱ་ངན་ཞུ་བའི་མཛད་སྒོར་ཞུགས་རྒྱུའི་གདན་ཞུ་བྱས་མོད་ཀྱང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སྐབས་དེའི་་གདན་ཞུ་ཁས་མ་བླངས་པ་རེད། 1993ལོར་ཏཱ་ལས་རང་ངོས་ཕྱོགས་ནས་ཀྲུང་དབྱང་སྲིད་གཞུང་དང་འབྲེལ་ཐག་གཅོད་རྒྱུའི་ཁྱབ་བསྒྲགས་བྱས། 1995ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་འཛེམས་བག་མེད་པར་ལོ་རྒྱུས་ཀྱི་ངེས་སྲོལ་དང་ཆོས་ལུགས་ཀྱི་ཆོ་ག་ཁས་མ་བླངས་པར། རང་གིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཟེར་བ་ཞིག་ངོས་འཛིན་བྱས།

    དེ་ལྟར་བྱས་ནའང་། ཀྲུང་དབྱང་སྲིད་གཞུང་གིས་སྔར་བཞིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་འགྲོ་ལམ་གསལ་པོ་བསྟན་ཡོད། 1997ལོར་ཀྲུང་དབྱང་སྲིད་གཞུང་གིས“ཏཱ་ལས་མེས་རྒྱལ་ཁ་ཕྲལ་གྱི་ལངས་ཕྱོགས་དངོས་སུ་དོར་བ་དང་། མེས་རྒྱལ་ཁ་ཕྲལ་གྱི་བྱེད་སྤྱོད་མཚམས་འཇོག་བྱེད་པ། བོད་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་བཅས་ཡོངས་གྲགས་སུ་ཁས་ལེན་པ་དང་། ཐའེ་དབན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་མཚོན་པའི་ཁྲིམས་མཐུན་སྲིད་གཞུང་ཉག་ཅིག་ཡིན་པ་ཁས་ལེན་པ་བཅས་བྱས་ཕྱིན་ཏཱ་ལ་རང་སྒེར་གྱི་མདུན་ལམ་གནད་དོན་སྐོར་ངོ་འཕྲད་གྲོས་མོལ་བྱས་ཆོག”ཅེས་སྟོན་ཞིང་། ད་ལྟའི་བར་དུ་ཀྲུང་དབྱང་གིས་སྔར་བཞིན་གཞི་རྩའི་རྩ་དོན་འདི་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་དབྱང་གིས་2003ལོར་བོད་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་བཅས་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྐྱར་དུ་བསྟན་པ་རེད། “རྒྱུན་འཁྱོངས་གསུམ”ནི་ཀྲུང་གོའི་རྩ་ཁྲིམས་ནང་དུ་གཏན་འབེབས་གསལ་པོར་བྱས་ཤིང་། བོད་ཀྱི་ཆབ་སྲིད་དངོས་དོན་ཆེ་ཤོས་ཡིན་ལ། ངོ་འཕྲད་གྲོས་མོལ་བྱེད་པའི་ཆབ་སྲིད་ཀྱི་རྩ་བའི་རྩ་དོན་ཞིག་ཀྱང་ཡིན། ངོ་འཕྲད་གྲོས་མོལ་བྱེད་པའི་གཞི་རྩའི་གནད་གཉིས་ལས། གཅིག་ནི། ངོ་འཕྲད་བྱ་ཡུལ་ནི་ཏཱ་ལའི་བླ་མ་སྒེར་གྱི་ངོ་ཚབ་ཁོ་ན་ཡིན་དགོས། “ཡུལ་གྱར་སྲིད་གཞུང”གི་འབོད་མིང་ཇི་ལྟར་བསྒྱུར་བ་དང་། བདག་འཛིན་བྱེད་མཁན་སུ་ཡིན་ལ་མ་བལྟོས་པར། ཚང་མ་མེས་རྒྱལ་ལ་རྒྱབ་གཏོད་བྱེད་མཁན་ཁ་ཕྲལ་རིང་ལུགས་ཀྱི་ཆབ་སྲིད་རུ་ཚོགས་ཤིག་ཡིན་པས། བོད་མི་དམངས་ཀྱི་ཚབ་བྱེད་མི་ཐུབ་ལ། ཁྲིམས་མཐུན་རང་བཞིན་ཡང་སྤུ་ཙམ་མེད་པ་དང་། ཀྲུང་དབྱང་དང“གླེང་མོལ”བྱེད་པའི་ཐོབ་ཐང་གང་ཡང་མེད། གཉིས་ནི། འཕྲད་གླེང་གི་ནང་དོན་ནི་ཏཱ་ལའི་བླ་མ་སྒེར་གྱི་མདུན་ལམ་སྐོར་གྱི་གནད་དོན་དང་། མང་ནའང་ཁོ་པའི་ཉེ་འཁོར་རེ་ཟུང་གི་མདུན་ལམ་གནད་དོན་ཡིན་པ་གསལ་པོར་བཤད་ན། ཏཱ་ལས་ཁ་ཕྲལ་རིང་ལུགས་ཀྱི་བསམ་པ་དང་བྱེད་སྤྱོད་རྩ་བ་ནས་དོར་ཏེ། ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་དགོངས་པ་དྭངས་བའི་བརྩོན་ལེན་བྱ་རྒྱུ་དང་། ཚེ་མཇུག་གི་འཚོ་བ་ཇི་ལྟར་སྐྱེལ་བའི་གནད་དོན་ཐག་གཅོད་གང་འདྲ་བྱ་རྒྱུ་དེ་རེད། བོད་ཀྱི་ཆབ་སྲིད་གནས་བབ་དང་ཆབ་སྲིད་ལམ་ལུགས་ནི་ཀྲུང་གོའི་རྩ་ཁྲིམས་དང་བཅའ་ཁྲིམས་ཐོག་གཏན་ལ་ཕབ་ཡོད་སྟབས། “བོད་ཀྱི་གནད་དོན”དང“ཚད་མཐོའི་རང་སྐྱོང”ཟེར་བའི་སྐོར་གྲོས་བསྡུར་གཏན་ནས་བྱེད་མི་སྲིད་པ་ཀྲུང་དབྱང་གིས་ཡང་ཡང་བསྟན་ཡོད།

    1979ལོ་ནས་2002ལོའི་བར། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་སྒེར་གྱི་ངོ་ཚབ་ལ་སྣེ་ལེན་ཐེངས་13བྱས་པ་དང་། 2002ལོ་ནས་2010ལོའི་ཟླ་དང་པོ་བར། ཁོ་ཚོ་རྒྱལ་ནང་དུ་ལོག་རྒྱུར་སླར་ཡང་མོས་མཐུན་བྱེད་ཐེངས་10བྱས་པ་རེད། ཡིན་ནའང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཀྲུང་དབྱང་གི་རེ་འདུན་ཡང་ནས་ཡང་དུ་སྟོང་ཟད་བཏང་སྟེ། “དབུ་མའི་ལམ”ཟེར་བའི་ཀྲུང་གོའི་རྩ་ཁྲིམས་དང་འགལ་ཞིང་ངོ་བོ་ནི་མེས་རྒྱལ་ཁ་ཕྲལ་གཏོང་བའི་འདོད་ཚུལ་ཡིན་པ་དེ་རིགས་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་པ་མ་ཟད། པེ་ཅིང་ཨོ་རྩལ་འགྲན་ཚོགས་ལ་གཏུམ་སྤྱོད་ཀྱིས་འགོག་རྐྱེན་བཟོས་པ་དང་། ལྷ་སའི“3·14”ཡི་དོན་རྐྱེན། རང་སྲེག་གི་དོན་རྐྱེན་སོགས་ངན་ཇུས་བཤམས་ནས་གཏོར་བཤིག་གི་བྱེད་སྤྱོད་སྤེལ་བ་རེད། 2011ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆབ་སྲིད་ཐོག་ནས“རྒན་ཡོལ་ཞུས་པ”ཡོངས་བསྒྲགས་བྱས་པ་དང་། མི་རིང་བར་ཀྲུང་དབྱང་སྲིད་གཞུང་དང་ངོ་འཕྲད་བྱེད་མཁན་ངོ་ཚབ་ཀྱང་རྩ་དགོངས་ཞུས་པ་རེད། དེའི་རྗེས་སུ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“སྲིད་གཞུང”ཟེར་བའི་མིང་ཐོག་ནས་ཀྲུང་དབྱང་སྲིད་གཞུང་དང་གླེང་མོལ་བྱ་རྒྱུ་ཡིན་ཞེས་མངོན་སུམ་འཛེམས་མེད་ཀྱིས་བཤད་པ་དང་། ངོ་འཕྲད་གྲོས་མོལ་གྱི་རྨང་གཞིར་འཛེམས་བག་མེད་པར་གཏོར་བཤིག་བཏང་བས་ངོ་འཕྲད་གྲོས་མོལ་བྱེད་ཐབས་མེད་པ་བཟོས་པ་རེད།

    ལོ་30ལྷག་ཙམ་རིང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་འགྱུར་ཚུལ་ལ་གཞིགས་ནས། ཇུས་གཞིར་སྒྱུར་སྒྲིག་ཆད་མེད་བྱས་པ་དང་། ཀྲུང་དབྱང་དང་ངོ་འཕྲད་གྲོས་མོལ་བྱེད་མཚམས་རང་དགར་ཐེངས་ཁ་ཤས་བཅད། ཁོ་ཚོས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལས་རང་ཉིད་ལ་ཕན་ཐོགས་མི་འདུག་སྙམ་སྐབས། ཀྲུང་དབྱང་དང་ངོ་འཕྲད་ཡོང་རེ་འདོན་པ་དང་། དེ་ལས་ལྡོག་སྟེ་རྒྱལ་ཁབ་ཕྱི་ནང་གི་གནས་བབ་རང་ཉིད་ལ་ཕན་ཐོགས་འདུག་སྙམ་ཚེ། ཀྲུང་དབྱང་དང་ངོ་འཕྲད་བྱེད་མཚམས་འཇོག་གི་ཡོད། ངོ་འཕྲད་བྱེད་པའི་རིང་ལའང་། ཁོ་ཚོས་ཐོག་མཐའ་བར་གསུམ་དུ“བོད་རང་བཙན”སྐོར་ཁོ་ན་ཡང་ཡང་གླེང་ནས། ག་དུས་ཡིན་རུང་རྒྱལ་ཁབ་ཕྱི་ནང་དུ་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་མཚམས་མི་འཇོག་པ་དེ་རེད།

    ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས“ཀྲུང་དབྱང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་འཛིན་པའི་སྲིད་ཇུས་ལ་སྔར་ནས་འགྱུར་བ་མེད་ལ་ཁ་གསལ་ཡིན་ཞིང་། ཏཱ་ལས་བོད་གནའ་སྔ་མོའི་དུས་ནས་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཡོངས་ཁྱབ་ཏུ་གསལ་བསྒྲགས་བྱེད་པ་དང་། ‘བོད་རང་བཙན’གྱི་ལངས་ཕྱོགས་དོར་བ། མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་མཚམས་འཇོག་པ་བཅས་བྱས་ན་མ་གཏོགས་ཀྲུང་དབྱང་དང་འབྲེལ་བ་ལེགས་བཅོས་བྱེད་རྒྱུ་གླེང་ཐབས་བྲལ་བ་རེད”ཅེས་བསྐྱར་བསྒྲགས་གནང་བ་རེད། ཀྲུང་དབྱང་སྲིད་གཞུང་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་འཚོ་གནས་ཀྱི་རིང་ལ་སྟོང་བསམ་དོར་ནས་དོན་དངོས་དང་བསྟུན་པ་དང་། ནོར་འཁྲུལ་ཡོ་བསྲང་བྱས་ཏེ་དོན་དངོས་དང་མཐུན་ཞིང་ཚུལ་དང་ལྡན་པའི་བགྲོད་ལམ་བདམས་ཏེ། ཕྱིའི་རྒྱལ་ཁབ་ཏུ་ཡུལ་གྱར་བའི་བོད་རིགས་སྤུན་ཟླ་ཚོར་ཕན་པའི་བྱ་བ་ཕྲན་བུ་བསྒྲུབ་གང་ཐུབ་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད།

    མཇུག་བསྡུའི་གཏམ།

    ལོ་རྒྱུས་ཀྱི་འཁོར་ལོ་མདུན་ནས་མདུན་དུ་སྐྱོད། དུས་རབས་ཀྱི་རླབས་རྒྱུན་སུས་ཀྱང་འགོག་མི་ཐུབ།

    བོད་ལྗོངས་གོང་འཕེལ་འགྲོ་ལམ་ནི་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་ཡིན། མཐུན་སྒྲིལ་རྒྱུན་འཁྱོངས་དང་ཁ་ཕྲལ་ལ་ངོ་རྒོལ། ཡར་ཐོན་རྒྱུན་འཁྱོངས་དང་ཕྱིར་བཤོལ་ལ་ངོ་རྒོལ། བརྟན་ལྷིང་རྒྱུན་འཁྱོངས་དང་ཟིང་འཁྲུག་ལ་ངོ་རྒོལ་བཅས་བྱས་ཚེ་བོད་ལ་ད་གཟོད་འོད་སྟོང་འབར་བའི་མདུན་ལམ་འབྱུང་སྲིད། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་གིས་ཀྱང་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ཕྱིན་ཅི་ལྡོག་རྩིས་བྱས་ཕྱིན། དེའི་མཇུག་འབྲས་ནི་ལོ་རྒྱུས་དང་མི་དམངས་ཀྱིས་འདོར་རྒྱུ་ལས་མེད་པ་ལག་ལེན་དངོས་ལས་ར་འཕྲོད་བྱུང་བ་རེད།ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“དབུ་མའི་ལམ”འུད་སྒྲོག་བྱས་དེ“བོད་རང་བཙན”གྱི་ཆབ་སྲིད་དམིགས་ཡུལ་འཆང་བ་ནི་ཀྲུང་གོའི་གནས་ཚུལ་དངོས་དང་བོད་ཀྱི་གནས་ཚུལ་དངོས་དང་འགལ་ཡོད་ལ། ཀྲུང་གོའི་རྩ་ཁྲིམས་དང་ཀྲུང་གོའི་རྒྱལ་ཁབ་ལམ་ལུགས་དང་ཡང་འགལ་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བོད་ལྗོངས་གནའ་བོའི་དུས་ནས་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་པ་དང་། “བོད་རང་བཙན”གྱི་འདོད་ཚུལ་འདོར་བ། ཀྲུང་གོ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་མཚམས་འཇོག་པ་བཅས་བྱས་ཐོག རྒྱལ་ཁབ་དང་བོད་ལ་ཕན་པའི་བྱ་བ་འགའ་ངོ་མ་བསྒྲུབ་ན་ད་གཟོད་མདུན་ལམ་ཡོད་པ་ཞིག་ཡིན།

    བོད་ཀྱི་མ་འོངས་པ་ནི་བོད་ཀྱི་མི་དམངས་ཡོངས་ལ་དབང་བ་ཡིན་ལ། ཀྲུང་ཧྭ་མི་རིགས་ཧྲིལ་པོར་དབང་བ་ཡིན་ཞིང་། བོད་ཀྱི་འབྱུང་འགྱུར་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་ངེས། མ་འོངས་པའི་ལོ་ཟླའི་ནང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་མི་རིགས་ཁག་གི་མི་དམངས་དང་ལྷན་དུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་མུ་མཐུད་སྐྱོད་དེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

    (བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་རྒྱལ་ཁབ་མི་རིགས་ཡིག་སྒྱུར་ཅུས་ཀྱིས་བསྒྱུར)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།