དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་ཕྱོགས་སྡོམ་དབྱེ་ཞིབ་དང་དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-14

    ཚེས་10ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་2015ལོའི་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཕྱོགས་སྡོམ་དབྱེ་ཞིབ་དང་དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག་འདི་ལོ་ཤར་ཚུན་དུ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཀྱི“ཚོགས་འདུ་གཉིས”དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། རང་འགུལ་ངང་དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པ་དང་འཚམ་པ། “དམ་འཛིན་བྱེད་གཞི་དྲུག”ལ་དམ་པོར་དམིགས་པ། “བྱ་ཐབས་དྲུག”ལ་རྒྱུན་ཆད་མེད་པར་ཤུགས་སྣོན།

    ཐོག་མཐའ་བར་གསུམ་དུ“མ་མཐའི་མཚམས་ཐིག་གསུམ”སྲུང་རྒྱུ་མཐའ་འཁྱོངས། དཔལ་འབྱོར་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་ལ་སྐུལ་སྤེལ། དམངས་འཚོར་ཕན་འདོགས། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་པས་དཔལ་འབྱོར་མགྱོགས་མྱུར་འཕར་བ་དང་། སྤྱི་པའི་ནོར་སྲིད་ཡོང་འབབ་འཕར་ཤུགས་ཆེ་བ། དངུལ་རྩའི་སྒུལ་ཤུགས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། གཞི་རྒྱུའི་འདེགས་སྐྱོར་བྱེད་ནུས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་པ། འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། “མ་མཐའི་མཚམས་ཐིག་གསུམ”ཐོག་མཐའ་བར་གསུམ་དུ་བརྟན་སྲུང་ཐུབ་པ། དཔལ་འབྱོར་དམིགས་ཚད་གཙོ་བོ་མུ་མཐུད་ལུགས་མཐུན་ཁུལ་དུ་གནས་པ། དཔལ་འབྱོར་བྱེད་སྒོའི་གཞི་ཁྱོན་མུ་མཐུད་ཆེ་རུ་ཕྱིན་པ། གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་བཅས་ཀྱི་ཐོག་ནས་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་ཐོན་པ་དང་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད་པའི་ངོས་འཛིན་བྱས་པ་རེད།

    ཚོགས་འདུའི་ཐོག་གཅིག་ནས་མ་འཇོག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་དུས་ཐོག་དང་ཕན་འབྲས་ལྡན་པའི་ངང་གྲུབ་འབྲས་དངོས་ཐོན་པའི་ལས་ཀའི་འབོར་ཚད་ཆགས་པ་བྱེད་དགོས། དཔལ་འབྱོར་དང་སྲིད་འཛིན་སོགས་ཀྱི་བྱ་ཐབས་ནུས་ལྡན་སྤྱད་དེ་རྣམ་གྲངས་ལས་དོན་ཁྲོད་ཀྱི“གལ་ཆེ་བ་གསུམ་དང་ཆུང་བ་གསུམ”གྱི་སྣང་ཚུལ་ཐག་གཅོད་བྱས་ཏེ་སྔར་ལས་ལེགས་པའི་ངང་རྣམ་གྲངས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། རྣམ་གྲངས་ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་ཚུགས་ལས་དོན་སྤེལ་མགྱོགས་སུ་བཏང་ནས་ཚད་ལས་བརྒལ་ནས་ལས་དོན་སྤེལ་ཕོད་པ་དང་རྣམ་གྲངས་ཚབ་སྐྲུན་ལམ་ལུགས་ལག་ལེན་བསྟར་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུ་དང་ཕན་འབྲས་ལྡན་པའི་ངང་སྐུལ་སྤེལ་གཏོང་དགོས་པ་དང་། གཉིས་ནས་སྔོན་རྩིས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་བཙན་ཞིང་ནན་པའི་ལམ་ལུགས་ལ་བརྟེན་ནས་དངུལ་ཡོད་ཀྱང་མི་སྤྱོད་པའི་གནད་དོན་ཐག་གཅོད་བྱེད་དགོས། མ་དངུལ་བཀོད་གཏོང་ལ་གཅིག་འདོམས་བྱས་ནས་མ་དངུལ་གཏོང་སྤྲོད་མགྱོགས་སུ་གཏོང་བ་དང་མ་དངུལ་གྲབས་གསོག་ཡག་པོ་བྱས་ཏེ་མ་དངུལ་བཀག་གསོག་སྔོན་འགོག་བྱེད་པ། དམངས་འཚོར་སྔོན་ལ་གཟིགས་སྐྱོང་ཐུབ་པའི་འགན་ལེན་གྱིས་དམངས་ཕན་བྱ་ཐབས་ཁག་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བྱེད་པ། སྔོན་རྩིས་ལག་བསྟར་འགན་འཁྲིའི་ལམ་ལུགས་བཙུགས་ནས་སྔོན་རྩིས་ལག་བསྟར་མགྱོགས་སུ་གཏོང་དགོས། གསུམ་ནས་ཐོན་ལས་ལ་འདེགས་སྐྱོར་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་རྒྱུན་ཆད་མེད་པར་དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། མ་དངུལ་ཡོང་ཁུངས་ཐད་ཕྱོགས་གཅིག་ནས་ཐོན་ལས་རིགས་འཕེལ་རྒྱས་ལ་མ་དངུལ་གཏོང་བའི་བསྡུར་གྲངས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་སྔར་ལས་ལྷག་པའི་ངང་མ་འཇོག་སྲིད་ཇུས་དང་། ནོར་སྲིད་སྲིད་ཇུས། དངུལ་རྩའི་སྲིད་ཇུས། ཐོན་ལས་སྲིད་ཇུས་བཅས་ཀྱི་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་བོད་ཀྱི་དོན་དངོས་དང་མཐུན་པའི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། གཙོ་གནད་ཕྱོགས་ཀྱི་ཐད་ཡུལ་སྐོར་རིག་གནས་དང་། ནུས་རྒྱུ་གཙང་མ། རང་བྱུང་འཐུང་ཆུ། ཁྱད་ལྡན་འབྲོག་ལས་སོགས་ལ་དུས་ཡུན་རིང་པོར་དམ་འཛིན་དང་གཙོ་གནད་ཐོག་དམ་འཛིན་གྱིས་རྩེར་སོན་དང་། ཁྱད་ལྡན། ལེགས་ཆ་ལྡན་པ་བཅས་ཀྱི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

    ཚོགས་འདུའི་ཐོག་ལྟ་སྐུལ་མཛུབ་ཁྲིད་དང་སྒྲུབ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་དོན་འཁྱོལ་ཡོང་རྒྱུར་སྐུལ་སྤེལ་གྱིས་ལྕགས་ལ་ཤུར་ཐོན་པ་དང་རྡོ་ལ་རྐང་རྗེས་འཇོག་ཐུབ་པ་བྱེད་དགོས། གཏན་འཁེལ་ཟིན་པའི་གཙོ་གནད་ལས་དོན་ཁག་དམ་འཛིན་མཐར་ཕྱིན་བྱས་ནས་དགོས་པའི་ལས་མི་བྱེད་པ་དང་། ལས་ཀར་སྒྱིད་ལུག་བྱེད་པ། ལས་ཀ་འགོར་པོ་བྱེད་པ། མི་དགོས་ལས་རྙོག་བཟོ་བ་བཅས་ཀྱི་ཚན་པ་དང་མི་སྒེར་དང་ཁ་ཆད་གྲོས་མོལ་བྱེད་པ་དང་། འགན་ཤོར་ལས་འཛོལ་བྱུང་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། བརྡ་ཐོ་མི་གཏོང་བ་དང་། ལན་མི་གཏོང་བ། སྙན་སེང་མི་ཉན་པ། ཕེབས་རོགས་མི་ཞུ་བ། སྣེ་ལེན་མི་ཞུ་བ་བཅས་ཀྱི་བྱ་ཐབས་སྤྱད་དེ་ཐད་ཀར་གཞི་རིམ་དང་ལས་དོན་སྤེལ་ཡུལ་དུ་བསྐྱོད་དེ་མ་འཇོག་དོན་འཁྱོལ་དང་། རྣམ་གྲངས་དོན་འཁྱོལ། སྔོན་རྩིས་དོན་འཁྱོལ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཐོག་གནད་དོན་དངོས་རྩད་ཆོད་ཐུབ་པ་དང་། གནས་ཚུལ་ངོ་མ་རྩད་ཆོད་ཐུབ་པ། ཞིབ་ཕྲའི་བྱ་བ་དང་མི་རྩད་གཅོད་ཐུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཆེ་མོའི་གྲ་སྒྲིག་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་པ་དང་། དཔྱིད་རྨོད་ཐོན་སྐྱེད་དང་འབྲོག་ལས་ཐོན་སྐྱེད་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་པ། དབུལ་སྐྱོར་འགག་སྒྲོལ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་། སྣོད་བཅུད་སྲུང་སྐྱོང་དང་བདེ་འཇགས་ཐོན་སྐྱེད་སོགས་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱེད་པ། ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་གོང་འཕེལ་ཡོང་བ་བྱེད་པ། བྱ་སྤྱོད་ངོ་མ་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་བཅས་ཀྱིས་བྱམས་བརྩེའི་ཐུགས་ཁུར་གནང་བར་དྲིན་ལན་འཇལ་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།