དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་དུས་ཆེན་གྱི་ལྷ་སའི་ཁྲོམ་རའི་མཁོ་འདོན་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-18

    ཚེས་15ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ལྕགས་པོ་རི་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་ར་དང་། པེ་དབྱི་སྒོ་རྩིས་ཚོང་ཁང་། བར་སྐོར་ཚོང་གྲོང་བཅས་ལ་ཕེབས་ནས་དུས་ཆེན་གྱི་ལྷ་སའི་ཁྲོམ་རའི་མཁོ་འདོན་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཇ་མར་ཚྭ་བུལ་སོགས་ཕྱི་ངོས་ནས་བལྟས་ན་དོན་ཆུང་ཡིན་ཡང་དོན་དངོས་ཐོག་ཁྱིམ་ཚང་ཀུན་དང་འབྲེལ་བ་ཡོད་པའི་དམངས་འཚོའི་དོན་ཆེན་རེད། དུས་ཆེན་དང་དུས་རྒྱུན་གྱི་ཁྲོམ་རའི་མཁོ་འདོན་འགན་ལེན་བྱ་རྒྱུ་དེ་རིམ་ཁག་སྲིད་གཞུང་གིས་ངེས་པར་དུ་ཡག་པོ་སྒྲུབ་དགོས་པའི་ལས་དོན་གལ་ཆེན་ཞིག་ཡིན་པས་དུས་ཆེན་རིང་མངོན་གསལ་དུ་དམ་འཛིན་ཡག་པོ་བྱེད་དགོས་པ་མ་ཟད། དུས་རྒྱུན་ནས་སྔར་བས་དམ་འཛིན་ཡག་པོ་བྱེད་པ་དང་ལྷུ་ཚིགས་ཁག་གི་ལས་དོན་ཡག་པོ་བསྒྲུབས་ཏེ་ཞིང་ཞོར་ཐོན་རྫས་འཁོར་རྒྱུག་བྱེད་པར་ཐབས་ལམ་ཡོད་པའི་འགན་ལེན་དང་ཁྲོམ་རར་མཁོ་འདོན་འབེལ་པོ་ཡོད་པའི་འགན་ལེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཁྲོམ་རར་དངོས་ཟོག་ཕུན་སུམ་ཚོགས་པོ་ཡོད་པའི་ཁེ་ཕན་ལོངས་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་དང་ཏུང་མིན་ཅུན་ལྷན་དུ་ཕེབས་པ་རེད།

    ཚགས་ཤ་དང་། མར། ཇ་བཅས་ནི་བོད་ཀྱི་མང་ཚོགས་ཚོའི་འཚོ་བའི་དགོས་མཁོ་ཆེ་ཁག་གསུམ་ཡིན་པ་དང་དུས་ཆེན་རིང་དགོས་མཁོ་དེ་བས་ཆེ་བར་གྱུར་ཞིང་། བློ་བཟང་རྒྱལ་མཚན་གྲང་མཛོད་དུ་ཕེབས་ནས་གསོག་འཇོག་གི་གནས་ཚུལ་ལ་གཟིགས་པ་དང་།བརྡ་ཁྱབ་བྱང་བུའི་མདུན་དུ་བཞེངས་ནས་གནས་ཚུལ་མཁྱེན་རྟོགས་གནང་བ།ཚགས་ཤ་ཨ་སློག་བསྐྱོན་ནས་ཤའི་སྤུས་ཚད་ལ་གཟིགས་པ།རིན་གོང་སྐོར་བཀའ་འདྲི་གནང་བ་བཅས་མ་ཟད་རང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་གཞུང་བཅད་རིན་གོང་ཤ་དང་མར་སོགས་ཁྲོམ་རར་མཁོ་འདོན་བྱེད་ཚུལ་སྐོར་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པ་རེད། ཚོང་དོན་ཐིང་གི་འབྲེལ་ཡོད་འགན་ཁུར་བས་ད་ལོའི་དུས་ཆེན་ཆེན་པོ་གསུམ་རིང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་རིམ་གཉིས་ཀྱིས་གཞུང་བཅད་རིན་གོང་གི་ཚགས་ཤ་ཏུན་1850དང་། ལུག་ཤ་ཏུན་500 ཕག་ཤ་ཏུན་2400བཅས་ཁྲོམ་རར་མཁོ་འདོན་བྱས་པས་ལྗོངས་དེ་ཡོངས་ཀྱི་ཤ་རིགས་ཁྲོམ་རར་མཁོ་འདོན་འབེལ་པོ་དང་རིན་གོང་བརྟན་པོ་ཡོད་ཅེས་ངོ་སྤྲོད་བྱས་ནས་བཤད་པ་རེད།

    བརྟག་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྱིས་སྒོ་རྩིས་ཚོང་ཁང་ལ་ཕེབས་ཏེ་ཁྲོམ་འདོན་སར་གཟིགས་པ་དང་། ལྷ་ས་གྲོང་ཁྱེར་གྱིས་དམངས་ཕན་གཞུང་བཅད་རིན་གོང་གི་སྔོ་ཚལ་ཐད་ཚོང་རླངས་འཁོར་གྱི་རྨང་གཞིའི་ཐོག་དམངས་ཕན་སྔོ་ཚལ་ཐད་ཚོང་ཚོང་ཁང་འཕེལ་རྒྱས་གཏོང་བ་དང་སྒོ་རྩིས་ཚོང་ཁང་ནི་ཞིང་ཞོར་ཐོན་རྫས་དང་སྦྲེལ་མཐུད་བྱས་པས་སྔོ་ཚལ་སྣ་ཁ་མང་བ་དང་རིན་གོང་དེ་ཁྲོམ་རའི་སིལ་ཚོང་རིན་གོང་ལས་ཆེས་དམའ་བ་ཡོད་པ་མཁྱེན་སྐབས་སྤྲོ་སྣང་ཆེན་པོས་ཁས་ལེན་གང་ལེགས་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་རིམ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲོམ་རའི་བསམ་གཞིག་བེད་སྤྱོད་གཏོང་མཁས་པོ་བྱེད་པ་དང་། ལས་ཀ་བྱེད་སྟངས་གསར་གཏོད་བྱེད་པ། ཞབས་ཞུ་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་ཞིང་ཞོར་ཐོན་རྫས་འཁོར་རྒྱུག་དང་དེ་བཞིན་ཕྱིར་ཚོང་རིན་གོང་སྙོམས་སྒྲིག་སྟངས་འཛིན་གྱི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་ཞིང་ཞོར་ཐོན་རྫས་གཞུང་བཅད་རིན་གོང་ཐོག་ནས་ཕྱིར་ཚོང་བྱ་རྒྱུ་དེ་རྒྱུན་རྣམ་དུ་འགྱུར་བ་བྱས་ཏེ་མང་ཚོགས་ལ་སྟབས་བདེ་སྐྲུན་ལ་དངོས་ཕན་ཡང་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    དུས་ཆེན་གྱི་སྔ་སྣུར་དུ་བར་སྐོར་ཚོང་གྲོང་དུ་མིས་ཁེངས་པ་དང་ཟོག་སྒྲོམ་སྟེང་སྤུས་ཀ་ལེགས་པའི་རྩེ་སྒྲོ་དང་། འབྲོག་ཁུལ་གྱི་མར་དང་ཁ་ཟས། ཤིན་ཅང་གི་ཤིང་འབྲས་སྐམ་པོ་སོགས་ཚོང་ཟོག་ཕུན་སུམ་ཚོགས་པོ་ཡོད་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཕེབས་གིན་དུ་གཟིགས་པ་དང་འབྲེལ་ས་ཁུལ་ཁག་ནས་ཡོང་བའི་ཚོང་དུད་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་ཚོང་ཟོག་ཕྱིར་ཚོང་བྱེད་ཚུལ་མཁྱེན་རྟོགས་གནང་བ་དང་ཁོང་ཚོར་ལོ་གསར་སྤྲོ་པོ་དང་ཚོང་བྲིན་ཁ་རྒྱུག་པོ་ཡོང་བའི་རྟེན་འབྲེལ་ཞུས་གནང་བ་རེད།

    ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་བརྒྱུད་དུས་ཆེན་གྱི་ཁྲོམ་རར་ཚོང་ཟོག་ཕུན་སུམ་ཚོགས་པོ་དང་། ཟོག་ཁུངས་འབེལ་པོ། སྒྲིག་ལམ་ཡག་པོ། བྲིན་ཚོང་གཉིས་རྒྱུག་བཅས་ཡོད་པ་མཁྱེན་སྐབས་བློ་བཟང་རྒྱལ་མཚན་གྱིས་དེང་སྐབས་ཁྲོམ་རའི་མཁོ་འདོན་འགན་ལེན་བྱེད་པའི་བྱ་ཐབས་ཁག་ལ་ཁས་ལེན་གང་ལེགས་གནང་བ་དང་ལྗོངས་ཡོངས་ཀྱི་དུས་ཆེན་ཁྲོམ་རའི་མཁོ་འདོན་གྱི་ལྷུ་ཚིགས་ཁག་ཏུ་བརྟན་སྲུང་བྱེད་མཁན་བློ་མཐུན་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ལོ་གསར་གྱི་རྟེན་འབྲེལ་ཡང་ཞུས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།