ཟླ་4ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་ཀྱིས་སྨྱན་སྦྱོར་གྱི་ཆེད་དོན་བཅར་འདྲི་དང་ལེན་གནང་ནས་རྒྱབ་ཤ་དཀར་པོའི་དེབ་ཀྱི་དོན་སྙིང་གལ་ཆེན་ཐད་གཏམ་བཤད་གནང་བ་རེད།
སྤེན་པ་བཀྲ་ཤིས་ཀྱིས《བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ཞིང་། དེ་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་སྙིང་སྟོབས་གང་ལེགས་མངོན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་གང་ལེགས་མཚོན་ཡོད་ཅེས་གསུངས་པ་རེད།
ཁོང་གིས་རྒྱབ་ཤ་དཀར་པོའི་དེབ་དེས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་རིང་གི་འོད་སྟོང་ལྡན་པའི་ལོ་རྒྱུས་ལ་ཕྱོཌ་བསྡུས་ལྟ་ཞིབ་བྱས་པ་དང་། དེང་སྐབས་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་དམ་པོར་བཟུང་བ། བོད་གསར་རྙིང་བསྡུར་བའི་ལྟ་ཕྱོགས་ནས་ཚང་མས་ཁས་ལེན་བྱེད་པ་དང་ཡང་དག་པའི་གཞི་གྲངས་དང་། རྩོད་ཐབས་བྲལ་བའི་ལོ་རྒྱུས་ཀྱི་དོན་དངོས། ཚང་མས་མིག་མཐོང་ལག་ཟིན་ཐུབ་པའི་དངོས་ཡོད་ཀྱི་གྲུབ་འབྲས་བཅས་ལས་འཇིག་རྟེན་སྐྱེ་བོ་ཀུན་ལ་དེང་སྐབས་བོད་འདི་ཉིད་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པ་དང་། ལས་རིགས་ཀུན་དར་ཞིང་རྒྱས་པ། དཔལ་འབྱོར་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་བ། མི་རིགས་མཐུན་སྒྲིལ་ཞི་མཐུན། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། སྣོད་བཅུད་ཁོར་ཡུག་མུ་མཐུད་ལེགས་པ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཁྱོན་ཡོངས་དང་། ཕྱི་རོལ་ཡུལ། དྲང་བདེན་བཅས་ངང་མངོན་པ་བྱས་པ་དང་བོད་འདི་ཉིད་ལོ་རྒྱུས་ཐོག་གི་འཕེལ་རྒྱས་དང་བརྟན་ལྷིང་གི་དུས་སྐབས་བཟང་ཤོས་སུ་སླེབས་ཡོད་ཅེས་གསུངས་པ་རེད།
ཁོང་གིས་རྒྱབ་ཤ་དཀར་པོའི་དེབ་དེས་ཞིབ་ཅིང་དྲང་བའི་དཔྱད་ཡིག་དང་ལྟ་བ་ཁ་གསལ་གྱི་ཐོག་ནས་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དང་། གདུག་རྩུབ། རྗེས་ལུས་བཅས་ཀྱི་གནས་ཚུལ་དམར་རྗེན་དུ་བཏོན་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་འུད་སྒྲོག་བྱས་པའི“དབུ་མའི་ལམ”ཟེར་བས་བོད་རང་བཙན་ངན་ཇུས་བྱེད་པའི་ལོག་སྤྱོད་ངོ་བོ་དམར་རྗེན་དུ་བཏོན་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཆབ་སྲིད་ཐད་ཀྱི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐད་ཀྱི་གཡོ་ཟོལ་རང་བཞིན། བྱ་ཐབས་ཐད་ཀྱི་མགོ་སྐོར་རང་བཞིན་བཅས་དམར་རྗེན་དུ་བཏོན་པ་བཅས་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་རང་བཙན”གྱི་ཆབ་སྲིད་དམིགས་ཡུལ་གྱི་ལྐོག་གཡོ་བཤམས་ནས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་སྣང་མེད་དུ་གཏོང་བ་མ་ཟད། ད་དུང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབད་འཐབ་གྲུབ་འབྲས་རྩིས་མེད་རྡོག་རོལ་དུ་བཏང་སྟེ་བོད་འཕེལ་རྒྱས་དང་ཡར་ཐོན་འགྲོ་བའི་ཡང་དག་པའི་འགྲོ་ལམ་ཁས་ལེན་བྱེད་ཀྱི་མེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་གཏམ་སྤྱོད་ཚང་མས་རང་རྒྱལ་གྱི་རྩ་ཁྲིམས་ལས་ཚབས་ཆེན་འགལ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ལྟེ་བའི་ཁེ་ཕན་ལའང་ཐད་ཀའི་གནོད་འཚེ་བཟོས་ཡོད། འཛམ་གླིང་གི་རླབས་རྒྱུན་རྔམ་རྔམ་བརྗིད་བརྗིད་ཡིན། མི་སུ་འདྲ་ཞིག་དང་ཕྱོགས་གཏོགས་གང་རུང་ཞིག་གིས་ཀྱང་ལོ་རྒྱུས་ཀྱི་རླབས་རྒྱུན་དང་འགལ་ཚེ་དེའི་མཇུག་འབྲས་ནི་ལོ་རྒྱུས་དང་མི་རྣམས་ཀྱིས་མཆིལ་མ་བཞིན་དུ་དོར་རྒྱུ་དེ་རེད། གཅིག་གྱུར་མཐའ་འཁྱོངས་དང་ཁ་ཕྲལ་ལ་ངོ་རྒོལ་དང་། ཡར་རྒྱས་མཐའ་འཁྱོངས་དང་ཕྱིར་བཤོལ་ལ་ངོ་རྒོལ། བརྟན་ལྷིང་མཐའ་འཁྱོངས་དང་ཟང་ཟིང་ལ་ངོ་རྒོལ་བཅས་བྱས་ཚེ་བོད་འདི་ཉིད་ལ་གཞི་ནས་ད་ལྟའི་དར་རྒྱས་གོང་འཕེལ་དང་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན་ཞེས་གསུངས་པ་རེད།
སྤེན་པ་བཀྲ་ཤིས་ཀྱིས་མཇུག་ཏུ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་ད་ལྟའི་འཚོ་བའང་མེད་པ་ལོ་རྒྱུས་ལས་ར་སྤྲོད་ཁུངས་བཙན་ཐུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་པ་ནི་བོད་འདི་ཉིད་འཕེལ་རྒྱས་དང་ཡར་ཐོན་འགྲོ་བའི་ཡང་དག་པའི་འགྲོ་ལམ་འབའ་ཞིག་དེ་རེད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལོ་རྒྱུས་ཀྱི་གདམ་གའང་ཡིན་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་གཞི་རྩའི་ཁེ་ཕན་གྱི་ཚབ་བྱེད་ཀྱི་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་གསར་འབྱེད་གསར་གཏོད་བྱས་ཚེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་ངེས་ཡིན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།