བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་བར་དྲན་གསོ་ཞུ་ཆེད། ཟླ་3ཚེས་27ཉིན་གྱི་དགོང་མོའི་ཆུ་ཚོད་8པར་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བརྙན་འཕྲིན་གསུང་བཤད་གནང་ཞིང་། ཁོང་གིས་ཟླ་3ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཡིན། དེ་ནི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ད་ཆར་གཅེས་སྤྲས། འབྱུང་འགྱུར་གཏོད་པ་བཅས་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ནམ་ཡང་དྲན་གསོ་བྱེད་རིན་ཡོད་པའི་རླབས་ཆེན་གྱི་དུས་ཆེན་ཞིག་ཡིན། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མགོ་རྟིང་སློག་པ་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡོངས་སུ་བཅིངས་འགྲོལ་བཏང་བ་དེ་ནི་བོད་ཀྱི་སྤྱི་ཚོགས་དང་ལོ་རྒྱུས་འཕེལ་རྒྱས་ལྡོག་མེད་ཅིག་ཡིན། འཛམ་གླིང་གི་ཁྱབ་ཁོངས་ནང་གལ་ཆེའི་ཆབ་སྲིད་ཀྱི་དོན་སྙིང་དང་། སྤྱི་ཚོགས་ཀྱི་དོན་སྙིང་། འགྲོ་བ་མིའི་ཐོབ་ཐང་གི་དོན་སྙིང་བཅས་ལྡན་ཡོད་ཅེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ལོ་56གོང་གི་ལོ་རྒྱུས་ཕྱིར་དྲན་གནང་རྗེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་ཚེ། གཞི་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དར་རྒྱས་ཡར་ཐོན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་སྲིད་པ་ལོ་རྒྱུས་ཐོག་ནས་རྩོད་ཐབས་བྲལ་བའི་ངང་ར་སྤྲོད་བྱུང་ཡོད་ཅེས་གསུངས་ཤིང་། ཁོང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་འདས་ཟིན་ཞིང་། མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་ནས་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད་ཅེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དམིགས་བསལ་དབང་ཆ་སླར་གསོ་བྱེད་པའི་ལྐོག་གཡོ་དོར་མེད་ལ་དུས་དང་རྣམ་པ་ཀུན་ཏུ་བོད་ལ་སིམ་འཛུལ་དང་། འགལ་རྐྱེན། གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་སྤེལ་མཚམས་བཞག་མེད།