དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ཁོར་ཡུག་གཙང་སྦྲའི་བཟོ་པ་དང་། གློག་ཤུགས་ལས་བཟོ། སྣུམ་སྣོན་ས་ཚིགས་ཀྱི་ལས་བཟོ་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-23

    147517_yis_1424577977177.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་ཁོར་ཡུག་གཙང་སྦྲའི་བཟོ་པ་དང་ཕྱག་བཏང་ནས་དཀར་གཙང་མཇལ་དར་བསྒྲོན་ཏེ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུ་བའི་གནས་ཚུལ་ཡིན་པ།

    ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ཚེས་གཅིག་ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཁོར་ཡུག་གཙང་སྦྲའི་བཟོ་པ་དང་། གློག་ཤུགས་ལས་བཟོ། སྣུམ་སྣོན་ས་ཚིགས་ཀྱི་ལས་བཟོ་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་རང་སྐྱོང་ལྗོངས་ཀྱི་འཚམས་འདྲི་སྤྱི་ཁྱབ་ཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ཧྲུའུ་ཅི་ཁྲེན་ཆོན་གོ་བཅས་ཀྱི་ཚབ་ཞུས་ཏེ་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་འཐབ་ཕྱོགས་ཁག་གི་ངལ་རྩོལ་པར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྨོན་འདུན་དང་རྟེན་འབྲེལ་ཞུས་གནང་བ་རེད།

    ལོ་གསར་ཚེས་གཅིག་ཉིན་གྱི་ཞོགས་པ་ལྷ་སར་ཁ་བ་ལྷབ་ལྷུབ་ཏུ་བབས་ཤིང་། བློ་བཟང་རྒྱལ་མཚན་གྱིས་ཁྲོམ་གཞུང་དུ་ཕེབས་ཏེ་གཙང་སྦྲ་བྱེད་བཞིན་པའི་ཁོར་ཡུག་གཙང་སྦྲའི་བཟོ་པར་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཁོང་གིས“ལོ་གསར་ལ་བཀྲ་ཤིས་བདེ་ལེགས། ཁྱེད་ཚོ་དཀའ་ལས་ཁག་སོང”ཞེས་གསུངས་བཞིན་དུ་ཁོར་ཡུག་གཙང་སྦྲའི་བཟོ་པ་རེ་རེ་བཞིན་དང་ཕྱག་བཏང་གནང་ནས་དཀར་གཙང་མཇལ་དར་སྒྲོན་ཏེ་ཁོར་ཡུག་གཙང་སྦྲའི་བཟོ་པས་ལོ་གཅིག་རིང་དཀའ་སྤྱད་ངལ་རྩོལ་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་ཁོར་ཡུག་འཕྲོད་བསྟེན་འཐབ་ཕྱོགས་སུ་ལས་ཀ་བྱེད་མཁན་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་རེད། 

    བློ་བཟང་རྒྱལ་མཚན་གྱིས་རྒྱ་ཆེའི་ཁོར་ཡུག་གཙང་སྦྲའི་བཟོ་པས་ཐོག་མཐའ་བར་གསུམ་དུ་གྲང་ངར་དང་ཚ་གདུང་ལ་མི་འཛེམས་པ་དང་ཉིན་མཚན་མེད་པར་དོ་དོ་ཏན་ཏན་དང་འབད་འབུངས་ལྷོད་མེད་ཀྱིས་ལས་ཀ་བྱས་པས་གྲོང་ཁྱེར་གྱི་རྣམ་པ་གཙང་ལ་མཛེས་སྡུག་ལྡན་པ་བྱུང་བ་དང་གྲོང་ཁྱེར་གྱི་ཁོར་ཡུག་ཡག་པོ་ཞིག་གཏོད་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།

    རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་གློག་ཤུགས་བཀོད་གཏོང་ཚོད་འཛིན་ལྟེ་གནས་སུ་བློ་བཟང་རྒྱལ་མཚན་གྱིས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གློག་ཤུགས་ཀྱི་ལས་དོན་མི་སྣར་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་བ་དང་། དུས་ཡུན་རིང་པོའི་ནང་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་མཁན་ལྗོངས་ཡོངས་ཀྱི་གློག་ཤུགས་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བཟོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་གློག་ཤུགས་བཀོད་གཏོང་བརྙན་ཤེལ་མདུན་དུ་བཞེངས་ཏེ་གཟིགས་ཞིབ་ཞིབ་ཚགས་དང་བཀའ་འདྲི་ཡང་ཡང་གནང་སྟེ་ལྗོངས་ཡོངས་ཀྱི་གློག་དྲ་འཁོར་སྐྱོད་དང་གོམ་སྟབས་རྗེས་མར་འཕེལ་རྒྱས་གཏོང་རྒྱུའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། འབྲེལ་ཡོད་འགན་ཁུར་བས་གློག་དྲ་ཆེན་པོ་གསུམ་གྱིས་གློག་མཁོ་འདོན་གང་ལེགས་ཐུབ་པས་གློག་བཀག་མི་དགོས་པ་དང་གློག་ཚོད་འཛིན་བྱེད་མི་དགོས་པར་དུས་ཆེན་རིང་གློག་མཁོ་འདོན་ལྡང་ངེས་ཡོད་ཅེས་ཞུས་པ་རེད། བློ་བཟང་རྒྱལ་མཚན་གྱིས་འགན་ཁུར་བའི་ངོ་སྤྲོད་གསན་རྗེས་བོད་ལྗོངས་གློག་ཤུགས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པར་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས་ལོ་གསར་པ་དེ་རེ་བ་གསར་པ་དང་། འགྲན་སློང་གསར་པ། གོ་སྐབས་གསར་པ་བཅས་ཀྱིས་ཁེངས་པའི་ལོ་ཞིག་རེད། གློག་དྲ་མུ་མཐུད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། འགན་འཁྲི་འཁུར་ཕོད་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་བོད་མི་དམངས་ལ་གློག་ཤུགས་དེ་བས་ལེགས་ལ་ལྡང་ངེས་མཁོ་འདོན་བྱེད་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་གློག་ཤུགས་ཀྱིས་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཅང་སུའུ་ནུབ་ལམ་དུ་ཡོད་པའི་ཀྲུང་ཤིང་སྣུམ་སྣོན་ས་ཚིགས་སུ་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས“ལྷན་རྒྱས་ལོ་གསར་བཀྲ་ཤིས་བདེ་ལེགས”ཞེས་ལས་བཟོར་ལོ་གསར་གྱི་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུས་ཤིང་། དེ་རྗེས་ཁོང་གིས་སྣུམ་སྣོན་འཕྲུལ་ཆས་ཡོད་སར་ཕེབས་ཏེ་མིང་དངོས་འགོད་པའི་སྣུམ་སྣོན་གཱ་བེད་སྤྱོད་གཏོང་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་བདེ་འཇགས་ཡིན་ལ་སྟབས་ཀྱང་བདེ་བའི་སྣུམ་སྣོན་ཞབས་ཞུ་དེར་ཁས་ལེན་གང་ལེགས་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ཚང་མར་ལས་གནས་བརྟན་སྲུང་བྱེད་པ་དང་དུས་ཆེན་རིང་གི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་སྐྲུན་ཆེད་ཞབས་འདེགས་ཡག་པོ་ཞུ་དགོས་པའི་ཐུགས་རེ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།