དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-09

    བོད་རང་སྐྱོང་ལྗོངས་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་ནས།

    འཐུས་མི་རྣམ་པ།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་ད་ལྟ་2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་ཡིན་པས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་འཐུས་མི་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།

    གཅིག 2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ།

    2014ལོར་སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་ཕྱི་རྒྱལ་ནང་གི་དཔལ་འབྱོར་གནས་བབ་ལ་ཕྱོགས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས“འཛིན་ཐབས་ཆ་དྲུག”དང་། “བྱ་ཐབས་དྲུག” “མཐའ་ཚད་གསུམ”བཅས་དོན་འཁྱོལ་བྱས་ཏེ་རང་འགུལ་གྱིས་བྱས་རྗེས་འཇོག་པ་དང་གནད་འཕིགས་ཀྱིས་ཤུགས་བརྒྱབ་ནས་འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག བསྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་སྦྱར། བརྟན་ལྷིང་འགན་སྲུང་བཅས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་སོང་སྟེ“བརྟན་གསུམ་མྱུར་གསུམ་གསར་གསུམ” གྱི་འཕེལ་ངོས་བཟང་པོ་མངོན་ཡོད་ཅིང་། གཙོ་བོ་ནི“མགྱོགས་པ་དང་། ཆེ་བ། ཡག་པ། སྟོབས་ལྡན། དངོས་ཡོད། སྤུས་ལེགས། བརྟན་པོ”བཅས་ཀྱི་ཁྱད་ཆོས་མངོན་ཡོད་པས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་ཡོང་རྒྱུར་རྨང་གཞི་སྲ་ཞིང་བརྟན་པ་བཏིང་ཡོད། དེ་ཡང་“བརྟན་གསུམ”སྟེ་འཕར་ཚད་བརྟན་པོ་བྱུང་ཞིང་། སྔོན་དཔག་ལྟར་རང་ལྗོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་925ཟིན་ནས་12%འཕར་ཡོད་པ་དང་། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་94ཟིན་ནས་4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་336ཟིན་ནས་13.5%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་495ཟིན་ནས་12.6%འཕར་བས་བརྟན་ཞིང་ཅུང་མྱུར་བའི་སྒོ་ནས་འཕར་སྣོན་བྱུང་ཡོད། ཟོག་གོང་བརྟན་པོ་བྱུང་ཞིང་། སྔོན་དཔག་ལྟར་གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ནང་དུ་ཚོད་འཛིན་ཐུབ་པ་དང་། ཀྲུང་དབྱང་ནས་གསོག་འཇོག་བྱས་པའི་འཁྱགས་བཏང་ཕག་ཤ་ཀྲོན་3000དང་། ཚགས་ཤ་ཀྲོན་1850 ལུག་ཤ་ཀྲོན་200བཅས་ཁྲོམ་རར་འདོན་སྤྲོད་བྱས་པ་དང་། འབྲས་སྤྱི་རྒྱ་ཁྲི་2469.6སྒྲིག་འཛུགས་ཉོ་སྒྲུབ་བྱས་ཏེ་གྲོང་མིའི་འཚོ་བའི་མཁོ་དངོས་གཙོ་བོ་འདོན་སྤྲོད་དོ་སྙོམས་བྱུང་ཡོད། ལས་ཞུགས་བརྟན་པོ་བྱུང་ཞིང་། སྔོན་དཔག་ལྟར་ལས་ཞུགས་མི་གྲངས་ཁྲི་4.3མང་དུ་སོང་བ་བཅས་རེད། “མྱུར་གསུམ”སྟེ། མ་འཇོག་འཕར་ཚད་མྱུར་པོ་བྱུང་ཞིང་། སྔོན་དཔག་ལྟར་ཀྲུང་དབྱང་སྲིད་གཞུང་ནས་མ་འཇོག་སྒོར་དུང་ཕྱུར་353དོན་འཁྱོལ་བྱས་པ་དང་། དེའི་ནང་ཀྲུང་དབྱང་སྔོན་རྩིས་ཁོངས་ནས་ཐོག་མར་མ་འཇོག་སྒོར་དུང་ཕྱུར་200ནས་སྒྲོལ་ཡོད་པ་དང་། དམངས་ཁྲོད་མ་འཇོག་སྒོར་དུང་ཕྱུར་300ཟིན་ནས་30.6%འཕར་ཡོད། རྣམ་གྲངས་འཛུགས་སྐྲུན་མྱུར་པོ་བྱུང་ཞིང་། འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད་སོགས་གལ་ཆེའི་རྣམ་གྲངས་ལག་བསྟར་བྱ་རྒྱུ་མགྱོགས་སུ་བཏང་བ་དང་ལྷག་པར་དུ“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭའི་རྣམ་གྲངས་ཏེ་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ནས་ལས་གཉེར་བྱེད་འགོ་ཚུགས་པ་དང་། ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གཞི་བཟོ་སྐྲུན་ཟིན་ནས་ལས་གཉེར་བྱེད་འགོ་ཚུགས་ཡོད། དངུལ་བུན་འཕར་ཚད་མྱུར་པོ་བྱུང་ཞིང་། དངུལ་བུན་ལྷག་གྲངས“སྐས་རིམ་ལྟ་བུའི”འཕར་ངོ་མངོན་ཞིང་། སྔོན་དཔག་ལྟར་སྒོར་དུང་ཕྱུར་1600ལས་བརྒལ་རྒྱུ་རེད། “གསར་གསུམ”སྟེ། སྒོ་དབྱེ་མཉམ་ལས་ཀྱི་རྣམ་པ་གསར་པ་ཐོན་ཞིང་། སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམ་ཚོགས་ལམ་ལྷོངས་ངང་གཉེར་སྒྲུབ་བྱས་ནས“མི་ཡུལ་གྱི་གནས་མཆོག་དང་མཁའ་དབྱིངས་ཀྱི་བོད་ལྗོངས”ཀྱི་གྲགས་རྟགས་མཚན་སྙན་བཟང་པོ་རྒྱ་ཁྱབ་ཏུ་གཏོད་ཡོད། རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་ལ་གྲུབ་འབྲས་གསར་པ་ཐོན་ཞིང་། འཐབ་ཇུས་ལྡན་པའི་མ་འཇོག་མཉམ་ལས་རྣམ་གྲངས་ཁག་16 གི་གན་རྒྱ་བཞག་པར་ཁྱོན་བསྡོམས་མ་འཇོག་སྒོར་དུང་ཕྱུར་36ཟིན་ནས་ཐོན་འབོར་ཀྲོན་ཁྲི་30ལས་བརྒལ་ཡོད། བོད་མཚོའི་བཟོ་ལས་གླིང་ཁུལ་འཛུགས་སྐྲུན་ལ་འགག་སྒྲོལ་གསར་པ་བྱུང་ཞིང་། ཚོང་དང་མ་རྩ་འདྲེན་འགུགས་བྱས་པའི་རྣམ་གྲངས་100ཙམ་དོན་འཁྱོལ་བྱས་པར་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་17.8བྱུང་ཡོད།

    (གཅིག) དགོས་མཁོ་ཆེ་རུ་མགྱོགས་ཙམ་སོང་བ།

    —— མ་འཇོག་རྒྱུན་མཐུད་ནས་འཕར་བ། སྔོན་དཔག་ལྟར་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར་1100བཏང་བ་དང་19.8%འཕར་ཡོད་ཅིང་། དེའི་ནང་ཀྲུང་དབྱང་སྲིད་གཞུང་ནས་མ་དངུལ་སྒོར་དུང་ཕྱུར་353བཏང་བ་དེ་30.3%འཕར་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྣམ་གྲངས་ཀྱི་ཁྱོན་བསྡོམས་མ་འཇོག་སྒོར་དུང་ཕྱུར་1642དོན་འཁྱོལ་བྱས་པ་དེས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཐད་གཏོང་དགོས་པའི་མ་དངུལ་སྒོར་དུང་ཕྱུར་2217གྱི་74.1%ཟིན་ཡོད། རྣམ་གྲངས་236ནང་ནས་ཁྱོན་རྣམ་གྲངས་63ལེགས་སྒྲུབ་ཟིན་པ་དང་རྣམ་གྲངས་148སྐྲུན་བཞིན་ཡོད། ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ནས་ལས་གཉེར་བྱེད་འགོ་ཚུགས་པ་དང་ལྷ་ཉིང་ལྕགས་ལམ་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་ལས་འགོ་ཚུགས་ཡོད། སྒེར་རྩེ་ནས་དགེ་རྒྱས་དང་། སྟེང་ཆེན་ནས་ཞལ་ལྷ་རི་བོ་སོགས་ཀྱི་གཞུང་ལམ་ཁག་གཅིག་འཛུགས་སྐྲུན་བྱ་རྒྱུའི་རྣམ་གྲངས་ལ་རྒྱལ་ཁབ་ནས་མཆན་འགོད་བཀའ་འཁྲོལ་ཐོབ་པ་དང་། ལྷ་ཉིང་རིམ་མཐོའི་གཞུང་ལམ་སྐྲུན་འགོ་ཚུགས་པའི་ལམ་དུམ་ལེགས་སྒྲུབ་ཟིན་པ་དེས་ལས་གྲྭ་སྤྱི་ཡོངས་ཀྱི་75%ཡན་ཟིན་ཡོད། སྨན་གླིང་གནམ་ཐང་ནས་བྲག་ཡིབ་བར་གྱི་ཆེད་སྤྱོད་གཞུང་ལམ་དང་། བསྐལ་ལ་རི་བོའི་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་བཅས་ཀྱི་བཟོ་བཅོས་རྒྱ་སྐྱེད་ལས་གྲྭ་མགྱོགས་མྱུར་སྤེལ་ཡོད། སླར་ཡང་རྫོང་3དང་། ཤང་(གྲོང་རྡལ)36ལ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་ཡོད། ལྷ་ས་གོང་དཀར་གནམ་ཐང་གི་གནམ་ཚུགས་ཁུལ་བཟོ་བཅོས་རྒྱ་སྐྱེད་གཏོང་རྒྱུའི་ལས་འགོ་ཚུགས་ཡོད། ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གཞི་བཟོ་སྐྲུན་ཟིན་ནས་ལས་གཉེར་བྱེད་འགོ་ཚུགས་ཡོད། རྫམ་གློག་ཁང་གི་འཕྲུལ་ཚན་ཁག་2དང་། ཕུ་མདོ་ཆུ་བེད་ལྟེ་གནས་ལས་གྲྭའི་འཕྲུལ་ཚན་ཁག་4ནས་གློག་གཏོང་བ་དང་། རྡོ་ཕུར་ཆུ་ཤུགས་གློག་ཁང་དང་ཡངས་ཡིད་ས་འོག་ཚ་ནུས་གློག་ཁང་གི་འཛུགས་སྐྲུན་ལས་འགོ་ཚུགས་ཡོད། གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གློག་དྲ་བསྒྱུར་བཀོད་རིམ་སྤོར་ལས་གཞི་བརྟན་པོའི་ངང་སྤེལ་ཡོད། ལྗོངས་ཡོངས་ཀྱི་གློག་འདོན་འཕྲུལ་ཤུགས་སྤྱི་འབོར་ཆན་ཝ་ཁྲི་169.7ཟིན་པ་དང་32.4%འཕར་ཡོད། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་གི་འཆར་འགོད་དང་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་བྱ་རྒྱུར་རྒྱལ་ཁབ་ནས་ཞིབ་བཤེར་བྱས་ཟིན་ཡོད། ལ་ལྷོ་ཆུ་བེད་ལྟེ་གནས་ལས་གྲྭ་དང་། ཡར་ཀླུང་། ཕྱྭ་གཡང་སོགས་གཙོ་གནད་ཆུ་མཛོད་འཛུགས་སྐྲུན་ལས་འགོ་ཚུགས་ཡོད། ལྷ་ས་གྲོང་ཁྱེར་གྱི་དྲོད་གཏོང་གྲོང་ཁུལ་ཡོངས་སུ་ཁེབས་ཡོད།

    —— འཛད་སྤྱོད་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་པ། སྔོན་དཔག་ལྟར་སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་323.6བྱུང་ཞིང་12.9%འཕར་ཡོད། འཁོར་རྒྱུག་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུའི་ལག་བསྟར་བསམ་འཆར་པར་འགྲེམས་བྱས་ནས་ཞིང་འབྲོག་ཁུལ་གྱི་ཁྲོམ་རའི་མ་ལག་འཛུགས་སྐྱོང་གི་ཇུས་གཞི་དང་། ལྷོ་ཚལ་བྱང་འདྲེན་དང་ཤར་གྱི་ཤིང་འབྲས་ནུབ་ཏུ་འདྲེན་པའི་གཙོ་བོའི་བྲིན་ཚོང་ཁུལ་འཛུགས་སྐྲུན་ལས་གཞིའི་ལག་བསྟར་ཇུས་གཞི་བཟོས་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་གཉེར་བྱེད་གནས་འཆར་འགོད་དང་ཞིང་འབྲོག་ཁུལ་གྱི་ཁྲོམ་རའི་མ་ལག་འཛུགས་སྐྱོང་གི་འཆར་འགོད་གང་མགྱོགས་བཟོས་ཡོད། གནས་གཏན་འཁེལ་གྱི་ཐོག་ནས་འཛད་སྤྱོད་ལ་སྐུལ་མ་བཏང་ཞིང་། ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ཏེ་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་ཉོ་སྒྲུབ་བྱེད་པར་ཁ་གསབ་སྤྲད་ཡོད། ཚོང་དོན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར་2.93བཏང་ནས་རྫོང་རིམ་པའི་མངག་སྐྱེལ་ལྟེ་གནས་20དང་། ཤང་(གྲོང་རྡལ)གི་ཉོ་ཚོང་ལྟེ་གནས་69 ཞིང་ཁྱིམ་ཚོང་ཁང་1400བཅས་གསར་རྒྱག་བྱས་པ་དང་། ཚོང་ཟོག་འཁོར་རྒྱུག་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་བཏང་བས་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཁྲོམ་ར་དར་འཕེལ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ལྗོངས་ནང་ཁུལ་གྱི་དངོས་ཟོག་ཉོ་ཚོང་འདུ་ཚོགས་དེ་གཞི་ཁྱོན་ཅན་དང་རྟགས་ལེགས་ཅན་དུ་འགྱུར་རྒྱུར་ཁྲིད་སྟོན་བྱས་པ་དང་། ཁྱད་ལྡན་ཐོན་རྫས་ཀྱི་གློག་རྡུལ་ཚོང་དོན་ལས་སྟེགས་བསྐྲུན་ཏེ་ཁེ་ལས་30ཡི་ཐོན་རྫས་སྣ་རིགས་80ཡི་ཆ་འཕྲིན་དྲ་ཐོག་ཏུ་འདོན་པའི་ལས་ཀ་སྒྲུབ་ཡོད། འབྲུ་སྣུམ་མངག་སྐྱེལ་ལྟེ་གནས་4དང་འབྲུ་སྣུམ་དཔེ་སྟོན་ཚོང་ཁང་13བཙུགས་པ་དང་འབྲུ་སྣུམ་སྤྱི་རྒྱ་ཁྲི་1140ཕྱིར་འཚོང་བྱས་ཡོད།

    —— ཕྱི་ཕྱོགས་ཉོ་ཚོང་ལུགས་མཐུན་ངང་འཁོར་རྒྱུག་ཐུབ་པ། ས་ཁུལ་གཞན་གྱི་ཁེ་ལས་ཀྱིས་བོད་ལྗོངས་བསྡོམས་རྩིས་ཀྱི་ཉོ་ཚོང་འཕར་ཐང་རྫུན་སྤོར་བྱེད་རིགས་བཀག་འགོག་ནུས་ལྡན་ཐུབ་ཅིང་། སྔོན་དཔག་བྱས་ན་ཕྱིར་གཏོང་ནང་འདྲེན་བྱས་པའི་སྤྱི་འབོར་ཨ་སྒོར་དུང་ཕྱུར་15.79ཟིན་རྒྱུ་ཡིན་པ་དེ་43.3%ཆག་ཡོད། འགྲམ་འགག་སྒོའི་བལ་ཡུལ་ཕྱོགས་ཀྱི་ཉོ་ཚོང་བགྲོད་ལམ་ལ་རི་རུད་ཀྱི་ཚབས་ཆེའི་བྱུར་རྐྱེན་ཐོན་པའི་རྐྱེན་གྱིས་མཐའ་མཚམས་ཀྱི་གྲངས་ཉུང་ཉོ་ཚོང་བྱེད་ཚད་ཆག་པ་དང་། སྔོན་དཔག་བྱས་ན་ཕྱིར་གཏོང་ནང་འདྲེན་བྱས་པའི་སྤྱི་འབོར་ཨ་སྒོར་དུང་ཕྱུར་14.45ཟིན་རྒྱུ་ཡིན་པ་དེ་1.2%ཆག་ཡོད། འགག་སྒོའི་འཆར་འགོད་བཟོ་སྒྲིག་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཕེལ་རིམ་ལམ་ལྷོངས་བྱུང་ཞིང་། སྐྱིད་རོང་འགག་སྒོ་དངོས་སུ་སྒོ་མོ་ཕྱེ་ཐུབ་པ་བྱུང་ཡོད།

    (གཉིས) ཐོན་ལས་འཁོར་རྒྱུག་བརྟན་པོ་བྱུང་བ།

    —— ཞིང་འབྲོག་ལས་ཀྱི་རྨང་གཞི་བརྟན་དུ་སོང་བ། ཞིང་ལས་སྐྱེ་དངོས་ཀྱི་འདེབས་ཁྱོན་མུའུ་ཁྲི་377.02ཟིན་ཞིང་། སྔོན་དཔག་བྱས་ན་འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་98.5ཟིན་རྒྱུ་རེད། ཞིང་ལས་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། “བོད་ནས 2000”རྟགས་ཅན་སོགས་སོན་གསར་མུའུ་ཁྲི་56ཁྱབ་གདལ་བཏང་ཐོག ཐོན་ལས་མཐོ་བའི་དཔེ་མཚོན་ས་ཞིང་རྒྱ་ཁྱོན་མུའུ་ཁྲི་100འདེབས་འཛུགས་བྱས་པ་དང་། སོན་བཟང་འདེབས་གསོ་མུའུ་ཁྲི་15.69ཟིན་ཡོད། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2.85ཟིན་པ་དང་། ལས་ཀའི་རྣམ་གྲངས་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་57.5%ཟིན་ཡོད། ཕྱུགས་རིགས་མགོ་གྲངས་ཁྲི་660དང་བྱ་རིགས་ཁྲི་300བཤས་བཏང་བས་ཤ་རིགས་ཐོན་འབོར་ཀྲོན་ཁྲི་32.6ཟིན་པ་དང་དཀར་ཆུ་ཐོན་འབོར་ཀྲོན་ཁྲི་35.5ཟིན་ཡོད། རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་ཀྱི་བྱ་དགའ་སྒོར་དུང་ཕྱུར་20དོན་འཁྱོལ་བྱས་ཡོད། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་མཁན་སྣེ་འདྲེན་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་23.2ཟིན་པ་དེ་9.4%འཕར་ཡོད། ཞིང་ཕྱུགས་ཐོན་ལས་བཟོ་སྣོན་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་24ཟིན་པ་དེ་14.3%འཕར་བ་དང་། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་38.6%ཟིན་ཡོད། དབུལ་སྐྱོར་ཞིང་འཕེལ་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་25དོན་འཁྱོལ་བྱས་ཏེ། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་རྫོང་ཁག་38དང་དབུལ་སྐྱོར་རྣམ་གྲངས་ཁག་1898སྤེལ་བས་དབུལ་པོའི་མི་འབོར་ཁྲི་13ཉུང་དུ་སོང་ཡོད།

    —— བཟོ་ལས་དཔལ་འབྱོར་བརྟན་འཁྱོངས་ཐུབ་པ། སྔོན་དཔག་ལྟར་ལྗོངས་ཡོངས་ཀྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར་71ཟིན་ནས་14%འཕར་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར་43ཟིན་ནས་4%འཕར་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་གཙོ་གནད་བཟོ་ལས་དང་ཆ་འཕྲིན་ཅན་གྱི་རྣམ་གྲངས་ལ་སྔ་ཕྱི་བསྡོམས་མ་དངུལ་སྒོར་དུང་ཕྱུར་242.4བཏང་ཡོད་པས་འཆར་འགོད་མ་འཇོག་གི་དམིགས་ཚད་སྔ་སྣུར་དུ་ཚད་ལས་བརྒལ་ཏེ་ལེགས་གྲུབ་བྱུང་ཞིང་། ཆབ་མདོ་ཨར་འདམ་བཟོ་གྲྭའི་ཐོན་སྐྱེད་བརྒྱུད་རིམ་གྱི་འཛུགས་སྐྲུན་རྣམ་གྲངས་གཞི་རྩའི་ཆར་ལེགས་གྲུབ་ཟིན་པ་དང་། གཞིས་རྩེའི་མཐོ་གསར་གངས་ལྷའི་ཐོན་སྐྱེད་ལས་རིམ་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཟིན་ཡོད། གཙོ་གནད་གླིང་ཁུལ་གྱི་རུབ་སྡུད་ནུས་པ་སྔར་བས་ཤུགས་ཆེར་སོང་ཞིང་། བོད་མཚོ་བཟོ་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་སོང་བ་དང་། ནག་ཆུ་ཟོག་འགྲེམ་ལྟེ་གནས་ཀྱིས་སྔ་ཕྱི་བསྡོམས་ཁེ་ལས་96ནང་འདྲེན་བྱས་པར་ཐོ་འཁོད་མ་དངུལ་སྒོར་དུང་ཕྱུར་5ལས་བརྒལ་བ་དང་། ཁྲལ་འབབ་སྒོར་དུང་ཕྱུར་7གོང་འབུལ་ཞུས་ཡོད། ཆེད་དོན་འགོ་ཁྲིད་ཚོགས་ཆུང་དང་གཞུང་ལས་ཁང་བཙུགས་ཐོག ཆེད་དམིགས་བསམ་འཆར་བཟོས་པས་རང་བྱུང་འཐུང་ཆུའི་ཐོན་ལས་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུར་སྐུལ་སྤེལ་གཏོང་ཐུབ་པ་བྱུང་ཡོད། “བོད་ཀྱི་ཆུ་བཟང་”དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། པེ་ཅིང་དུ“བོད་ཀྱི་ཆུ་བཟང་འཛམ་གླིང་མཉམ་དུ་སྤྱོད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བས་ཀྲུང་གོའི་གསེར་དང་། འབྲི་ཆུའི་འགག་གསུམ་ཚོགས་པ། འོད་ཟེར་དཀར་ལས་སོགས་རྒྱལ་ནང་གི་སྟོབས་ཆེའི་ཁེ་ལས་500ཁོངས་སུ་ཚུད་པའི་ཁེ་ལས་ཁག་གཅིག་གིས་བོད་དུ་རང་བྱུང་འཐུང་ཆུའི་མ་འཇོག་མཉམ་ལས་བྱ་རྒྱུའི་རྟོག་ཞིབ་དང་ངོ་འཕྲད་གྲོས་མོལ་བྱེད་པར་ཡོང་ཡོད། སྔོན་དཔག་ལྟར་རང་ལྗོངས་ནས་དོ་དམ་བྱེད་པའི་གཙོ་གནད་གཞུང་ཁོངས་ཁེ་ལས་ལ་སྔ་ཕྱི་བསྡོམས་ཁེ་བཟང་སྒོར་དུང་ཕྱུར་16.52དང་གོང་འཇལ་གསར་སྤེལ་ཁྲལ་དངུལ་སྒོར་དུང་ཕྱུར་7.22ཟིན་ནས་ཁག་སོ་སོར་60.72%དང་16.5%འཕར་ཡོད།

    —— ཡུལ་སྐོར་དང་ས་ཁང་ཐོན་ལས་གོང་འཕེལ་མགྱོགས་ཙམ་ཕྱིན་པ། ཡུལ་སྐོར་ཐད་ཀྱི་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་ཡུལ་སྐོར་རྒྱུན་མཐུད་ནས་འཕེལ་ངོ་བཟང་པོ་ཡོང་རྒྱུར་སྐུལ་སྤེལ་བཏང་ཡོད། རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1553ལ་སྣེ་ལེན་བྱས་པ་དེ་20.3%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་204ཟིན་པ་དེ་23.5%འཕར་ཡོད། ས་ཁང་ཐོན་ལས་ཀྱི་ཐོན་སྐྱེད་དང་ཚོང་སྒྱུར་གཉིས་ཀ་ཡག་པོ་བྱུང་ཞིང་། གསར་དུ་ལས་འགོ་ཚུགས་པའི་ཚོང་འགྲེམས་ཁང་པ་37ཡོད་པར་སྤྱིའི་མ་དངུལ་སྒོར་དུང་ཕྱུར་92.89བཏང་ཡོད། (གསུམ)དམངས་འཚོ་འགན་སྲུང་བྱས་ནས་ཕན་པ་དེ་བས་ཆེ་བ་ཐོབ་པ།

    —— སྤྱི་ཚོགས་འགན་སྲུང་ལ་གཏོང་ཆ་ཤུགས་ཆེར་བཏང་བ། མ་དངུལ་སྒོར་དུང་ཕྱུར་71བཏང་སྟེ་དམངས་འཚོའི་སྲིད་ཇུས་ཁག་18ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དམངས་ཕན་བྱ་ཐབས་ཁག་11མང་དུ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་བརྟན་པོའི་ངང་སྤེལ་ཞིང་། གྲོང་ཁྱེར་གྲོང་རྡལ་གྲོང་མིའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་440ཡིན་པ་ནས་སྒོར་540ལ་སྤར་བ་དང་། གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་མི་རེར་ལོ་རེར་སྒོར་1750ཡིན་པ་ནས་སྒོར་2150ལ་སྤར་ཡོད་པ། གྲོང་གསེབ་ཀྱི་འགན་ལེན་ལྔ་གཅིག་སྡུད་འཚོ་སྐྱོང་གི་ཚད་གཞི་དེ་མི་རེར་ལོ་རེར་སྒོར་2600ཡིན་པ་ནས་སྒོར་3650ལ་སྤར་ཡོད། འགན་ལེན་ལྔའི་གཅིག་སྡུད་འཚོ་སྐྱོང་རྣམ་གྲངས་ཁག་48དང་ས་གནས(གྲོང་ཁྱེར)ཀྱི་བྱིས་པའི་ཕན་བདེ་ཁང་གི་རྣམ་གྲངས་ཁག་6ལས་འགོ་ཚུགས་ཡོད། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིའི་ཁང་པ་ཆ་ཚང་ཁྲི་7.2ལས་འགོ་ཚུགས་པས་མི་གྲངས་ཁྲི་9.47གྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱུང་ཡོད། གནོད་འཚེ་ཕོག་ཁུལ་ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི་1320དང་རིན་ཐང་སྒོར་ཁྲི་875ལོན་པའི་རྒུད་སྐྱོབ་དངོས་ཟོག་གཏོང་སྤྲོད་བྱས་ཡོད། ཞིང་འབྲོག་པ་ལས་ཞུགས་ཁ་སྒྱུར་མི་ཐེངས་ཁྲི་98.5བྱས་པ་ངལ་ལས་ཡོང་འབབ་སྒོར་དུང་ཕྱུར་20བྱུང་ཡོད། ལྗོངས་ཡོངས་སུ་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁག་26018བཀོད་སྒྲིག་བྱས་པ་དང་ལས་ཞུགས་པ་གཅིག་ཀྱང་མེད་པའི་ཁྱིམ་ཚང་96ལ་སྐབས་བསྟུན་ལས་ཞུགས་ཐུབ་པ་བཟོས་ཡོད། གྲོང་མིའི་ཡོང་འབབ་འཕར་སྣོན་མགྱོགས་ཙམ་བྱུང་ཞིང་། སྔོན་དཔག་ལྟར་གྲོང་གསེབ་དང་གྲོང་རྡལ་གྱི་ཡུལ་མིའི་མི་རེའི་ལག་ཐོག་ཡོང་འབབ་ཁག་སོ་སོར་སྒོར་7471དང་སྒོར་22026ཟིན་ནས་14%དང་8%འཕར་ཡོད། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་མཁན་མི་ཐེངས་ཁྲི་260.6ཟིན་ཡོད་པས་དེ་སྲིད་ཇུས་ཐད་ནས་སྤྱི་ཚོགས་འགན་སྲུང་ཁྱོན་ཡོངས་ལ་ཁེབས་པ་བྱ་རྒྱུའི་དམིགས་ཚད་མངོན་གྱུར་བྱུང་ཡོད།

    —— སྤྱི་ཚོགས་བྱ་གཞག་རྒྱུན་ཆད་མེད་པར་ཡར་རྒྱས་བྱུང་བ། སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་ཚད་གཞི་སླར་ཡང་མཐོ་རུ་བཏང་ཞིང་། ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་2900ཟིན་པ་དང་སློབ་སྡོད་འཚོ་བའི་ཆ་རྐྱེན་སྔར་བས་ཡག་ཏུ་སོང་ཡོད། འགན་བབས་སློབ་གསོའི་རིང་ཞིང་འབྲོག་པའི་བུ་ཕྲུག་གི་འཚོ་བཅུད་ལེགས་གཏོང་འཆར་གཞི་ཁྱོན་ཡོངས་ལ་ཁེབས་ཐུབ་པ་བྱུང་ནས་སློབ་མ་ཁྲི་38ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ལྗོངས་ཡོངས་ཀྱི་ཤང་(གྲོང་རྡལ)གི་དངོས་གཞིའི་ལས་ཐོག་དགེ་རྒན་ལ་འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་ཅིང་། ཟླ་རེར་མི་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་སྒོར་600སྤྲད་པས་ཤང་དང་གྲོང་ཚོའི་དགེ་རྒན་དང་ལས་བཟོ་ཁྲི་1.6ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཕྱོགས་ཡོངས་ལ་ཁེབས་པ་རྒྱུན་འཁྱོངས་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་ཁ་གསབ་རོགས་དངུལ་ཚད་གཞི་དེ་ཁག་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སྒོར་340དང་སྒོར་380ལ་སྤར་ཡོད། ཚབས་ཆེའི་ནད་རིགས་ཁག་22དང་དམིགས་བསལ་སྒོ་བསྟེན་སྨན་བཅོས་ནད་རིགས་ཁག་20འགན་སྲུང་ཐོ་གཞུང་ནང་བཅུག་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཁྲི་273.3དང་སྒྲིག་ཚུད་གྲྭ་བཙུན་ཁྲི་2.8ལ་རིན་མེད་ཐོག་གཟུགས་པོ་བརྟག་དཔྱད་བྱས་ཡོད། ཟླ་རེར་ཤང་(གྲོང་རྡལ)གི་འཕྲོད་བསྟེན་མི་སྣར་ཆ་སྙོམས་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་600སྤྲད་ཡོད། གསར་གཏོད་འདེད་སྐུལ་གྱི་གོང་འཕེལ་འཐབ་ཇུས་ལག་བསྟར་ཇེ་མགྱོགས་སུ་བཏང་སྟེ་རིགས་འདྲ་མིན་གྱི་གསར་གཏོད་ལས་སྟེགས་ཁག་9ལ་ཆོག་མཆན་སྤྲད་པས་ཁྱད་ལྡན་བཟང་ཆ་ཆེ་བའི་ཐོན་ལས་ལ་ཚན་རྩལ་གྱི་ཞབས་ཞུའི་སྒྲུབ་པའི་ནུས་པ་རིམ་བཞིན་ཆེ་རུ་སོང་ཡོད། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་སྟོན་ཁང་གི་རྣམ་གྲངས་ཀྱི་བཟོ་སྐྲུན་འགྲེམས་སྒྲོམ་བཟོ་སྐྲུན་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། བོད་ལྗོངས(ལྷ་ས)ཚན་རྩལ་ཁེ་ལས་གསོ་ཆས་དང་གཞི་རྒྱུའི་ཐོན་ཁུངས་ཐོ་མཛོད་རྣམ་གྲངས་འཛུགས་སྐྲུན་བདེ་བླག་ངང་སྐུལ་སྤེལ་བཏང་ཡོད། ཤང་(གྲོང་རྡལ)ཕྱོགས་བསྡུས་རིག་གནས་ས་ཚུགས་དང་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ནང་སྦྱོང་ཚོགས་ཁང་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་པ། ནག་ཆུ་དང་ལྷོ་ཁ་ས་གནས་ཀྱི་དཔེ་མཛོད་ཁང་སྐྲུན་ཟིན་པ་དང་། ལྷོ་ཁ་དང་ཆབ་མདོ་ས་གནས་ཀྱི་རྟེན་རྫས་གཤམ་སྟོན་ཁང་འཛུགས་སྐྲུན་བྱེད་འགོ་ཚུགས་པ། ལྗོངས་ཡོངས་ཀྱི་སྤྱི་པའི་རིག་གནས་སྒྲིག་བཀོད་སྤྱི་འབོར་དེ་2013ལོ་ལས་192ཀྱིས་མང་དུ་སོང་བ་དང་། ཞབས་ཞུའི་དྲ་རྒྱ་དེ་བས་འཐུས་སྒོ་ཚང་དུ་སོང་ཡོད། “ཤར་རླུང་ལས་གཞི”ལག་བསྟར་ཇེ་མགྱོགས་སུ་བཏང་སྟེ་གསར་འགྱུར་དཔེ་སྐྲུན་ཐོན་ལས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་སོང་ཡོད། རླུང་འཕྲིན་བརྙན་འཕྲིན་ཁེབས་མེད་པའི་ཁྱིམ་ཚང་ཁྲི་8.4ལ་རླུང་འཕྲིན་བརྙན་འཕྲིན་ཁེབས་ཐུབ་པ་བྱུང་ཞིང་། རླུང་འཕྲིན་བརྙན་འཕྲིན་གྱི་མི་འབོར་ཕྱོགས་བསྡུས་ཁེབས་ཚད་94.78%དང་95.91%ཟིན་ཡོད། ལྗོངས་ཡོངས་སུ་འོད་ཆུན་སྐུད་ལམ་སྤྱི་ལེ་ཁྲི་9.7འཁྲིད་པ་དང་ཤང་(གྲོང་རྡལ)ལ་འོད་ཆུན་ཁེབས་ཚད་97.8%ཟིན་པས་61.4%ཡི་སྲིད་འཛིན་གྲོང་ཚོར་ཤོང་ཆེའི་དྲ་རྒྱ་མཐུད་སྦྲེལ་གྱི་ནུས་པ་ལྡན་ཡོད།

    —— བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་གཞི་རྩའི་ཆར་བརྟན་པོ་བྱུང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོ་དང་། རྩད་བཤེར་ཆེན་མོ། བཅོས་སྐྱོང་ཆེན་མོ་བཅས་ཀྱི་བྱ་སྤྱོད་དང་ཁྲིམས་འགལ་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་“རྡུང་རྡེག་དྲུག་དང་བཅོས་སྐྱོང་དྲུག”གི་ཆེད་དོན་བྱེད་སྒོ་སྤེལ་ཡོད། ལྗོངས་ཡོངས་སུ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་རིགས་འདྲ་མིན་ཁག་500ཐོན་པ་དེ་41%ཆག་པ་དང་། མི་262ཤི་བ་དེ་17%ཆག་པས“གཉིས་ཆག”ཐུབ་པ་བྱུང་ཡོད། སྤུས་ཚད་མཐོར་གཏོང་གི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ཏེ་དམིགས་བསལ་སྒྲིག་ཆས་དང་། བཟའ་བཅའ་གནོད་མེད། རྫུན་འགོག་ཁྲིམས་སྒྱུར་སོགས་ཀྱི་ལྟ་འདོམས་ལས་དོན་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་བས་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

    (བཞི)གོང་འཕེལ་གཏོང་རྒྱུར་འདེགས་སྐྱོར་ཤུགས་ཆེ་བྱས་པ།

    —— ནོར་ཁྲལ་དང་དངུལ་རྩ་འཁོར་རྒྱུག་བརྟན་པོ་བྱུང་བ། སྔོན་དཔག་བྱས་ན་སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་124ཟིན་པ་དེ་30.8%འཕར་བ་དང་། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་1185ཟིན་པ་དེ་16.9%འཕར་ཡོད། ལྗོངས་ཡོངས་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར་174.1ཟིན་པ་དེ་17.8%འཕར་བ་དང་། དངུལ་བཅོལ་ལྷག་གྲངས་འདྲ་མིན་སྒོར་དུང་ཕྱུར་3089.19ཟིན་པ་དེ་ལོ་སྟོད་ལས་23.5%འཕར་བ་དང་། རིགས་འདྲ་མིན་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1619.46ཟིན་པ་དེ་ལོ་སྟོད་ལས་50.2%འཕར་བ། ཡིད་རྟོན་དངུལ་བུན་གཏོང་ཕྱོགས་ཀྱི་གཙོ་གནད་མངོན་གསལ་དོད་པ་དང་གྲུབ་ཆ་སྔར་བས་ལེགས་སྒྱུར་ཕྱིན་པ། ཁེ་ལས་ཆུང་འབྲིང་ཕྲན་གསུམ་ལ་དངུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར་608.92ཟིན་པ་དེ་ལོ་སྟོད་ལས་44.72%འཕར་ཡོད། ཞིང་འབྲེལ་ཐད་བཏང་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་297.26ཟིན་པ་དེ་ལོ་སྟོད་ལས་98.09%འཕར་བ་དང་། དབུལ་སྐྱོར་སྐྱེད་སྦྱར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་214.56ཟིན་པ་དེ་ལོ་སྟོད་ལས་ལྡབ་གཉིས་ཙམ་འཕར་ཡོད།

    —— སྣུམ་དང་། གློག སོལ་རླངས། སྐྱེལ་འདྲེན་བཅས་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཐུབ་པ། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་30.68ཟིན་ནས་9.86%འཕར་བ་དང་། བཟོ་ལས་ཐད་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་14.63ཟིན་ནས་21.45%འཕར་བ། བཅོས་སྣུམ་ཀྲོན་ཁྲི་60.55ཕྱིར་འཚོང་བྱས་ནས་5.34%འཕར་བ། རང་བྱུང་སོལ་རླངས་རྨིད་ཤོ་གཟུགས་མ་ཁྲི་425.66ཕྱིར་འཚོང་བྱས་ནས་218.69%འཕར་བ། སྐྱེལ་འདྲེན་བྱེད་ཤུགས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་ལུགས་མཐུན་བྱས་ཤིང་། དུས་ཚིགས་དང་དུས་རིམ་མི་འདྲ་བའི་ནང་གི་ལྕགས་ལམ་དངོས་ཟོག་དབོར་འདྲེན་བྱེད་པའི་དགོས་མཁོ་བསྐོང་གང་ཐུབ་བྱས་ཏེ་མེ་འཁོར་གྱིས་འགྲུལ་པ་དབོར་འདྲེན་བྱེད་ཚད་མི་ཐེངས་ཁྲི་238.1དང་དངོས་ཟོག་དབོར་འདྲེན་བྱེད་ཚད་ཀྲོན་ཁྲི་508.7ཟིན་ཡོད། གཞུང་ལམ་འགྲིམ་འགྲུལ་དང་སྐྱེལ་འདྲེན་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་གོང་འཕེལ་སོང་ཞིང་། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་འགྲུལ་པ་དབོར་འདྲེན་བྱེད་ཚད་མི་ཐེངས་ཁྲི་4358དང་དངོས་ཟོག་དབོར་འདྲེན་བྱེད་ཚད་ཀྲོན་ཁྲི་1240ཟིན་རྒྱུ་ཡིན་པ་དང་། གཞུང་ལམ་འགྲུལ་སྐྱེལ་གྱི་རྒྱུན་བཙུགས་འགྲོ་ལམ་རྫོང་རིམ་པར་ཁེབས་ཚད་98.6%ཟིན་རྒྱུ། ཤང་(གྲོང་རྡལ)ལ་ཁེབས་ཚད་61%ཟིན་རྒྱུ། སྲིད་འཛིན་གྲོང་ཚོར་ཁེབས་ཚད་41%ཟིན་རྒྱུ་ཡིན་པ་རེད། མཁའ་འགྲུལ་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་སོང་ཞིང་། འཕུར་ལམ་གསར་པ་ཁག་9མང་རུ་ཕྱིན་པ་དང་ལྗོངས་ཕྱི་ནང་གི་གྲོང་ཁྱེར་ཁག་33ལ་འཕུར་བསྐྱོད་ཐུབ་ཀྱི་ཡོད་པས་སྔོན་དཔག་ལྟར་ལོ་ཧྲིལ་པོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་315དང་། དངོས་ཟོག་དང་སྦྲག་སྲིད་གཏོང་འདྲེན་བྱེད་ཚད་ཀྲོན་ཁྲི་2.51ཟིན་པ་དེ་ཁག་སོ་སོར་14.2%དང་16.43%འཕར་ཡོད། སྦྲག་སྲིད་དང་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་4ཟིན་ནས་41.3%འཕར་བ་དང་། གློག་འཕྲིན་ལས་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་45ཟིན་ནས་38%འཕར་ཡོད།

    —— ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་གོམ་སྟབས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ། བརྡ་ལྕོག་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སི་འཛུགས་གཉེར་བྱས་ཤིང་། དངུལ་བུན་སྐྱེད་སྦྱར་གྱི་བྱ་ཐབས་སྤྱད་དེ་སྒུལ་འཁྱེར་འཕྲིན་གཏོང་མི་ཁེབས་མེད་སར་ཁེབས་ཐུབ་པ་བྱ་རྒྱུའི་ལས་གཞི་སྤེལ་ཏེ་སྒུལ་འཕྲིན་ཁེབས་མེད་པའི་སྲིད་འཛིན་གྲོང་ཚོ་ཁག་639ལ་སྒུལ་འཕྲིན་ཁེབས་པར་བྱེད་པའི་ལས་འགན་གཞི་རྩའི་ཆར་ལེགས་གྲུབ་བྱུང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ནང་གི་འཕྲིན་གཏོང་ལས་གཞི་འཛུགས་སྐྲུན་བྱ་རྒྱུའི་ལས་འགན་ཁག་6བདེ་བླག་ངང་སྤེལ་ཞིང་། ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར་10བཏང་བས་རྨང་གཞིའི་འཕྲིན་གཏོང་གི་ཞབས་ཞུ་སྒྲུབ་ནུས་སྔར་བས་ཤུགས་ཆེར་སོང་ཡོད། མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་གྱི་དོ་དམ་དཔུང་ཁག་འཛུགས་སྐྱོང་དང་ལས་རིགས་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་གྱི་ལྟ་སྡོམ་བཀོད་འདོམས་ལྟེ་གནས་དང་། རྨང་གཞིའི་སློབ་གསོ་ཆ་འཕྲིན་ཅན་གྱི་ཚོད་ལྟའི་ལས་གཞི། ཁྲིམས་འཛིན་འདྲི་གཅོད་ཀྱི་ཆ་འཕྲིན་མ་ལག་སོགས་སྲིད་དོན་ཆ་འཕྲིན་ཅན་གྱི་ལས་གཞི་སྤེལ་བ་དང་། གྲོང་ཁྱེར་གྲོང་གསེབ་ཡུལ་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གྱི་ཆ་འཕྲིན་མ་ལག་དང་། སྲུང་སྐར་བདེ་འཇགས་ཐོན་སྐྱེད་ཀྱི་ཕྱོགས་བསྡུས་ལྟ་སྡོམ་ལས་སྟེགས་འཛུགས་རྒྱུ་དང་ཁྱབ་གདལ་བེད་སྤྱོད་གཏོང་རྒྱུ་སོགས་ཆ་འཕྲིན་ཅན་གྱི་རྣམ་གྲངས་གཞི་རྩའི་ཆར་སྐྲུན་ཐུབ་པ་བྱུང་ཡོད། ལྷ་ས་གྲོང་ཁྱེར་འདི་ཉིད་ཆ་འཕྲིན་དམངས་ཕན་གྱི་རྒྱལ་ཁབ་དཔེ་སྟོན་གྲོང་ཁྱེར་དུ་སྐྲུན་རྒྱུའི་ཁོངས་སུ་བཅུག་ཡོད།

    (ལྔ)བསྒྱུར་བཅོས་བྱ་རྒྱུར་མཐུན་སྦྱོར་ངང་སྐུལ་སྤེལ་བཏང་བ།

    —— བསྒྱུར་བཅོས་བྱ་རྒྱུའི་ལས་འགན་ལ་སྐུལ་སྤེལ་ཏན་ཏིག་བཏང་བ། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》དང་《ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་འགོ་ཁྲིད་ཚོགས་ཆུང་གི་2014ལོའི་ཀྲུང་དབྱང་གི་ལས་ཀའི་གཙོ་གནད》ལག་བསྟར་དོན་འཁྱོལ་བྱས་ཏེ་རང་ལྗོངས་ཀྱི་བསྒྱུར་བཅོས་བྱ་ཐབས་ཁག་246གྲངས་བཅད་འགན་བགོས་བྱས་པ་དང་། 2014ལོའི་གཙོ་གནད་བསྒྱུར་བཅོས་བྱ་རྒྱུའི་ལས་འགན་ཁག་177ཁ་གསལ་བཟོས་ཡོད། མིག་སྔར་གཙོ་གནད་བསྒྱུར་བཅོས་བྱ་རྒྱུའི་ལས་འགན་ཁག་177ཚང་མ་ལག་བསྟར་བྱེད་འགོ་ཚུགས་ཤིང་། ཁག་148ལེགས་སྒྲུབ་ཟིན་པའམ་ལེགས་སྒྲུབ་ཟིན་གྲབས་ཡོད་པ་དང་ཁག་29ལག་ལེན་བསྟར་མུས་ཡིན། བཟོ་འདོན་བྱས་ཟིན་པའམ་ཡང་ན་བཟོ་འདོན་བྱེད་བཞིན་པའི་རིགས་འདྲ་མིན་གྱི་བསྒྱུར་བཅོས་བྱས་འབྲས་ཁག་275ཡོད།

    —— གོང་འཕེལ་གྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་སོང་བ། ཚོང་དོན་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྐུལ་སྤེལ་བཏང་ཞིང་། སྔོན་ལ་ཚོང་གཉེར་ལག་འཁྱེར་དང་རྗེས་ལ་འཁྲོལ་འཛིན་ཞུ་བ་ནས་སྔོན་ལ་འཁྲོལ་འཛིན་ཞུ་བ་དང་རྗེས་ལ་ལག་འཁྱེར་ལེན་རྒྱུར་སྒྱུར་ཞིང་། དངོས་འཇལ་ལམ་ལུགས་ནས་ངོས་འཇལ་ལམ་ལུགས་སུ་སྒྱུར་ཏེ་ཁྲོམ་ར་གཉེར་མཁན་གྱི་སྡོད་ཁང་ཐོ་འགོད་ཆ་རྐྱེན་སྔར་བས་ལྷུག་ཏུ་བཏང་ཐོག ཁྲོམ་ར་གཉེར་མཁན་གྱི་གསོན་ཤུགས་སྔར་བས་འཕེལ་ཐུབ་པ་བྱུང་ཡོད། རིགས་འདྲ་མིན་གྱི་ཁྲོམ་ར་གཉེར་མཁན་དུད་གསར་20841ཐོ་འགོད་བྱས་ནས་5.98%འཕར་བ་དང་། ཁྱོན་ཐེམ་དུད་ཁྲི་14.6ཟིན་ནས་8.7%འཕར་ཡོད། དེབ་སྐྱེལ་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་1938.26ཟིན་ནས་49.6%འཕར་ཡོད། ནོར་ཁྲལ་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུ་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་། ཁེ་ལས་ཀྱི་འབབ་ཁྲལ་སྲིད་ཇུས་ལག་བསྟར་བྱ་ཐབས་བཟོ་འདོན་བྱས་ཤིང་། “ལས་ཁྲལ་ནས་འཕར་ཁྲལ་དུ་སྒྱུར་བའི”ཚོད་ལྟ་བྱེད་སྟངས་ནས་ལྕགས་ལམ་སྐྱེལ་འདྲེན་དང་། སྦྲག་སྲིད། གློག་འཕྲིན་བཅས་ཀྱི་ཁྱབ་ཁོངས་སུ་རྒྱ་སྐྱེད་བཏང་བ་དང་། སྲིད་གཞུང་གི་ཁྱབ་ཆེའི་སྔོན་རྩིས་མ་ལག་བཙུགས་ཏེ་མ་དངུལ་སྒྱུར་སྤྲོད་བྱེད་སྟངས་དེ་གྲང་ངར་ཆེ་ལ་ས་ཁད་མཐོ་བའི་ཐག་རིང་ལུང་ཁུག་གི་དཀའ་ངལ་ཆེ་སར་གཙོ་གནད་དུ་འཕར་གཟིགས་བྱེད་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། གྲོང་གསེབ་བསྒྱུར་བཅོས་བྱ་རྒྱུའི་རྒྱལ་ཁབ་རིམ་པའི་ཚོད་ལྟ་ཁུལ་1དང་རང་སྐྱོང་ལྗོངས་རིམ་པའི་ཚོད་ལྟ་ཁུལ་4ལ་ཚོད་ལྟ་སྤེལ་རྒྱུའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད།

    —— དཔལ་འབྱོར་མཉམ་ལས་ལ་སྐུལ་སྤེལ་གཏིང་ཟབ་བཏང་བ། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུ་ཇེ་མགྱོགས་སུ་བཏང་སྟེ《བོད་རང་སྐྱོང་ལྗོངས་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་གཏན་འབེབས་འགའ་ཞིག》ལ་བཟོ་བཅོས་དང་བཟོ་འདོན་བྱས་པས་མ་འཇོག་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ནས་ཚོང་དང་མ་རྩ་འདྲེན་འགུགས་བྱས་པའི་མ་དངུལ་སྒོར་དུང་ཕྱུར་284དང་རྣམ་གྲངས་ཁག་540དངོས་སུ་དོན་འཁྱོལ་བྱུང་ཡོད། སྐབས་དང་པོའི་ཀྲུང་གོའི་བོད་ཀྱི་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམ་ཚོགས་ལམ་ལྷོངས་ངང་གཉེར་བ་དང་། ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དེ་རྒྱལ་ཁབ་རིམ་པར་སྤར་ཡོད། རང་སྐྱོང་ལྗོངས་སྲིད་གཞུང་གི་འཐུས་མི་ཚོགས་པ་ནེ་པ་ལར་འཚམས་འདྲིར་བསྐྱོད་དེ་ཨ་སྒོར་དུང་ཕྱུར་5ཡི་རྣམ་གྲངས་གན་རྒྱ་བཞག་པ་དང་། ནེ་པ་ལ་དང་མཉམ་ལས་བྱས་ཏེ་ཧི་མ་ལ་ཡའི་མཁའ་འགྲུལ་ཀུང་སི་བཙུགས་པས་བོད་ཀྱི་མཁའ་འགྲུལ་བྱ་གཞག་རྒྱལ་སྤྱིའི་ཁྲོམ་རའི་ལས་སྟེགས་ཐོག་བསྐྱོད་ཐུབ་ཡོད། ཀྲུང་དབྱང་གི་ག་སྦྱར་བོད་སྐྱོར་ལས་དོན་སྤེལ་འགོ་བཙུགས་ཏེ་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་བོད་སྐྱོར་ལས་དོན་གྱི་སྒྲིག་གཞིའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་སོང་ཞིང་། ག་སྦྱར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་36དོན་འཁྱོལ་བྱུང་སྟེ་རྣམ་གྲངས་ཁག་695ལག་བསྟར་བྱས་ཡོད།

    —— འཆར་འགོད་བཟོ་བའི་ལས་དོན་ལ་ཡར་རྒྱས་ཆེན་པོ་བྱུང་བ། 《བོད་རང་སྐྱོང་ལྗོངས་རྩོལ་ནུས་ཐོན་ཁུལ་གྱི་འཆར་འགོད》པར་འགྲེམས་ལག་བསྟར་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་གྲོང་རྡལ་ཅན་གསར་པའི་འཆར་འགོད(2014ལོ་—2020ལོ་བར)》ཞིབ་གཏན་མོས་མཐུན་བྱུང་སྟེ་ལྗོངས་ཡོངས་སུ་རྩོལ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་སྤེལ་ཐུབ་པ་དང་གྲོང་ཁྱེར་གྲོང་རྡལ་ཅན་གསར་པ་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་གཞི་རྩའི་བསམ་ཕྱོགས་ཀྱི་འཆར་ཟིན་བཟོས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་བཟོ་རྒྱུའི་ལས་དོན་ལ་རྨང་གཞི་བཏིང་ཡོད།

    (དྲུག)འབྱུང་ཁམས་ཁོར་ཡུག་བཟང་དུ་སོང་བ།

    —— འབྱུང་ཁམས་ལེགས་སྐྱོང་བྱ་རྒྱུ་ཇེ་མགྱོགས་སུ་སོང་བ། 《བོད་ཀྱི་འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་ལེགས་སྐྱོང་བྱ་རྒྱུའི་འཆར་འགོད་རྩ་གནད(ཐོག་མའི་མ་ཟིན)》བཟོ་སྒྲིག་བྱས་པ་དང་ལྗོངས་ཡོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྙོམ་ཁུལ་གྱི་འཆར་འགོད་བཟོ་སྒྲིག་ལས་དོན་སྤེལ་འགོ་ཚུགས་ཡོད། ཉིང་ཁྲི་དང་ལྷོ་ཁ་ས་གནས་ཀྱི་རྒྱལ་ཁབ་རིམ་པའི་འབྱུང་ཁམས་དཔལ་ཡོན་སྔོན་སྤེལ་གྱི་དཔེ་སྟོན་ཁུལ་འཛུགས་རྒྱུ་བདེ་བླག་ངང་སྐུལ་སྤེལ་བཏང་བ་དང་། གཙང་པོ་དང་མཚེའུ་ཡི་འབྱུང་ཁམས་སྲུང་སྐྱོབ་བྱ་རྒྱུའི་ཐད་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི་2500དོན་འཁྱོལ་བྱས་ཤིང་། ཤན་རྩའི་འབྱུང་ཁམས་རྩྭ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ས་ཚུགས་བཙུགས་ཏེ་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། ལྷ་ས་སྐྱིད་ཆུའི་ཆུ་རྩའི་འབྱུང་ཁམས་རྩོལ་ནུས་སྲུང་སྐྱོབ་ཁུལ་གྱི་དུས་ཁག་དང་པོའི་འཛུགས་སྐྲུན་དང་། ཡར་ཀླུང་གཙང་པོའི་ཆུ་རྩའི་འབྱུང་ཁམས་རྩོལ་ནུས་སྲུང་སྐྱོབ་ཁུལ་གྱི་དུས་ཁག་དང་པོའི་འཛུགས་སྐྲུན། རྩེད་ཐང་གི་འབྱུང་ཁམས་ལྟ་ཞིབ་ཚད་ལེན་ས་ཚུགས་ཀྱི་སྔོན་གྲབས་ལས་དོན་བཅས་ལ་བདེ་བླག་ངང་སྐུལ་སྤེལ་བཏང་ཡོད། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུགས་ཁུལ་གྱི་ཤིང་འཛུགས་སྔོ་འགྱུར་ལས་གཞི་ལས་འགོ་ཚུགས་ཤིང་། ནགས་སྲུང་མ་ལག་དང་། བྱེ་སྐྱོན་འགོག་བཅོས། རང་བྱུང་སྲུང་སྐྱོབ་ཁུལ། གཤེར་ས་སྲུང་སྐྱོབ་དང་སླར་གསོ། རང་བྱུང་ནགས་ཚལ་སྲུང་སྐྱོབ། ཞིང་དོར་ནགས་གསོ། ནགས་ཚལ་མེ་ཟོན། ནགས་ཚལ་གྱི་གནོད་གཞིའི་སྐྱེ་དངོས་འགོག་བཅོས་སོགས་ནགས་ལས་ཀྱི་གཙོ་གནད་ལས་གཞིའི་འཕེལ་རིམ་ཡག་པོ་བྱུང་བ་དང་། མུའུ་ཁྲི་124ནགས་གསོ་སྔོ་འགྱུར་བྱུང་ནས་ལོ་ཧྲིལ་པོའི་འཆར་གཞིའི་10%ཙམ་བརྒལ་ཐུབ་པ་བྱུང་ཡོད།

    —— ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ། གསར་སྤེལ་འཛུགས་སྐྲུན་བྱས་པ་ལས་ཁོར་ཡུག་ལ་གནོད་སྐྱོན་བཟོ་བ་དང་གསར་ཐོན་སྦགས་བཙོག་དངོས་རིགས་འབུད་སྐྱུར་བྱེད་ཚད་ནུས་ལྡན་ཚོད་འཛིན་དང་། ཆུ་བེད་དང་། འགྲིམ་འགྲུལ། གྲོང་དོན། གླིང་ཁུལ། གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱ་རྒྱུ་སོགས་འཛུགས་སྐྲུན་རྣམ་གྲངས་རིགས་ཀྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོད་སྐོར་གྱི་སྙན་ཞུ(རེའུ་མིག)ཁག་187ལ་ཞིབ་མཆན་སྤྲད་ཡོད། གཙོ་གནད་རྣམ་གྲངས་ཀྱི་ཁོར་ཡུག་ལྟ་སྡོམ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་ཁོར་ཡུག་གི་ཡིད་རྟོན་རུང་བའི་གདང་རིམ་ཚོད་སྐོར་ལམ་ལུགས་ལ་སྐུལ་སྤེལ་ཧུར་ཐག་བཏང་བ་དང་། ཁེ་ལས་ཁག་190ལ་གཙོ་གནད་དུ་ལྟ་སྡོམ་བྱས་ཡོད། ཁྲིམས་འགལ་བཙོག་འབུད་ཁེ་ལས་ལ་བཅོས་སྒྲིག་བྱས་ནས་མང་ཚོགས་ཀྱི་བདེ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ལ་འགན་སྲུང་བྱ་རྒྱུའི་ཆེད་དོན་ལས་འགུལ་སྤེལ་བ་དང་། གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་གྲོང་ཁྱེར་གྲོང་རྡལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྒྲིག་བཀོད་སོགས་ཆེད་དོན་ཁྱབ་ཁོངས་ཁག་5ཡི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་གཙོ་གནད་དུ་ཞིབ་བཤེར་བྱས་ཡོད།

    —— རྒྱལ་ཁབ་ས་ཆའི་ཐོན་ཁུངས་ལ་དོ་དམ་བྱ་རྒྱུ་ཚད་ལྡན་བཟོས་པ། ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ལ་ས་ཆ་བསྡུ་སྤྱོད་བྱེད་པའི་དགོས་མཁོར་འགན་སྲུང་གང་ཐུབ་བྱས་ཤིང་། ས་ཆ་བསྡུ་སྤྱོད་ཀྱི་འཆར་གཞིའི་དམིགས་ཚད་མུའུ་ཁྲི་3བཀོད་སྒྲིག་བྱས་པ་དང་། ས་ཆ་ནང་བཤུག་བཏང་བའི་ཁེ་འབབ་སྒོར་དུང་ཕྱུར་15.25བྱུང་ཡོད། གྲོང་གསེབ་ཀྱི་ས་ཁུངས་ཞིབ་བཤེར་དང་གྲོང་གསེབ་མཉམ་སྡེབ་ས་ཆའི་སྤྱོད་དབང་གཏན་འཁེལ་བྱེད་པའི་ཐོ་འགོད་ལག་འཁྱེར་སྤྲོད་རྒྱུར་སྐུལ་སྤེལ་བཏང་སྟེ་རྫོང་ཁག་69ཡི་གྲོང་གསེབ་ཁང་ས་ཞིབ་བཤེར་བྱ་རྒྱུའི་གཞི་གྲངས་ཐོ་མཛོད་ནང་བླུགས་ཟིན་པ་དང་། ཆུ་ཤུར་དང་། སྣེ་གདོང་། རྒྱལ་རྩེ། པ་སྣམ་བཅས་རྫོང་ཁག་བཞིའི་མཉམ་སྡེབ་ས་ཆའི་བདག་དབང་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་ཡོད། གཏེར་འཚོལ་འགག་སྒྲོལ་གྱི་འཐབ་ཇུས་ལས་དོན་མུ་མཐུད་སྤེལ་ཏེ་གཏེར་ལས་དབང་ཆ་ནང་བཤུག་གཏོང་བ་དང་། བློ་འགུག མིང་འགེལ་བཅས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ཡོད།

    གཉིས། 2015ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་འཕྲད་པའི་དུས་བབ།

    (གཅིག) རྒྱུན་རྣམ་གསར་པ་ལས་བྱུང་བའི་གོ་སྐབས་གསར་པ། གཅིག་ནི་མ་འཇོག་གི་གོ་སྐབས་ནས་བལྟས་ན། རྒྱལ་ཁབ་ཀྱི་མ་དངུལ་བསྡུ་གཏོང་ལམ་སྲོལ་བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་སྦྲགས་སྲིད་ཇུས་ཀྱི་ཕྱོགས་སྟོན་བྱས་པ་དེས་རང་ལྗོངས་ཀྱི་ཁྲོམ་ར་ཅན་དུ་གཉེར་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་། དམངས་འཚོའི་རྣམ་པ་དང་སྤྱི་པའི་འཛད་སྤྱོད་རྣམ་པའི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ནང་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་སྟེ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་མ་འཇོག་གི་འགག་རྩའི་ནུས་པ་མུ་མཐུད་འདོན་སྤེལ་བྱ་རྒྱུ། གཉིས་ནི་ཁུལ་ཁོངས་ཀྱི་ཁྱད་ཡོན་ནས་བལྟས་ན། རང་ལྗོངས་ནི་རྒྱལ་ཁབ་ཀྱིས་ཨེ་ཤི་ཡ་ལྷོ་མར་སྒོ་མོ་དབྱེ་བའི་སྐམ་སའི་ཚོང་འགྲུལ་བགྲོད་ལམ་ཆེན་མོར་འཁེལ་ཡོད་པ་དང་། “དར་ཁུལ་གཅིག་དང་འགྲུལ་ལམ་གཅིག”གི་ཡ་རྒྱལ་སྦྲེལ་མཚམས་སུ་གནས་ཡོད་ཅིང་། བྱང་དུ“དར་ཁུལ་གཅིག”རྒྱུད་པ་དང་། ལྷོ་རུ“འགྲུལ་ལམ་གཅིག”རྒྱུད་པའི་ཁྱད་ཡོན་ལྡན་ཡོད་པས་རྒྱལ་ཁབ་ཀྱི་རེས་འཁོར་གསར་པའི་མཐའ་རྒྱུད་གསར་སྤེལ་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། མཐའ་འཁོར་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་མཉམ་འབྲེལ་མཉམ་བགྲོད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་སྦྲགས། མཐའ་མཚམས་ས་ཁུལ་གསར་སྤེལ་སྒོ་མོ་དབྱེ་རྒྱུ་དང་འགག་སྒོའི་ཚོང་དོན་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུར་ཐོབ་དཀའ་བའི་གོ་སྐབས་འཕྲད་ཡོད། གསུམ་ནི་ཐོན་ཁུངས་ཀྱི་རང་ནུས་ནས་བལྟས་ན། རང་ལྗོངས་ཀྱི་ནུས་རྒྱུ་གཙང་མ་དང་། རང་བྱུང་འཐུང་ཆུ། ལེགས་གྲས་ཡུལ་སྐོར། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་སོགས་ཀྱི་དགེ་མཚན་ཆེ་རིགས་མངོན་གསལ་དོད་པ་དང་། ཁྲོམ་རའི་འཕེལ་ལམ་རྒྱ་ཆེ་བ། སྲིད་ཇུས་ཀྱི་མཐུན་རྐྱེན་བཟང་བ་བཅས་ཡིན་ཞིང་། མིག་སྔར་རྒྱལ་ཁབ་ཀྱིས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་ནས་བྱུང་བའི་མ་རྩའི་འཁོར་རྒྱུག་རང་བཞིན་འདང་ངེས་ཡོད་པ་དང་མ་དངུལ་འཇོག་པའི་གོ་སྐབས་ཇེ་ཆུང་དུ་འགྲོ་བའི་མཚན་སྙན་བཟང་ལ་སྟོབས་ཤུགས་ཆེ་བ་དང་འཐབ་ཇུས་ཐོག་ནས་མ་རྩ་འཇོག་མཁན་བློ་འགུག་ནང་འདྲེན་བྱས་ཐོག དུས་ཚོད་ཐུང་ཤོས་ནང་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གོང་འཕེལ་གཏོང་བའི་ལེགས་ཆར་འགྱུར་ཐུབ་པ་བྱ་རྒྱུ། བཞི་ནི་ཧེ་བག་ཡོད་པའི་ཁུལ་ཁོངས་ཀྱི་གཟིགས་སྐྱོང་སྲིད་ཇུས་ནས་བལྟས་ན། ཀྲུང་དབྱང་གིས་རང་ལྗོངས་ལ་གནང་བའི་ཧེ་བག་ཅན་གྱི་དངུལ་རྩ་དང་། ཁྲལ་འབབ། དེ་བཞིན་ག་སྦྱར་རོགས་སྐྱོར་སོགས་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་སྔར་བས་ཁོང་དུ་ཆུད་པ་དང་དམ་འཛིན་ཡག་པོ་བྱས་ན་ཐོན་ལས་གོང་འཕེལ་གྱི་གསོན་ཤུགས་འཕེལ་རྒྱུ་དང་གོང་འཕེལ་གྱི་སྙུགས་ཤེད་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ལྡན་ཡོད། རྒྱུན་རྣམ་གསར་པའི་འོག རྒྱལ་ཁབ་ཀྱིས་ཁུལ་ཁོངས་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔལ་འབྱོར་གོང་འཕེལ་གཏོང་བའི་ཁྱབ་བཀོད་ལེགས་སུ་གཏོང་བ། ནུབ་རྒྱུད་ཐོན་འབྱེད་ཆེན་མོ་མུ་མཐུད་ལག་བསྟར་བྱེད་པ་བཅས་ཀྱི་ཐོག་ནས་ས་ཁུལ་ཁག་མཐུན་སྦྱོར་དང་། གཅིག་མཐུན། ཐུན་མོང་བཅས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཇེ་མགྱོགས་སུ་འགྲོ་རྒྱུར་གོ་སྐབས་བཟང་པོ་སྐྲུན་ཡོད། ལྔ་ནི་མི་འབོར་གྱི་གྲུབ་ཆའི་ཐད་ནས་བལྟས་ན། ཕྱོགས་གཅིག་ནས་རང་ལྗོངས་ཀྱི་རྒན་རྒོན་འཚོ་སྐྱོང་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་ཡོད་པའི་རྒན་རྒོན་མང་བའི་སྤྱི་ཚོགས་ཀྱི་ཁུར་པོ་ཡང་བ་དང་། མང་ཚོགས་ཀྱིས་རྒྱུ་ནོར་གསར་གཏོད་བྱ་རྒྱུར་ལེགས་སྐྱེས་འབུལ་རྒྱུ་དང་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་འཛད་སྤྱོད་ཀྱི་དུས་ཚད་རིང་བ་བཅས་ཡིན། ཕྱོགས་གཞན་ཞིག་ནས་གྲོང་ཁྱེར་གྲོང་རྡལ་ཅན་གསར་གྲས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བ་དང་བསྟུན་ནས་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་འཛད་སྤྱོད་བྱེད་ཤེད་སྔར་བས་ཆེ་རུ་འགྲོ་བ་དང་། གྲོང་ཁྱེར་གྲོང་རྡལ་ལྟེ་བ་བྱས་པའི་འཛད་སྤྱོད་ཞབས་ཞུའི་ལས་རིགས་དེ་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་པའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་རྒྱུའི་རེ་བ་ཡོད། དྲུག་ནི་ཐོན་ལས་གོང་འཕེལ་འགྲོ་བར་བལྟས་ན། རང་ལྗོངས་ཀྱི་ཐོན་ལས་གོང་འཕེལ་གཏོང་བར་རྗེས་ཐོན་གྱི་ཁྱད་ཡོན་ལྡན་ཞིང་། དེ་མིག་སྔར་ནང་ས་ནས་སྤོ་སྒྱུར་བྱས་པའི་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ། གནོད་མེད་ཐཱན་ཉུང་བཅས་ཀྱི་རྣམ་གྲངས་གཉེར་འགན་འཁུར་རྒྱུ་དེ་ནི་ལེགས་སྒྲིག་མངོན་ཆུང་གི་དུས་སྐབས་ཡིན་པས་དཔལ་འབྱོར་འཕར་གཞི་གསར་པ་གཏོད་ཐུབ་པའི་རེ་བ་ཡོད། མཉམ་འབྲེལ་དྲ་རྒྱ་དང་ཟོག་འདྲེན་དྲ་རྒྱའི་ལག་རྩལ་གོང་འཕེལ་ཇེ་མགྱོགས་སུ་འགྲོ་བ་དང་སྦྲགས། རང་ལྗོངས་ཀྱི་ཆ་འཕྲིན་ཞབས་ཞུའི་མཁོ་འདོན་ནུས་པ་དང་སྟབས་བདེའི་རང་བཞིན། དེ་བཞིན་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྟབས་བདེའི་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་། ཆུང་གྲས་ཅན་དང་། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་གསར་དར་ཐོན་སྐྱེད་དང་ཚོང་དོན་གྱི་ལས་རྣམ་གོང་འཕེལ་གཏོང་རྒྱུའི་མཐུན་རྐྱེན་ཇེ་འཛོམས་སུ་འགྲོ་བས་འཛད་སྤྱོད་ཞབས་ཞུའི་ལས་རིགས་ཀྱིས་རང་ལྗོངས་ཀྱི་དཔལ་འབྱོར་ཁ་སྒྱུར་གོང་འཕེལ་གཏོང་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད།

    (གཉིས)རྒྱུན་རྣམ་གསར་པའི་འོག་འཕྲད་པའི་འགྲན་སློང་གསར་པ། དེའང་གཅིག་ནི་དཔལ་འབྱོར་འཕེལ་ངོ་ཞན་དུ་འགྲོ་བའི་ཁུར་པོ་ཟམ་མི་ཆད་པར་མངོན་ཆེར་འགྲོ་བ་དང་། རྒྱུན་རྣམ་གསར་པའི་འོག རང་ལྗོངས་ཀྱིས་མ་འཇོག་ལ་བརྟེན་པ་དང་། ལྷག་པར་དུ་སྲིད་གཞུང་ནས་མ་འཇོག་གིས་སྐུལ་ཁྲིད་བྱས་པའི་འཕར་ཤུགས་ཞན་དུ་མངོན་གསལ་དོད་པོ་སོང་ཞིང། གཞི་ཁྱོན་ཆེ་བའི་མ་འཇོག་གི་ཕྱི་རོལ་ཁོར་ཡུག་ལ་འགྱུར་བ་ཕྱིན་པ་བཅས་དང་། རང་ལྗོངས་ཀྱི་འབྱོར་སྟོབས་ཞན་ཙམ་ཡིན་པ་དང་། སྲིད་གཞུང་རང་བཞིན་གྱི་མ་དངུལ་གཏོང་ས་གཙོ་བོ་ནི་དམངས་འཚོ་ལེགས་བཅོས་བྱེད་པའི་སྤྱི་ཕན་རང་བཞིན་གྱི་ཁྱབ་ཁོངས་ཡིན་པས། མ་འཇོག་གི་ཁེ་ཕན་ལྷོགས་ཚད་དམའ་བ་དང་། མ་དངུལ་བསྡུ་གཏོང་ཐབས་ལམ་རྒྱ་ཆུང་བ་བཅས་ཀྱི་རྐྱེན་པས་དོན་དངོས་ཐོག་སྲིད་གཞུང་ནས་སྤྱི་ཚོགས་མ་རྩའི་ཞབས་ཞུར་འདེགས་སྐུལ་བྱེད་པའི་གལ་ཆེའི་ལས་གྲྭར་མ་རྩ་འཇོག་རྒྱུར་གཞི་ཆེའི་སྟངས་འཛིན་བྱ་རྒྱུར་བཀག་སྡོམ་བཟོ་གི་ཡོད། འཛད་སྤྱོད་ཀྱི་སྐུལ་ཁྲིད་ནུས་པ་ཕྱི་ཕྱོགས་སུ་ཤོར་མགྱོགས་སུ་ཕྱིན་ཞིང་། དྲ་ཐོག་ཉོ་ཚོང་གིས་མཚོན་པའི་གློག་རྡུལ་ཚོང་དོན་འཛད་སྤྱོད་དེས་རང་ལྗོངས་ཀྱི་སྲོལ་རྒྱུན་ཚོང་དོན་ཞབས་ཞུའི་ལས་རྣམ་ལ་ཤུགས་རྐྱེན་ཕོག་ཚད་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་གྱི་ཡོད། ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་ལ་འགྲིམ་འགྲུལ་གྱི་གཅུར་འགག་ཚོད་འཛིན་ཐེབས་པ་དང་། ལྗོངས་ནང་ཁུལ་གྱི་ཐོན་སྐྱེད་བཟོ་འདོན་བྱེད་ནུས་ཞན་པ། མཐའ་འཁོར་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་འགྲོ་བའི་ཆུ་ཚད་དམའ་བ། འགག་སྒོའི་ཞབས་ཞུའི་ཆུ་ཚད་མཐོ་པོ་མེད་པ་སོགས་ཀྱིས་དུས་ཐུང་ནང་གོང་འཕེལ་མགྱོགས་པོ་འགྲོ་རྒྱུ་ནི་དཀའ་ལས་ཁག་པོ་ཡིན་པ། གཉིས་ནི་མ་འཇོག་ཁོར་ཡུག་ད་དུང་ལེགས་སུ་གཏོང་དགོས་པ་དང་མ་འཇོག་ཕན་འབྲས་ད་དུང་མཐོ་རུ་གཏོང་དགོས་པ། རྒྱུན་རྣམ་གསར་པས་གཞི་ཁྱོན་ཆེ་བའི་སྲིད་གཞུང་རང་བཞིན་གྱི་མ་འཇོག་གཞི་རྒྱ་ཆེ་རུ་གཏོང་དཀའ་བའི་གནས་ཚུལ་འོག ཐབས་ལམ་སྣ་ཚོགས་སྤྱད་དེ་ཚོང་འགུག་མ་འདྲེན་ལ་བརྟེན་ནས་སྤྱི་ཚོགས་ཀྱི་མ་རྩ་གསར་སྤེལ་འཛུགས་སྐྲུན་བྱེད་པའི་ནང་བསྡུ་འགུགས་བྱ་རྒྱུའི་གལ་ཆེའི་རང་བཞིན་མངོན་གསལ་དོད་དུ་སོང་བ་དང་། ཚོང་གཉེར་ལ་ཕན་པའི་སྒྲིག་གཞིའི་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ། སྤུས་ལེགས་ཀྱི་སྲིད་ལས་ཞབས་ཞུའི་ནང་ངོས་མཐུན་རྐྱེན་སྐྲུན་ནས་མ་འཇོག་ཡོང་ཐབས་བྱ་རྒྱུ་དང་། ཁྲིམས་སྐྱོང་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། སྲིད་ཇུས་བརྟན་འཁྱོངས་རང་བཞིན་དང་རྒྱུན་མཐུད་རང་བཞིན་མཐའ་འཁྱོངས་ཀྱིས་མ་རྩ་འཇོག་མཁན་གྱི་སྔོན་དཔག་ཁེ་ཕན་འགན་སྲུང་བྱ་རྒྱུ་བཅས་ཀྱི་ཐད་རང་ལྗོངས་ཀྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཧ་ཅང་ཆེན་པོ་ཡིན། གསུམ་ནི་རྨང་གཞིའི་གཙོ་རྐྱེན་གྱི་འདེགས་སྐྱོར་ནུས་པ་མི་འདང་བ། རང་ལྗོངས་ཀྱི་ཤེས་ལྡན་པ་དཀོན་པ་དང་། འགྲིམ་འགྲུལ་དང་ནུས་རྒྱུ་སོགས་རྨང་གཞིའི་སྤྱི་པའི་ཞབས་ཞུ་བསྒྲུབ་རྒྱུ་མི་འདང་བ། བཞི་ནི་བརྟན་ལྷིང་སྲུང་སྐྱོང་དང་། དམངས་གཙོ་ལེགས་བཅོས། ཁོར་ཡུག་སྲུང་སྐྱོང་བཅས་བྱེད་པར་དཀའ་ངལ་ཆེ་ཙམ་ཡོད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལས་འགན་སྔར་བཞིན་ལྕི་པོ་ཡིན་པ་དང་། དབུལ་པོའི་མི་འབོར་གྱི་བསྡུར་ཚད་ཆེ་བ། དབུལ་སྐྱོར་འགག་སྒྲོལ་གྱི་ལས་འགན་ལྕི་བ། རང་བྱུང་ཁོར་ཡུག་གཉོད་ཆུང་བ་དང་འབྱུང་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྱོང་བྱེད་པའི་འགན་འཁྲི་ལྕི་པོ་བཅས་ཡིན།

    གསུམ། 2015ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྤྱིའི་བླང་བྱ་དང་སྔོན་དཔག་དམིགས་ཚད།

    2015ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་གྱི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིའི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང་“བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བ་དང་། ཡུན་རིང་བརྟན་ལྷིང་ཡོང་བ། ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་བར་འབད་བརྩོན་བྱེད་དགོས་པའི”གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“བོད་ལྗོངས་ཁྲིམས་བཞིན་སྐྱོང་དགོས་པ་དང་། བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པ། མི་སེམས་འགུག་ཐབས་བྱེད་དགོས་པ། རྨང་གཞི་བརྟན་དུ་གཏོང་དགོས་པའི”གལ་ཆེའི་རྩ་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། བརྟན་པོའི་ཁྲོད་ཡར་རྒྱས་བརྩོན་ལེན་བྱ་རྒྱུའི་ལས་དོན་གྱི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས། “663”གྱི་ལས་ཀའི་བསམ་གཞི་གཡོ་འགུལ་མི་གཏོང་བར་རྒྱུན་འཁྱོངས་བཅས་བྱས་ཏེ་རང་འགུལ་ངང་དཔལ་འབྱོར་གོང་འཕེལ་གཏོང་བའི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱས་ཐོག་འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག བསྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་པ། བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱ་རྒྱུ་མངོན་ཆེར་བཟུང་སྟེ་མ་འཇོག་ལ་སྐུལ་སྤེལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། བསྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་ལ་འདེགས་སྐྱོར་ཤུགས་ཆེ་བྱེད་པ། དབུལ་སྐྱོར་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་དང་། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ། འབྱུང་ཁམས་ཁོར་ཡུག་རྒྱུན་མཐུད་བཟང་པོ་ཡོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ་བཅས་ལ་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅུ་གཉིས་པའི”དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལས་འགན་ཁག་ཡོངས་སུ་ལེགས་སྒྲུབ་བྱ་རྒྱུ་ཡིན།

    བཞི། 2015ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལས་འགན་དང་བྱ་ཐབས་གཙོ་བོ།

    2015ལོའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་12%ཡས་མས་འཕར་བ་བྱ་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་20%ཡན་འཕར་བ་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་སྤྱི་འབོར་13%ཡན་འཕར་བ་བྱ་རྒྱུ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་འབབ་15%འཕར་བ་བྱ་རྒྱུ། ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་སྤྱི་འབོར་10%འཕར་བ་བྱ་རྒྱུ། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་13%ཡན་འཕར་བ་བྱ་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་10%འཕར་བ་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་4%ནང་ཚུད་དུ་ཚོད་འཛིན་བྱ་རྒྱུ། མི་ཁྲི་4.6ལས་ཞུགས་ཐུབ་པ་བྱ་རྒྱུ་བཅས་ཡིན།

    2015ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་ལ། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་འགག་རྩའི་ལོ་ཞིག་དང་། བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བའི་ལོ་དང་པོ་ཡིན་པ། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པའི་མཇུག་བསྡུའི་ལོ་ཞིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུ་དེས“ལོ་ལྔ་ཚན་བཅུ་གསུམ་པའི”གོང་འཕེལ་གྱི་རྨང་གཞི་ཡག་པོ་འདིང་རྒྱུར་དོན་སྙིང་ཤིན་ཏུ་ཆེན་པོ་ལྡན་ཡོད། ང་ཚོས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་མཇུག་བསྡུ་བ་དང་“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་འགོ་འཛུགས་པར་དམིགས་ནས་ཐེངས་འདིའི་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། དམིགས་ཚད་གཏན་འཁེལ་དང་། བྱ་ཐབས་ཤུགས་ཆེ་རུ་གཏོང་བ། དོན་འཁྱོལ་དམ་འཛིན་བྱེད་པ། ལམ་བཤངས་གསར་གཏོད་བཅས་བྱས་ཏེ་སྤུས་ཚད་དང་ཕན་འབྲས་གཉིས་ལྡན་གྱི་ཐོག་ནས་གོང་འཕེལ་གཏོང་ཆེད་ཕྱོགས་ཁག་བརྒྱད་ཐད་ཀྱི་ལས་དོན་གཙོ་གནད་དུ་དམ་འཛིན་ཡག་པོ་བྱས་ཐོག“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་བའི་འཕེལ་ངོ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་གོང་འཕེལ་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན།

    (གཅིག)རྣམ་གྲངས་མཇུག་སྒྲིལ་བར་དམིགས་ཏེ་མ་འཇོག་བྱེད་རིམ་མགྱོགས་སུ་གཏོང་རྒྱུ།

    1.མ་འཇོག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྲིད་གཞུང་ནས་མ་འཇོག་དང་དམངས་ཁྲོད་ནས་མ་འཇོག་བྱེད་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ཏེ། གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱ་རྒྱུ་དེ་སྒོར་དུང་ཕྱུར་1300ནས་བརྒལ་ཏེ་20%འཕར་ཐུབ་པ་བྱ་རྒྱུ། འབྲེལ་མཐུད་ཧུར་ཐག་དང་། རང་འགུལ་ལས་སྒྲུབ། རྒྱབ་སྐྱོར་ཐོབ་ཐབས་བཅས་བྱས་ཏེ། 2015ལོར་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་འཇོག་སྙན་ཞུའི་འཆར་གཞིའི་ནང་ཁྱོན་རྣམ་གྲངས་ཁག་121དང་། སྤྱིའི་མ་འཇོག་སྒོར་དུང་ཕྱུར་335དོན་འཁྱོལ་གང་མགྱོགས་ཡོང་བའི་འགན་ལེན་བྱ་རྒྱུ། ཀྲུང་དབྱང་ཁེ་ལས་ཁག་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནུས་ཁུངས་དང་། གཏེར་ཁ། འཕྲིན་གཏོང་སོགས་འཆར་འགོད་རྣམ་གྲངས་གང་མགྱོགས་དོན་འཁྱོལ་བྱ་རྒྱུ། དུས་མཚུངས། BT、PPPཡི་དཔེ་རྣམ་ཁྱབ་སྤེལ་བཏང་སྟེ་དམངས་ཁྲོད་ཀྱི་མ་རྩ་དེ་རིམ་བཞིན་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་དང་། གྲོང་དོན་གྱི་སྤྱི་སྤྱོད་སྒྲིག་བཀོད་ཁྱབ་ཁོངས། གལ་ཆེའི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས། གཙོ་གནད་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཁྱབ་ཁོངས་བཅས་ཀྱི་འཛུགས་སྐྲུན་དང་ལས་གཉེར་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱས་ནས་དམངས་ཁྲོད་ཀྱི་མ་འཇོག་མགྱོགས་ཙམ་འཕར་ཐུབ་པ་བྱ་རྒྱུ།

    2.རྣམ་གྲངས་ཀྱི་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ། གལ་ཆེའི་རྣམ་གྲངས་ཀྱི་ལས་འགོ་གང་མགྱོགས་འཛུགས་རྒྱུ་དང་། འཛུགས་སྐྲུན་གང་མགྱོགས་ཐུབ་རྒྱུ། ཕན་འབྲས་གང་མགྱོགས་ཐོན་རྒྱུ་བཅས་ལ་སྐུལ་སྤེལ་ཤུགས་ཆེ་བཏང་ནས་འཆར་འགོད་རྣམ་གྲངས་ནང་གི་སྔོན་གྲབས་ལས་ཀ་སྤེལ་བའི་བོད་གློག་ཕྱིར་ཁྲིད་ཀྱི་རྣམ་གྲངས་ཁག་9ཕུད། དེ་བྱིངས་ཚང་མ་སྐྲུན་འགོ་འཛུགས་ཐུབ་པ་བྱ་རྒྱུ། ལྷ་ཉིང་ལྕགས་ལམ་གང་མགྱོགས་བཟོ་སྐྲུན་བྱ་རྒྱུ་དང་མཚོ་བོད་ལྕགས་ལམ་གོར་ལྷའི་དུམ་མཚམས་ཀྱི་བྱེད་ནུས་ཆེར་གཏོང་དང་བཟོ་བཅོས་ལས་གྲྭ་འཛུགས་སྐྲུན་ལས་འགོ་འཛུགས་རྒྱུ། ལས་དུས་ལྡོག་སྒྲིག་དང་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ལས་འགོ་ཚུགས་ཟིན་པའི་ལམ་མཚམས་དང་། བསྐལ་ལ་རི་བོའི་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་གྱི་རྒྱ་སྐྱེད་ལས་གྲྭ་སོགས་འཛུགས་སྐྲུན་ཟིན་ནས་བེད་སྤྱོད་གཏོང་ཐུབ་པ་བྱ་རྒྱུ། ཀོང་པོ་བར་ལའི་ཕུག་ལམ་འཛུགས་སྐྲུན་ལས་འགོ་འཛུགས་རྒྱུ། ཁྲོན་བོད་གཞུང་ལམ་བཟོ་སྐྲུན་ལས་གྲྭ་སྤེལ་རྒྱུ། རྫོང་དང་ཤང་བར་ཤར་གཏོང་ཐུབ་པའི་སྣུམ་ནག་ལམ་སྐྲུན་ཤུགས་ཆེ་རུ་བཏང་ནས་གྲོང་ཚོ་ཀུན་ལ་སྣུམ་ནག་ལམ་ཡོད་པ་དང་གྲོང་རྡལ་ཀུན་ལ་གཞུང་ལམ་ཨ་མ་ཡོད་པ་བྱ་རྒྱུ། དཔལ་འབྱོར་གཞུང་ལམ་ཨ་མ་དང་། གྲོང་གསེབ་ཀྱི་གཞུང་ལམ། དེ་བཞིན་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རྒྱུན་བཙུགས་འགྲོ་ལམ་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། ཉིང་ཁྲི་དང་། ལྷ་ས་གོང་དཀར། ཆབ་མདོ་བཅས་ཀྱི་གནམ་ཐང་བཟོ་བཅོས་རྒྱས་སྐྲུན་ལས་གྲྭ་གང་མགྱོགས་སྤེལ་རྒྱུ། ཁྲོན་བོད་དྲ་སྦྲེལ་རྒྱུན་སྲིང་ལས་གྲྭ་དང་། བོད་དབུས་རྒྱུད་ཀྱི་གློག་དྲ་ཆན་ཧྥུའུ་220ཡི་དྲ་སྒྲོམ་ལས་གྲྭ གྲོང་ཁྱེར་གྱི་གློག་དྲ་འཛུགས་སྐྲུན་དང་བཟོ་སྐྲུན་ལས་གྲྭ་གང་མགྱོགས་སྤེལ་རྒྱུ། གྲོང་གསེབ་ཀྱི་གློག་དྲ་རིམ་སྤར་བསྒྱུར་བཅོས་དང་གློག་མེད་པའི་ས་ཁུལ་ལ་གློག་འཁྲིད་རྒྱུ་དང་། རྫོང་58གློག་དྲ་གཙོ་བོའི་ཁྱབ་ཁོངས་ནང་འཇུག་རྒྱུ་མ་ཟད་གྲོང་གསེབ་གློག་དྲ་ཚབ་གཉེར་ཐུབ་པ་བྱ་རྒྱུ། དེ་བཞིན་དྭགས་པོ་དང་། ལྕེ་ཤོད། རྒྱ་ཚ། སོལ་བ་ལུང་བཅས་ཀྱི་གློག་ཁང་གང་མགྱོགས་སྐྲུན་རྒྱུ། ལ་ལྷོའི་ཆུ་བེད་ལྟེ་གནས་ལས་གྲྭ་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ། ཤང་ཆུ་དང་སྐྱིད་པ་སོགས་ཆུ་མཛོད་སྐྲུན་འགོ་བཙུགས་ནས་ཞིང་ཁའི་ཆུ་བེད་དང་། དམངས་འཚོའི་ཆུ་བེད། འབྱུང་ཁམས་ཀྱི་ཆུ་བེད་བཅས་ཕྱོགས་བསྡུས་ལེ་ལག་ཚང་བའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྣམ་གྲངས་དོ་དམ་ལམ་སྲོལ་གསར་གཏོད་བྱས་ནས་རྣམ་གྲངས་འཛུགས་སྐྲུན་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    3.རྣམ་གྲངས་ཁག་གཅིག་གྲབས་གསོག་ཞིབ་འཇུག་བྱ་རྒྱུ། “ལོ་ལྔ་ཚན་བཅུ་གསུམ་པར”གཞི་ཚུགས་ཏེ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་བརྗིད་ཆེའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། དམངས་འཚོ། གཏེར་ཁ། འབྱུང་ཁམས་སོགས་གལ་ཆེའི་རྣམ་གྲངས་ཆེ་གྲས་ཁག་གཅིག་གྲབས་གསོག་ཞིབ་འཇུག་བྱས་ཏེ། གྲོང་ཁྱེར་གྲོང་རྡལ་ཅན་ལ་སྐུལ་སྤེལ་གཏོང་རྒྱུ་དང་ཟུང་སྦྲེལ་གྱིས་གྲོང་ཁྱེར་གྲོང་རྡལ་གྱི་འཛུགས་སྐྲུན་རྣམ་གྲངས་ཁག་གཅིག་གྲབས་གསོག་བྱས་ཐོག་རྒྱལ་ཁབ་ནས་མ་འཇོག་བྱ་རྒྱུ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རྨང་གཞིའི་ཐོག་ལྡབ་ཉིས་འགྱུར་འཕར་ཐུབ་པའི་བརྩོན་ལེན་བྱ་རྒྱུ། རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་བསྒྲུབ་རྒྱུ་གཏིང་ཟབ་ལ། ཞིབ་ཅིང་ཕྲ་བ་དང་དོན་སྨིན་ཐུབ་པ་བྱ་རྒྱུ་དང་། ལྷག་དོན་དུ་ཅིན་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ལྷ་སའི་བར་གྱི་ལམ་མཚམས་དང་། ཁྲོན་བོད་ལྕགས་ལམ་ཉིང་ཁྲི་ནས་ཆབ་མདོའི་བར་གྱི་ལམ་མཚམས། གཞིས་རྩེ་ནས་འགག་སྒོ་བར་གྱི་ལྕགས་ལམ། ལྷ་སའི་གནམ་ཐང་གསར་པ། ཡེར་པ་གྲམ་ཐང་དང་ལ་འོག་ཆུ་ཤུགས་གློག་ཁང་། དེ་བཞིན་ཆབ་མདོ་དང་མངའ་རིས་ནས་བོད་དབུས་རྒྱུད་ཀྱི་གློག་དྲའི་དྲ་སྦྲེལ་ལས་གྲྭ་སོགས་གལ་ཆེའི་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་རྒྱ་མོ་རྔུལ་ཆུའི་སྟོད་རྒྱུད་ཆུ་ཤུགས་གློག་ཁང་སྐྲུན་རྒྱུའི་འཆར་འགོད་ལ་ཞིབ་མཆན་ཐོབ་པ་བྱ་རྒྱུ།

    (གཉིས)འགྲོ་རྒྱུགས་ཆེ་རུ་གཏོང་རྒྱུར་དམིགས་ནས་འཛད་སྤྱོད་ལ་ཕན་སྐུལ་ཧུར་ཐག་གཏོང་རྒྱུ།

    4.ཚོང་ཟོག་འཁོར་རྒྱུགས་ཀྱི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཚོང་དོན་འཁོར་རྒྱུགས་བྱེད་པའི་སྤྱིའི་ཇུས་འགོད་སྔར་བས་ལེགས་སྒྱུར་བྱས་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་གཉེར་ས་ཚུགས་འཆར་འགོད་དང་ཞིང་འབྲོག་ཁུལ་གྱི་ཁྲོམ་རའི་མ་ལག་འཛུགས་སྐྱོང་གི་འཆར་འགོད་ལག་བསྟར་བྱ་རྒྱུ། ཚོང་དོན་གོང་འཕེལ་གཏོང་རྒྱུའི་ཆེད་སྤྱོད་མ་དངུལ་དོན་འཁྱོལ་ཡག་པོ་བྱས་ནས་ཁུལ་ཁོངས་ཚོང་དོན་གྱི་འགྲོ་རྒྱུགས་རིམ་སྤར་ཇེ་མགྱོགས་སུ་གཏོང་བར་སྐུལ་སྤེལ་གཏོང་བའི“བཀྲག་ཆེ་སའི”ལས་གཞི་བཟོས་ཏེ་ཞིང་འབྲོག་ཁུལ་གྱི་ཐོན་རྫས་རྟེན་གཞི་དང་། ཆེད་ལས་ཁྲོམ་ར་དང་ཞིང་ཕྱུགས་ཐོན་རྫས་འགྲོ་རྒྱུགས་ཀྱི་སྒྲིག་བཀོད། གྲབས་གསོག་དང་ཁྲོམ་རའི་ལྟ་དཔྱད་མ་ལག་སོགས་འཛུགས་སྐྲུན་བྱ་རྒྱུར་གཙོ་གནད་དུ་ཤུགས་རྒྱག་རྒྱུ། ཁུལ་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་གྲོང་རྡལ་ཁག་རྒྱལ་ཡོངས་ཀྱི་ཞིང་ཟོག་ཐོན་རྫས་འགྲོ་རྒྱུགས་ཀྱི་རྐང་འཛིན་དྲ་རྒྱའི་མ་ལག་དང་རྒྱལ་ཡོངས་ཀྱི་གཙོ་གནད་ཟོག་འགྲེམས་ས་ཚིགས་གྲོང་ཁྱེར་ཁོངས་སུ་འཇུག་ཐུབ་པའི་བརྩོན་ལེན་ཧུར་ཐག་བྱ་རྒྱུ། “འབྲུ་རིགས་ཐོན་འབོར་བརྟན་འཇགས་ཀྱི་ལས་གཞི”དམ་འཛིན་ཡག་པོ་བྱས་ཏེ་འབྲུ་རིགས་དཀར་འཇུག་སྒྲིག་བཀོད་དང་། འཕྲལ་སྡོམ་མ་ལག ཞིབ་དཔྱད་ཚད་ལེན་མ་ལག བློ་བདེའི་འབྲུ་སྣུམ་ལས་གཞི་བཅས་སྐྲུན་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

    5.ཡུལ་མིའི་འཛད་སྤྱོད་ཀྱི་གཏིང་ཤུགས་སྔོག་འདོན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མི་མངོན་པའི་འཛད་སྤྱོད་མཁོ་དགོས་རྣམས་སྐབས་འཕྲལ་འཛད་སྤྱོད་ལ་སྒྱུར་བ་བྱ་རྒྱུ། “གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་ལས་གཞི”དང་། “དྲ་གསར་ལས་གཞིའི”ཚོང་ཁང་གཅིག་ལ་སྤྱོད་སྒོ་མང་བའི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་གློག་རྡུལ་ལ་བརྟེན་ནས་ཁྱད་ལྡན་ཐོན་རྫས་ཚོང་གཉེར་བྱེད་པའི་ལས་སྟེགས་སྐྲུན་རྒྱུར་རྒྱབ་སྐྱོར་དང་། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་རྫས་བྲིན་ཚོང་བྱེད་ལམ་རྒྱ་ཆེར་ཧུར་ཐག་བཏོད་དེ“བཟོ་ལས་ཐོན་རྫས་གཤམ་དུ་སླེབས་དཀའ་བ་དང་། ཞིང་ཟོག་ཐོན་རྫས་གྲོང་ཁྱེར་དུ་སླེབས་དཀའ་བའི”གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ། ཆེད་དོན་དུ་རླངས་འཁོར་དང་ས་ཁང་ཐོན་ལས་ཀྱི་འཛད་སྤྱོད་ལ་ཕན་སྐུལ་བཏང་ནས་ཚོང་ཟོག་ཆེ་རིགས་ཀྱི་འཛད་སྤྱོད་བརྟན་པོའི་ངང་འཕར་ཐུབ་པ་བྱ་རྒྱུ། རང་ལྗོངས་ཀྱི་མྱུར་སྐྱེལ་ལས་རིགས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་བསམ་འཆར་འཕྲལ་དུ་བཟོས་ནས“མྱུར་སྐྱེལ་གཤམ་སྤེལ”བྱ་རྒྱུའི་ཐད་ཁྲལ་བསྡུ་དང་མ་དངུལ་ཐད་ནས་རྒྱབ་སྐྱོར་དེ་བས་ཆེ་བ་བྱ་རྒྱུ་དང་། མྱུར་སྐྱེལ་ཁེ་ལས་ལ་རོགས་རམ་བྱས་ཏེ་རྫོང་རིམ་པ་མན་གྱི་མྱུར་སྐྱེལ་དྲ་རྒྱ་ཚགས་ཚུད་དུ་བཏང་ནས་དེ་བས་མང་བའི་ཞིང་འབྲོག་མང་ཚོགས་ལ་མྱུར་སྐྱེལ་ཞབས་ཞུ་ཐོབ་ནས་སྟབས་བདེ་ཡོང་བ་བྱ་རྒྱུ།

    6.ཕྱི་ཕྱོགས་ཚོང་དོན་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཁག་བར་ལ་ཚོང་གཉེར་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་གིས་བོད་ལ་གནང་བའི་ཕྱི་ཕྱོགས་ཚོང་དོན་གྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་བེད་སྤྱོད་ཡག་པོ་དང་གནད་འཁེལ་དོན་སྨིན་ཐུབ་པ་བྱས་ཐོག་ཚོང་དོན་ཐད་ཕྱི་ཚུལ་འཕར་བཟོ་བསྐྱར་ལོག་རིགས་མི་ཐོན་པའི་འགན་ལེན་བྱ་རྒྱུ། རྒྱལ་ཁབ་པུའུ་ཨུད་ཁག་ནས་མཐའ་མིའི་ཚོང་འབྲེལ་ལ་ཁྱད་པར་ཅན་གྱི་སྲིད་ཇུས་རག་ཐབས་ཧུར་ཐག་བྱས་ཏེ་འགག་སྒོ་དང་། མཐའ་ཚོང་ཁྲོམ་ར། མཐའ་མིའི་ཚོང་འབྲེལ་བྱེད་གནས་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་ཕྱོགས་ཚོང་དོན་ཁོར་ཡུག་ལེགས་སུ་གཏོང་བ། རང་བཟོས་ཐོན་རྫས་ཕྱིར་གཏོང་དང་ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཚོང་དོན་སྟབས་བདེ་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་རྒྱུ། (གསུམ)ས་མཐོའི་ཁྱད་ལྡན་ལ་དམིགས་ནས་ཐོན་ལས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    7.ཞིང་འབྲོག་ལས་གང་མགྱོགས་གོང་འཕེལ་གཏོང་རྒྱུ། ནས་ཀྱི་ཐོན་འབབ་འཕར་ཐབས་ཀྱི་འདུས་གྲུབ་ཁྱབ་གདལ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས“བོད་ཀྱི་ནས་2000”སོགས་སྣ་རིགས་གསར་པ་མུའུ་ཁྲི་115ཡན་ཁྱབ་གདལ་བཏང་ནས་འབྲུ་རིགས་སྤྱིའི་ཐོན་འབོར་ཀྲོན་ཁྲི་100ཟིན་པ་བྱ་རྒྱུ་དང་སོན་བཟང་ཁྱབ་ཚད་85%ཡན་ཟིན་པ་བྱ་རྒྱུ། སྲོག་ཆགས་ཀྱི་རིམས་ནད་ཆེ་རིགས་འགོག་བཅོས་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ནས་སྒོ་ཕྱུགས་དང་ཁྱིམ་བྱ་རྒྱུད་བཟང་བདམས་གསོ་ཁྱབ་གཏོང་ཤུགས་ཆེ་རུ་བཏང་སྟེ་བ་གླང་མགོ་གྲངས་ཁྲི་16.5དང་ལུག་ཁྲི་2ཡི་རྒྱུད་པ་བཟང་དུ་གཏོང་ཐུབ་པ་བྱ་རྒྱུ་དང་། ཤ་རིགས་དང་དཀར་ཆུའི་ཐོན་འབོར་ཁག་སོ་སོར་ཀྲོན་ཁྲི་34དང་ཀྲོན་ཁྲི་37ཟིན་པ་བྱ་རྒྱུ། ཞིང་འབྲོག་ལས་དེང་རབས་ཅན་དུ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་སྤྱི་གནོད་མེད་པ་དང་། འབྱུང་འཕྲོད། སྐྱེ་ལྡན་བཅས་ཀྱི་ཐོན་རྫས་གསར་སྤེལ་དང་ཁས་ལེན་དཔང་འདོན་བྱ་རྒྱུའི་ལས་དོན་ལ་སྐུལ་སྤེལ་བཏང་སྟེ། ཞིང་ཕྱུགས་ཐོན་རྫས་ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་40%ཡན་ཟིན་པ་བྱ་རྒྱུ། དབུལ་སྐྱོར་གསར་སྤེལ་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱ་རྒྱུ་གཏིང་ཟབ་པའི་ཕྱོགས་སུ་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་ཟམ་མི་ཆད་པར་བཏང་སྟེ་དབུལ་པོའི་མི་གྲངས་ཁྲི་8ཉུང་དུ་འགྲོ་ཐུབ་པ་བྱ་རྒྱུ།

    8.བཟོ་ལས་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ། བཟོ་ལས་ཐད་མ་འཇོག་དང་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་སྤྱི་འབོར་མང་གཏོང་དང་། སྤུས་ཚད་དང་ཕན་འབྲས་ཆེར་གཏོང་། གྲུབ་ཆ་ལེགས་སྒྲིག་བཅས་བྱས་པ་བརྒྱུད་དེ་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཡོང་ཐུབ་པ་བྱ་རྒྱུ། ཆུ་དང་། གློག གཏེར་ཁ་བཅས་ཀྱི་ཁྱད་ལྡན་ཐོན་ཁུངས་སྔོན་དུ་གསར་སྤེལ་དང་གཙོ་གནད་དུ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་ས་གནས་ཀྱི་ཁྱད་ལྡན་དགེ་སྟོབས་ཆེ་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཐོན་ལས་སྐྱོང་སྤེལ་བྱ་རྒྱུ། ཆུ་འགོའི་ཁུལ་གྱི་རྩད་ཞིབ་དང་ཆུ་སྤུས་ལྟ་ཞིབ་ཚད་ལེན་སོགས་བྱ་རྒྱུའི་སྔོན་གྲབས་ལས་དོན་བརྟན་པོའི་ངང་ཡག་པོ་སྒྲུབ་རྒྱུ་དང་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བཟོ་སྒྲིག་གང་མགྱོགས་བྱེད་པ་དང“བོད་ཀྱི་ཆུ་བཟང”དྲིལ་བསྒྲགས་འོས་སྦྱོར་ཤུགས་ཆེ་བྱས་ཐོག རྒྱུ་གཙོ་སྒྲིལ་བཅོས་དང་གྲགས་རྟགས་འཛུགས་སྤེལ་བྱ་རྒྱུ་གཙོ་བོར་བཟུང་སྟེ་རང་བྱུང་འཐུང་ཆུའི་ཐོན་ནུས་ལུགས་མཐུན་ཁྱབ་བཀོད་བྱས་ནས་རྒྱལ་ནང་གི་ཁེ་ལས་སྟོབས་ཆེ་ཁག་500དང་མཉམ་ལས་གསར་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཁྲོན་བོད་དྲ་སྦྲེལ་ལས་གཞི་དངོས་སུ་ལས་གཉེར་བྱེད་པར་བརྟེན་ནས་རྒྱལ་ཁབ་གློག་ཤུགས་དོ་སྙོམས་ཡོང་རྒྱུ་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གཏོད་རྒྱུར་ཐེ་ཞུགས་ཧུར་ཐག་བྱ་རྒྱུ། ཕྱིར་འདྲེན་གློག་ཁུངས་ས་ཚུགས་དང་གློག་ཤུགས་ཕྱིར་གཏོང་གི་ལས་གྲྭའི་སྔོན་གྲབས་ལས་ཀ་སྔར་བས་ཇེ་མགྱོགས་སུ་བཏང་སྟེ་རྒྱལ་ཁབ་ནས་ལས་སྒོ་འཛུགས་རྒྱུ་ཞིབ་དཔྱད་ཆོག་མཆན་གནང་བའི་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གྱི་ལས་འགོ་གང་མགྱོགས་སྤེལ་རྒྱུ། ཆུ་ཤུགས་གློག་ཁང་གིས་གཙོ་བོ་བྱེད་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་རྒྱུའི་ཐོན་ལས་གང་མགྱོགས་སྐྲུན་རྒྱུ། བོད་མཚོ་བཟོ་ལས་གླིང་ཁུལ་འཛུགས་སྐྲུན་གང་མགྱོགས་བྱས་ཏེ་གཏེར་ཁའི་ཐོན་རྫས་བཟོ་སྣོན་བྱེད་ཚད་མཐོ་རུ་གཏོང་བ་དང་། གཏེར་ཁའི་ཐོན་ལས་ཀྱི་འཁོར་འབྲེལ་སྣུར་བསྲིང་བྱེད་པ། གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱ་རྒྱུ་དེ་གཞི་ཁྱོན་ཅན་དང་། ལེགས་བསྡུས་ཅན། ནུས་ཕྱོད་རྣམ་པ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་གཏོང་རྒྱུ། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ལས་རིགས་དང་། བོད་སྨན་ལས་རིགས། མི་རིགས་ལག་ཤེས་བཟོ་རྩལ་ལས་རིགས་བཅས་མུ་མཐུད་སྟོབས་ཆེར་བཏང་སྟེ་ཁ་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་རྒྱུ། བཟོ་ལས་ཐོན་སྐྱེད་དང་ནུས་རྒྱུ་འགན་སྲུང་བྱ་རྒྱུའི་དབར་གྱི་འགལ་ཟླ་ཐག་གཅོད་ཡག་པོ་བྱས་ནས་བཟོ་ལས་འཁོར་སྐྱོད་ཐད་གློག་ཤུགས་ཀྱིས་འགན་སྲུང་བྱེད་ཤུགས་ཟམ་མི་ཆད་པ་ཆེ་རུ་གཏོང་རྒྱུ།

    9.ཐོན་ལས་གསུམ་པ་གོང་འཕེལ་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ། འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་གཏོད་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོག་སླེབས་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ཐོག ཁྱད་ཆོས་མངོན་གསལ་དོད་པ་དང་། བྱེད་ནུས་ཆ་ཚང་བ། རྒྱལ་སྤྱིའི་ཚད་གཞི་ལྡན་པ། མཉམ་འདྲེས་གོང་འཕེལ་གཏོང་བ་བཅས་ནང་དོན་གཙོ་བོ་བྱེད་པའི“ཡུལ་སྐོར་ཁ་སྒྱུར་རིམ་སྤོར་ལས་གཞི”ལག་བསྟར་ཤུགས་ཆེ་བྱས་ཏེ་བོད་ལྗོངས་ཡུལ་སྐོར་གྱི་རིམ་སྤར་མ་དཔེ་གཏོད་རྒྱུ། ཐུན་མིན་ཁྱད་ཆོས་ལྡན་པའི་བོད་ཀྱི་རིག་གནས་དང་ས་མཐོའི་འབྱུང་ཁམས་གནས་ལྗོངས་ལ་དམིགས་ནས་ལྷ་སའི་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་ལྟེ་གནས་དང་། ཉིང་ཁྲིའི་འཛམ་གླིང་འབྱུང་ཁམས་ཡུལ་སྐོར་ཁུལ། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་ཁུལ། ཡར་ཀླུང་རིག་གནས་ཡུལ་སྐོར་ཁུལ། ཞང་ཞུང་རིག་གནས་ཡུལ་སྐོར་ཁུལ། བྱང་རྩྭ་ཐང་ཡུལ་སྐོར་ཁུལ། ཤམ་བྷ་ལ་ཆེ་མོའི་ཡུལ་སྐོར་མཉམ་ལས་ཁུལ། ཟན་ཀན་མཚོ་བོད་ཡུལ་སྐོར་མཉམ་ལས་ཁུལ། ཀྲུང་ནེའི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཚོད་ལྟ་ཁུལ་བཅས་གཏོད་རྒྱུར་ཤུགས་རྒྱག་རྒྱུ། ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་གང་མགྱོགས་ཀྱིས་སྤྱི་ཚོགས་ཀྱི་མ་དངུལ་ལ་བརྟེན་ནས་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱ་རྒྱུར་ཤུགས་རྒྱག་རྒྱུ། “ནང་འདྲེན་ཕྱིར་གཏོང”གི་དྲིལ་བསྒྲགས་བྲིན་འཚོང་བྱེད་སྒོ་མུ་མཐུད་སྤེལ་ནས་2015ལོའི་ཀྲུང་གོ་དང་རྒྱ་གར་གྱི་ཡུལ་སྐོར་ལོའི་བྱེད་སྒོ་སྤེལ་རྒྱུ་གྲ་སྒྲིག་འཆར་འགོད་གང་ལེགས་བྱ་རྒྱུ། ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་1700ལ་སྣེ་ལེན་ཞུས་ནས་9.5%འཕར་ཐུབ་པ་བྱས་ཐོག ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་240ཟིན་པ་དང་17%འཕར་ཐུབ་པ་བྱ་རྒྱུ། ཡུལ་སྐོར་ལས་རིགས་ཀྱིས་གཙོ་འདྲེན་བྱས་ཏེ་ཚོང་དོན་ཟོག་འགྲེམས་དང་། སྤྲོ་གསེང་རོལ་རྩེད། བཟའ་བཏུང་ཞག་སྡོད། ཆ་འཕྲིན་བློ་འདྲི། རིག་གནས་སོགས་ལས་རིགས་མགྱོགས་མྱུར་གོང་འཕེལ་ཡོང་རྒྱུར་སྐུལ་ཁྲིད་བྱས་ནས་ཡུལ་སྐོར་ལས་རིགས་ཀྱིས་ལྟེ་བ་བྱས་པའི་ཐོན་ལས་འཁོར་འབྲེལ་སྐྱོང་སྤེལ་ཡག་པོ་བྱ་རྒྱུ། ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཆབ་མདོ་བཅས་ཀྱི་རིག་གནས་འདུ་ཤེས་གསར་གཏོད་ཁུལ་གང་མགྱོགས་བཙུགས་ཤིང་། རྒྱལ་ཁབ་ཀྱི་བོད་དང་། ཆཱང་། དབྱི་བཅས་མི་རིགས་གསུམ་གྱི་རིག་གནས་ཐོན་ལས་བར་ཁྱམས་འཛུགས་རྒྱུར་སྐུལ་སྤེལ་བཏང་ནས་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་རྟགས་ལེགས་ཁག་གཅིག་གཏོད་ཐུབ་པ་བྱ་རྒྱུ། རྒན་གསོ་དང་། བདེ་ཐང་། ཁྱིམ་ལས་ཞབས་ཞུའི་ལས་རིགས་བཅས་གོང་འཕེལ་གཏོང་ཐབས་བཙལ་ནས་ཁྲོམ་རར་ཞུགས་འཐུས་དང་། ནོར་ཁྲལ་རིན་གོང་། མ་དངུལ་བསྡུ་གཏོང་། ཤེས་ལྡན་པ་སོགས་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་བཟོ་རྒྱུ་དམ་དོན་བྱ་རྒྱུ།

    (བཞི)མི་སེམས་གཅིག་ཏུ་སྒྲིལ་རྒྱུར་དམིགས་ནས་དམངས་འཚོ་ལེགས་བཅོས་གང་ཆེ་བྱ་རྒྱུ།

    10.སྤྱི་ཚོགས་བྱ་གཞག་སྔོན་ལ་གོང་འཕེལ་གཏོང་རྒྱུ། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་འགན་བབས་སློབ་གསོ་ཉམས་ཞན་ཡིན་པའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཡག་ཏུ་གཏོང་རྒྱུར་ཤུགས་རྒྱག་པ་དང་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་ཞོར་གཏོགས་ལས་གྲྭར་གཏོང་ཆ་མང་དུ་གཏོང་རྒྱུ། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྫོང་རིམ་པའི་ཁུལ་ཁོངས་སྨན་བཅོས་ལྟེ་གནས་དང་ཤང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་བྱེད་ནུས་འཛུགས་སྐྱོང་གང་མགྱོགས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁེབས་ཚད་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ། ས་མཐོའི་ཁྱད་ཆོས་ལྡན་པའི་ཁྱབ་ཁོངས་ནང་ཐོག་མའི་གསར་གཏོད་དང་། འདུས་གྲུབ་ཀྱི་གསར་གཏོད། མཉམ་སྡེབ་ཀྱི་གསར་གཏོད་བཅས་བྱ་རྒྱུར་ཤུགས་བརྒྱབ་ཐོག ཚན་རྩལ་གསར་གཏོད་མངོན་ཆེར་བཟུང་ནས་ཞིང་འབྲོག་ལས་གོང་འཕེལ་གཏོང་ནུས་ཆེ་རུ་གཏོང་རྒྱུར་འདེགས་སྐྱོར་བྱ་རྒྱུ་དང་། དམངས་འཚོ་ཚན་རྩལ་ཡར་རྒྱས་ཡོང་བར་སྐུལ་སྤེལ་གཏོང་རྒྱུ། ས་གནས(གྲོང་ཁྱེར)ཀྱི་དཔེ་མཛོད་ཁང་དང་། རྟེན་རྫས་བཤམས་སྟོན་ཁང་། མང་ཚོགས་སྒྱུ་རྩལ་ཁང་སོགས་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱས་ཏེ་རང་སྐྱོང་ལྗོངས་རིམ་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ(རྣམ་གྲངས)སྐྲུན་རྒྱུའི་ལས་འགོ་བཙུགས་ནས་བོད་དང་ནང་སའི་དབར་རིག་གནས་སྤེལ་རེས་དང་འབྲེལ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་ཆེད་གླུ་གར་འཁྲབ་སྟོན་ལེ་ཚན་ཁག་གཅིག་བརྩམས་ནས་རིག་གནས་ཀྱི་སྣང་ཚུལ་བཟང་པོ་གཏོད་རྒྱུ། གསར་འགྱུར་དང་། དཔེ་སྐྲུན། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་བཅས་ཀྱི་ལེ་ཚན་བཟོ་འདོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རླུང་འཕྲིན་བརྙན་འཕྲིན་མི་མགོར་ཁེབས་ཚད་94.9%དང་96.03%ཟིན་ཐུབ་པ་བྱ་རྒྱུ།

    11.འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ། འབྱོར་སྟོབས་70%ཡན་དམངས་འཚོའི་ཐོག་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞིང་། དེའི་ནང་གཏོང་ཆ་སྒོར་དུང་ཕྱུར་86བཏང་ནས་ཕྱོགས་10ཡི་རྣམ་གྲངས་26གི་ཚད་གཞི་དང་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱ་རྒྱུ། མུ་མཐུད་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དེ་ལས་ཞུགས་ལས་དོན་གྱི་གལ་ཆེའི་ནང་གི་གཙོ་ཆེར་བརྩིས་ཏེ་ལས་ཞུགས་དང་ལས་ལམ་གཏོད་རྒྱ་ཆེ་རུ་གཏོང་རྒྱུ་དང་། རང་བརྟེན་ལས་འཚོལ་བྱ་རྒྱུར་སྐུལ་མ་བཏང་ནས་ལས་ཞུགས་མི་གྲངས་ཁྲི་4.6མང་དུ་འགྲོ་བ་དང་། གྲོང་ཁྱེར་དུ་བརྟག་དཔྱད་བྱས་པའི་ལས་ཤོར་བྱེད་ཚད་2.5%ནང་ཚུད་དུ་ཚོད་འཛིན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཁ་སྒྱུར་བྱ་རྒྱུ་རྒྱུན་འཁྱོངས་དང་ཐག་ཉེ་ས་དང་རིང་ས། དེ་བཞིན་རང་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱ་རྒྱུ་གསུམ་ཟུང་འབྲེལ་བྱ་རྒྱུར་རོགས་སྐྱོར་བྱས་ནས་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་100ལས་ཞུགས་ཁ་སྒྱུར་ཐུབ་པ་དང་ངལ་ལས་ཡོང་འབབ་སྒོར་དུང་ཕྱུར་20ཡན་གཏན་འཇགས་ཐུབ་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དཀའ་ངལ་ཡོད་པའི་མི་རྣམས་རོགས་སྐྱོར་བྱ་ཡུལ་གཙོ་གནད་དུ་བཟུང་ནས“ལས་ཞུགས་པ་མེད་པའི”ཁྱིམ་ཚང་སོགས་དཀའ་ངལ་ཡོད་པའི་རིགས་གྲས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་3000མང་དུ་འགྲོ་ཐུབ་པ་བྱ་རྒྱུ། རྒན་གསོ་དང་། སྨན་བཅོས། ལས་རྨས། སྐྱེ་གསོ། ལས་ཤོར་སོགས་སྤྱི་ཚོགས་འགན་བཅོལ་ཁེབས་རྒྱ་སྔར་ལས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་འགན་སྲུང་ཆུ་ཚད་མཐོ་རུ་འགྲོ་ཐུབ་པ་བྱ་རྒྱུ། ངལ་རྩོལ་གྱི་འབྲེལ་བ་མཐུན་སྦྱོར་ལམ་སྲོལ་དང་། ངལ་རྩོལ་མི་དོན་རྩོད་གཞི་འདུམ་གཅོད་ལམ་སྲོལ། ངལ་རྩོལ་འགན་སྲུང་ལྟ་ཞིབ་ལམ་སྲོལ་བཅས་ཚགས་ཚུད་དང་འཐུས་སྒོ་ཚང་དུ་བཏང་ནས་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་བཙུགས་ཐོག་ངལ་རྩོལ་པ་དང་མི་བཀོལ་སྤྱོད་བྱེད་མཁན་ཚན་པ་ཕྱོགས་གཉིས་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ། ཤེས་ལྡན་མི་སྣའི་ལས་ཀའི་ལམ་སྲོལ་ཚགས་ཚུད་དུ་གཏོང་བ་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པའི་དཔུང་ཁག་དང་རྩལ་ནུས་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱ་རྒྱུ། རྫོང་མན་གྱི་ལས་ཤག་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་གྲོང་གསེབ་ཀྱི་ལས་བྱེད་ལས་བཟོའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཤུགས་ཆེ་བྱ་རྒྱུ།

    12.རོགས་སྐྱོབ་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་། སྨན་བཅོས་རོགས་སྐྱོབ། སྐབས་འཕྲལ་རོགས་སྐྱོབ་བཅས་ཀྱི་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྒན་གསོའི་ཞབས་ཞུའི་མ་ལག་གཞི་རྩའི་ཆར་བཙུགས་ཤིང་། འགན་ལེན་ལྔའི་ཁྱིམ་ཚང་གཅིག་སྡུད་ཐོག་འཚོ་སྐྱོང་བྱེད་པའི་ཚན་པ་ཁག་63ཕྱོགས་ཡོངས་ནས་བཙུགས་ཐུབ་པ་བྱས་ནས་ལྗོངས་ཡོངས་སུ་འགན་ལེན་ལྔའི་གཅིག་སྡུད་འཚོ་སྐྱོང་བྱེད་འདོད་ཡོད་པ་འཚོ་སྐྱོང་བྱེད་ཚད་100%ཟིན་ཐུབ་པ་བྱ་རྒྱུ་དང་། བྱིས་པའི་ཕན་བདེའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཐོག ས་གནས(གྲོང་ཁྱེར)རིམ་པའི་བྱིས་པའི་ཕན་བདེ་ཁང་9ཕྱོགས་ཡོངས་ནས་བཙུགས་ཐུབ་པ་བྱས་ནས་ལྗོངས་ཡོངས་ཀྱི་དྭ་ཕྲུག་གཅིག་སྡུད་ཉར་གསོ་བྱེད་ཚད་100%ཟིན་ཐུབ་པ་བྱ་རྒྱུ། གནོད་འཚེའི་རོགས་སྐྱོབ་མ་ལག་འཛུགས་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ཐོག་ལྷ་སའི་ཀྲུང་དབྱང་རིམ་པའི་གེགས་སེལ་དངོས་ཟོག་གྲབས་གསོག་མཛོད་ཁང་སྐྲུན་རྒྱུ་དང་ཤང་དང་གྲོང་རྡལ་གྱི་གེགས་སེལ་དངོས་ཟོག་གྲབས་གསོག་མཛོད་ཁང་55སྐྲུན་ཐུབ་པ་བྱ་རྒྱུ། གནོད་འགོག་གེགས་སེལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གེགས་སེལ་གྱི་སྔོན་དཔག་སྔོན་བརྡ་དང་། འཕྲལ་སྡོམ་དང་ལེན། གནོད་འཚེ་ཇི་ཡོང་ཚོད་སྐོར་སོགས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་ཚོའི(གྲོང་ལྷན)རྨང་གཞིའི་གཞི་གྲངས་ཐོ་མཛོད་བཟོ་རྒྱུ། འགྲམ་འགག་སྒོ་དང་ཆབ་མདོ་གྲོང་ཁྱེར་གྱི་ས་གཤིས་གནོད་འཚེ་འགོག་བཅོས་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་དང་དེར་བརྟེན་ནས་གཟིགས་སྐྱོང་བཀོད་སྒྲིག་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་གཟིགས་སྐྱོང་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཏན་ཏིག་བྱ་རྒྱུ།

    13.བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུ། བདེ་འཇགས་ཐོན་སྐྱེད་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་གཞི་རྩའི“མཐའ་ཚད”དང་“ཚད་བཀག”ཏུ་ཏན་ཏིག་བཟུང་ནས“ཏང་སྲིད་འགན་འཁྲི་མཉམ་ཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། མཉམ་འཛིན་སྤྱི་སྒྲུབ”བཅས་ཀྱི་འགན་འཁྲིའི་མ་ལག་འཛུགས་པ་དང་ཚགས་ཚུད་དུ་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ཚགས་ཚུད་དུ་བཏང་ནས་ཁྲིམས་བཞིན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ། ཉེན་ཆེའི་ལས་རིགས(ཁྱབ་ཁོངས)གཙོ་གནད་དུ་བཟུང་ནས་རིགས་མི་འདྲ་བའི་ཁྲིམས་འགལ་གྱི་ཐོན་སྐྱེད་ལས་གཉེར་བྱེད་པར་རྡུང་རྡེག་གཏོང་བའི་བྱེད་སྒོ་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་ནས་རྒྱ་ལམ་འགྲིམ་འགྲུལ་དང་། གཏེར་རི། ཉེན་ཆེའི་རྫས་འགྱུར་དངོས་རྫས། བཟོ་སྐྲུན་ཨར་ལས་སོགས་གཙོ་གནད་ལས་རིགས(ཁྱབ་ཁོངས)ལ་བདེ་འཇགས་ཐད་ཀྱི་ཆེད་དམིགས་བཅོས་སྒྲིག་བྱས་ཐོག ཚབས་ཆེའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་མི་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ་རིགས་འདྲ་མིན་གྱི་བདེ་འཇགས་ལས་འཛོལ་ཐོན་ཚད་དང་མི་ཤི་ཚད“གཉིས་ཀ་ཆག”ཐུབ་པ་བྱ་རྒྱུ།

    (ལྔ)གསོན་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱ་རྒྱུ།

    14.གཙོ་གནད་ཁྱབ་ཁོངས་བསྒྱུར་བཅོས་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ། སྲིད་འཛིན་ཞིབ་མཆན་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྔར་བས་སྐུལ་སྤེལ་བཏང་ནས་སྲིད་འཛིན་གྱི་འགན་དབང་དང་ཞིབ་མཆན་དོན་གནད་མེད་པ་བཟོ་བ་དང་གཤམ་སྤྲོད་གང་མགྱོགས་བྱས་ཐོག ཁྲོམ་ར་དང་གཞི་རིམ་དུ་དབང་ཆ་གང་འཚམ་སྤྲད་ནས་བྱ་བ་སྒྲུབ་རིང་དང་སྒྲུབ་ཚར་རྗེས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུ། ཞིང་འབྲོག་ཁུལ་གྱི་བསྒྱུར་བཅོས་ཚོད་ལྟའི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱ་རྒྱུ་མ་ཟད་ཁྱབ་གདལ་བཏང་ནས“ཡུན་རིང་མི་འགྱུར་བ་གསུམ”རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་འོག རྨོ་ཞིང་དང་རྩྭ་ར་འགན་གཙང་གཉེར་སྐྱོང་བྱེད་དབང་བརྒྱུད་བཤུག་བྱ་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱས་ནས་འགན་དབང་དང་གཏོང་སྒོའི་འགན་འཁྲི་འཚམ་མཐུན་ཡོང་བར་སྐུལ་སྤེལ་གཏོང་རྒྱུ། ཆེད་སྤྱོད་མ་དངུལ་སྒྱུར་སྤྲོད་གཙང་སེལ་སྒྲིལ་སྤྱོད་བྱས་ཏེ་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་ཀྱི་བསྡུར་ཚད་མཐོ་རུ་གཏོང་བ་དང་། ས་ཁད་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ་དང་། ཐག་རིང་ལུང་ཁུག་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ལ་མ་དངུལ་སྒྱུར་སྤྲོད་བྱེད་མང་དུ་གཏོང་རྒྱུ། ལས་ཁྲལ་ནས་འཕར་ཁྲལ་དུ་སྒྱུར་བ་སོགས་ཁྲལ་དོན་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུ། གཞུང་ཁོངས་ཁེ་ལས་སྒྲིལ་བཅོས་བསྐྱར་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱི་བསྒྱུར་བཅོས་བསྐྱར་སྒྲིག་ནང་སྣེ་མང་དབང་བའི་ལམ་ལུགས་ཀྱི་ཁེ་ལས་ཞུགས་རྒྱུ་འདྲེན་འགུག་བྱ་རྒྱུ། འགྲིམ་འགྲུལ་ཐད་མ་དངུལ་བསྡུ་གཏོང་གིས་འཁོར་རྒྱུག་བྱེད་པའི་དཔེ་རྣམ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ། མ་འཇོག་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་བཏང་ནས་བཀག་རྒྱ་གསལ་ཐོའི་ལམ་ལུགས་འཛུགས་རྒྱུ་དང་འཚོལ་ཞིབ་བྱ་རྒྱུ། ཚོང་དོན་ལམ་ལུགས་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་བྱ་རྒྱུ། ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་རིན་གོང་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ། ཐོན་ཁུངས་གསར་སྤེལ་གྱི་ཁེ་འབབ་ཐོག་ནས་གསབ་འཇལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཁག་བརྟན་པོའི་ངང་སྐུལ་སྤེལ་གཏོང་རྒྱུ།

    15.སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་གནས་བབ་གསར་པ་གཏོད་རྒྱུ། མཐའ་རྒྱུད་ས་ཁུལ་གསར་སྤེལ་སྒོ་མོ་དབྱེ་བའི་རྒྱལ་ཁབ་ཀྱི་འཆར་འགོད་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཧི་མ་ལ་ཡའི་མཐའ་འཁོར་གྱི་དཔལ་འབྱོར་དར་ཁུལ་ཧུར་ཐག་གཏོད་རྒྱུ། སྐྱིད་རོང་འགག་སྒོའི་ས་མཚམས་འགྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་མོ་འབྱེད་པའི་བགྲོད་ལམ་ཆེན་པོ་གཏོད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། རྒྱལ་ཁབ་ངོས་ནས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ནེ་པ་ལ་དང་འཐབ་ཇུས་ཐོག་གི་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཐུབ་པ་བྱས་ཐོག བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སིས་རྒྱལ་སྤྱིའི་མཁའ་འགྲུལ་ལས་སྒོ་རྒྱ་སྐྱེད་གཏོད་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་བ་དང་། གཞིས་རྩེ་ནས་སྐྱིད་རོང་བར་གྱི་ལྕགས་ལམ་བཟོ་རྒྱུའི་སྔོན་གྲབས་ལག་ལེན་བསྟར་འཐུས་ཀྱི་ཞིབ་འཇུག་ལས་དོན་མགྱོགས་མྱུར་སྤེལ་འགོ་འཛུགས་རྒྱུ། ཡོ་རོབ་དང་མེ་གླིང་གི་ཡུལ་སྐོར་བ་བོད་དུ་ཡོང་བའི་བགྲོད་ལམ་གསར་པ་གཏོད་རྒྱུ། སྐབས་གཉིས་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་ཇུས་འགོད་དང་གྲ་སྒྲིག་ཞིབ་ཚགས་བྱ་རྒྱུ། ཚོང་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་ཆེ་རུ་བཏང་ནས་གན་རྒྱ་བཞིན་ཁ་ཆད་ལག་བསྟར་བྱེད་ཚད་དང་། རྣམ་གྲངས་ཀྱི་ལས་འགོ་འཛུགས་ཚད། མ་དངུལ་དོན་འཁྱོལ་ཐུབ་ཚད་བཅས་མཐོ་རུ་ཏན་ཏིག་བཏང་ནས་ཚོང་དང་མ་རྩ་འདྲེན་འགུགས་བྱ་རྒྱུའི་ཐད་15%ཡན་འཕར་ཐུབ་པ་བྱ་རྒྱུ། “ལྷུག་གློད་ལྔ་དང་རྒྱབ་སྐྱོར་དྲུག”གི་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་གསོན་ཤུགས་དང་གསར་གཏོད་བྱེད་ནུས་ཆེ་རུ་འགྲོ་ཐུབ་པ་བྱས་ཏེ་ཁྲོམ་ར་གྲ་རྒྱས་སུ་གཏོང་བ་དང་། ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ། ཁྲལ་བབ་མང་དུ་གཏོང་བ་བཅས་ཀྱི་ཁྲོད་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ། ཀྲུང་དབྱང་གིས་ག་སྦྱར་བོད་སྐྱོར་ལས་དོན་སྤེལ་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་དཔལ་འབྱོར་དང་། སློབ་གསོ། ལས་ཞུགས། ལས་བྱེད་དང་ཤེས་ལྡན་པ། ཐོན་ལས་བཅས་ཀྱི་ཐད་ནས་བོད་སྐྱོར་བྱ་རྒྱུ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་སྟེ་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)དང་སྤེལ་རེས་མཉམ་ལས་བྱེད་པའི་བང་རིམ་མཐོ་རུ་གཏོང་རྒྱུ། མཚོ་བོད་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་སྤེལ་བཏང་ནས་ཟན་ཤིའི་དང་། ཀན་སུའུ། ཉིང་ཞ། མཚོ་སྔོན་བཅས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་དུ་མཉམ་འདྲེས་ཐུབ་པ་བྱ་རྒྱུ་དང་། དེས་མ་ཚད“དར་གོས་འདྲེན་ལམ་གྱི་དཔལ་འབྱོར་དར་ཁུལ”ནང་མཉམ་འདྲེས་ཐུབ་པ་བྱ་རྒྱུ།

    (དྲུག) མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་རྒྱུར་དམིགས་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ།

    16.འབྱུང་ཁམས་དཔལ་ཡོན་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཁོར་ཡུག་གི་ནུས་པ་ཐོན་ཁུལ་དབྱེ་འབྱེད་དང་འབྱུང་ཁམས་སྲུང་སྐྱོབ་དམར་ཐིག་དབྱེ་འབྱེད་ཀྱི་ལས་དོན་ལེགས་སྒྲུབ་བྱ་རྒྱུ། ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁོར་ཡུག་ལ་ཁྲིམས་སྒྱུར་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འདེད་ལམ་ལུགས་དོན་འཁྱོལ་བྱས་ནས་འབྱུང་ཁམས་གཏོར་བཤིག་དང་། ཁོར་ཡུག་ལ་བཙོག་སྐྱོན། ཐོན་ཁུངས་འཕྲོ་བརླག་བཅས་གཏོང་རིགས་བཀག་སྡོམ་ནན་པོ་བྱ་རྒྱུ། འབྱུང་ཁམས་ཁོར་ཡུག་ལས་བྱུང་བའི་ལྡོག་ཕྱོགས་ཀྱི་གསལ་ཐོ་བཟོ་འདོན་བྱ་རྒྱུ་འཚོལ་ཞིབ་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ལ་དཔྱད་ཞིབ་བྱ་རྒྱུ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་ཐོག ཁོར་ཡུག་སྲུང་སྐྱོབ་དང་ནོར་སྲིད་ཀྱི་མ་དངུལ་སྒྱུར་སྤྲོད་བྱ་རྒྱུ་ག་སྦྱར་གཏོང་བའི་བྱ་དགའ་ཆད་གཅོད་ལམ་སྲོལ་དོན་འཁྱོལ་ནན་པོ་བྱ་རྒྱུ། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུགས་ཁུལ་གྱི་ནགས་བཟོ་སྔོ་སྒྱུར་ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་ལྷ་གཞིས་ལྕགས་ལམ་རྒྱུད་ཀྱི་སྔོ་སྒྱུར་འཚམ་སར་སྔོ་སྒྱུར་ལས་གཞི་སྤེལ་ཏེ་ཤིང་འཛུགས་ནགས་བཟོ་དང་རི་རྒྱ་བསྡམས་ནས་ནགས་གསོ་མུའུ་ཁྲི་110ཡན་བྱས་ཏེ་གསོན་ཚད་85%ཡན་ཟིན་ཐུབ་པ་བྱ་རྒྱུ། ལྷ་ཀླུ་གཤེར་སའི་དུས་ཁག་གསུམ་པའི་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱ་རྒྱུ། ཆུའི་འབྱུང་ཁམས་སྐྱོང་གསབ་ཀྱི་ཚོད་ལྟའི་ལས་དོན་སྤེལ་བ་དང་རྩྭ་ཐང་སྲུང་སྐྱོབ་ཀྱི་བྱ་དགའ་སྤྲོད་པའི་ལམ་ལུགས་དང་ནགས་ཚལ་འབྱུང་ཁམས་ཀྱི་ཕན་འབྲས་སྐྱོང་གསབ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་ནུས་ལྡན་བྱ་རྒྱུར་མཐུན་སྦྱོར་ངང་སྐུལ་སྤེལ་གཏོང་རྒྱུ། ཉིང་ཁྲི་དང་ལྷོ་ཁའི་རྒྱལ་ཁབ་འབྱུང་ཁམས་དཔལ་ཡོན་གྱི་སྔོན་སྤེལ་དཔེ་སྟོན་ཁུལ་སྐྲུན་རྒྱུའི་ལས་དོན་གང་མགྱོགས་སྤེལ་ནས་འཁོར་འབྲེལ་དཔལ་འབྱོར་གྱི་དཔེ་སྟོན་ཚན་པ་འཛུགས་སྐྱོང་བྱ་རྒྱུ། རྨོ་ཞིང་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ“དམར་ཐིག”དབྱེ་མཚམས་ནན་པོ་བཅད་དེ་རྨོ་ཞིང་གི་དམར་ཐིག་དང་། རྒྱུན་འཇགས་ཀྱི་གཞི་རྩའི་ས་ཞིང་། གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུར་སྤྱོད་པའི་ས་ཆ་གསར་སྤེལ་བྱེད་པའི་ས་མཚམས་དང་འབྱུང་ཁམས་དམར་ཐིག་བཅས་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་ནང་འཇུག་ཐུབ་པ་བྱ་རྒྱུ།

    17.ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཁོར་ཡུག་འཕྲོད་འཐུས་ཀྱི་དོ་དམ་ནན་པོ་བྱས་ཏེ་འབྱུང་ཁམས་ཁོར་ཡུག་གི་འགག་སྒོ་དང་། ཐོན་ལས་སྲིད་ཇུས་ཀྱི་འགག་སྒོ ཐོན་ཁུངས་ཟས་གྲོན་གྱི་འགག་སྒོ་བཅས་ནན་བསྲུངས་ཐོག“མཐོ་གསུམ”ཡིན་པའི་ཁེ་ལས་དང་རྣམ་གྲངས་རིགས་རང་ལྗོངས་སུ་ལས་སྒོ་གཉེར་རྒྱུར་ནན་འགོག་བྱ་རྒྱུ། ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་གཏེར་རྫས་དང་། ཆུ་ནུས། འགྲིམ་འགྲུལ་སོགས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་གནོད་གཞི་བཟོ་མིན་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་གྲོང་རྡལ་གཙོ་གྲས་དང་གླིང་ཁུལ་ཁག་གི་བཙོག་ཆུ་གཙང་སིང་བཟོ་གྲྭ་དང་། རྫོང་གྲོང་དང་ཤང་(གྲོང་རྡལ)གི་འཚོ་བའི་གད་སྙིགས་སྦས་ས། བརྒྱུད་འདྲེན་ས་ཚུགས་བཅས་སྐྲུན་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ། སྔོན་ཐོན་ནུས་རྒྱུ་བསྲི་ཚགས་ཀྱི་ལག་རྩལ་དང་ནུས་རྒྱུ་བསྲི་ཚགས་ཀྱི་རྒྱུ་ཆ་ཁྱབ་གདལ་བེད་སྤྱོད་ཧུར་ཐག་བཏང་སྟེ་འབྱུང་འཕྲོད་བཟོ་སྐྲུན་ཇུས་གཞི་ལག་བསྟར་བྱས་ནས་ཉི་ནུས་དང་། རླུང་ནུས། ས་འོག་ཚ་ནུས། རྫབ་རླངས་སོགས་ཀྱི་ནུས་རྒྱུ་བེད་སྤྱོད་བྱ་རྒྱུ་དང་ཨར་སྐྲུན་གཞི་གཅིག་ཅན་དུ་འགྱུར་རྒྱུའི་ཚན་ཞིབ་དང་། གསར་སྤེལ། འཛུགས་སྐྲུན་བཅས་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། (བདུན)ཕུགས་རིང་གི་གོང་འཕེལ་ལ་དམིགས་ཏེ“ལོ་ལྔ་ཚན་བཅུ་གསུམ་པ”ཇུས་འགོད་ཡག་པོ་བྱ་རྒྱུ།

    18.“ ལོ་ལྔ་ཚན་བཅོ་གསུམ་པའི”འཆར་འགོད་ཡག་པོ་བཟོ་རྒྱུ། དམིགས་ཚད་དང་གནད་དོན་འཛིན་ཕྱོགས་རྒྱུན་འཁྱོངས་ཀྱིས་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་། གོང་འཕེལ་གཏོང་བའི་ཆ་རྐྱེན་སྐྱོ་བ། འབྱུང་ཁམས་ཁོར་ཡུག་གཉོད་ཆུང་བ། དཔལ་འབྱོར་གྱི་སྤྱི་འབོར་ཉུང་བ། ཤང་གྲོང་དང་ཁུལ་ཁོངས་དབར་གྱི་གོང་འཕེལ་དོ་སྙོམས་མེད་པ། གོང་འཕེལ་གཏོང་རྒྱུའི་ཐད་ནང་ས་དང་ཧེ་བག་ཆེ་བ། དམིགས་བསལ་འགལ་ཟླ་མངོན་གསལ་ཆེ་བ་བཅས་ཀྱི་གཞི་རྩའི་རང་ལྗོངས་ཀྱི་གནས་ཚུལ་དང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་དམིགས་ཏེ་བསྒྱུར་བཅོས་ཀྱི་སྙིང་སྟོབས་དང་། སྒོ་དབྱེའི་བསམ་པ། གསར་གཏོད་ཀྱི་བསམ་གཞི་བཅས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་བཟོ་སྒྲིག་ཡག་པོ་བྱ་རྒྱུ། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་ལ་སྙན་སེང་ཞུ་བ་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞི་བཟོ་འགོད་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་ཡོང་རེ་ཞུས་ཐོག ཀྲུང་དབྱང་ནས་རྒྱབ་སྐྱོར་དང་མ་འཇོག་དེ་བས་མང་བ་རགས་ཐབས་བྱ་རྒྱུ།

    19.ཀྲུང་དབྱང་བརྟག་ཞིབ་ཚོགས་ཆུང་གི་འབྲེལ་ཡོད་ལས་དོན་ལ་གཞོགས་འདེགས་ཡག་པོ་བྱ་རྒྱུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་ཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་ཐོབ་པའི་གྲུབ་འབྲས་གཙོ་བོ་དང་གསོག་འཇོག་བྱས་པའི་གཞི་རྩའི་ཉམས་མྱོང་། དེ་བཞིན་ལྷག་བསྡད་པའི་བར་ཁྱད་དང་དཀའ་ངལ་རིགས་ཕྱོགས་བསྡོམས་ནན་ཏན་བྱ་རྒྱུ་དང་། ཀྲུང་དབྱང་བརྟག་ཞིབ་ཚོགས་ཆུང་གིས་ལས་དོན་ཁག་སྤེལ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ནས་དུས་ཐོག་དང་གནད་འཕིགས་ངང་ཀྲུང་དབྱང་བརྟག་ཞིབ་ཚོགས་ཆུང་ལ་འབྲེལ་ཡོད་གཞི་གྲངས་དང་དཔྱད་ཡིག་སོགས་མཁོ་འདོན་བྱ་རྒྱུ། ཀྲུང་དབྱང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ལ་རྒྱབ་སྐྱོར་ཞུ་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་རོགས་སྐྱོར་བྱ་ཐབས་ཁག་ཞིབ་འཇུག་དང་དབྱེ་གསེད་ནན་ཏན་བྱ་རྒྱུ། (བརྒྱད) མཐུན་སྒྲིལ་ཞི་མཐུན་ལ་དམིགས་ནས་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ།

    20.ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་གཏོད་རྒྱུ། “དོན་ཆེན་གཉིས”མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ལ། ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་ཞིག་ཀྱང་གཏོད་པས་གོང་འཕེལ་དང་བརྟན་ལྷིང་མཉམ་དུ་དམ་འཛིན་དང་། ཐུན་མོང་ཐོག་སྲ་བརྟན། ཕན་ཚུན་སྐུལ་འདེད་བཅས་ཐུབ་པ་བྱ་རྒྱུ། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་ཡག་པོ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་རབ་དང་རིམ་པ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུ”རྒྱུན་འཁྱོངས་བྱས་ཏེ“གནས་གཅིག་འགན་གཉིས”དོན་འཁྱོལ་བྱས་ནས་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། “གཉིས་ལྡན་དུད་སྦྲེལ”གྱི་དཔྱད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། དགོན་སྡེའི་དོ་དམ་གསར་གཏོད་བྱེད་པ། གྲོང་ཁྱེར་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱས་ཏེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཆེ་མོར་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་རྒྱུ།

    འཐུས་མི་རྣམ་པ། 2015ལོ་ནི་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་ལོ་ཞིག་ཡིན་པས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། ང་ཚོས་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྙིང་རུས་ཡར་བརྩོན་བྱེད་པ་དང་གསར་གཏོད་བྱེད་ཕོད་པ་བྱས་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལག་བསྟར་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་སྟེ་རང་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་སྤེལ་ཤུགས་ཆེ་བཏང་ནས་ལོ་འཁོར་གྱི་དམིགས་ཚད་ཁག་ཡོངས་སུ་ལེགས་གྲུབ་ཐུབ་པ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།