སྲིད་གཞུང་གི་ལས་དོན་སྙན་སྒྲོན།
སྲིད་གཞུང་གི་ལས་དོན་སྙན་སྒྲོན།
2015ལོའི་ཟླ་དང་པོའི་ཚེས་18ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། བློ་བཟང་རྒྱལ་མཚན།
འཐུས་མི་རྣམ་པ།
ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།
2014ལོའི་ལས་ཀར་ཕྱི་མིག་ལྟ་བ།
2014ལོ་ནི་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་འགོ་ཚུགས་ལོ་ཞིག་ཡིན་ལ“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་དགོས་པའི”གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང“བོད་ལྗོངས་འདི་ཉིད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བར་འབད་བརྩོན་བྱེད་དགོས་པའི”གལ་ཆེའི་མཛུབ་སྟོན་བཅས་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“བོད་ལྗོངས་ཁྲིམས་བཞིན་སྐྱོང་དགོས་པ་དང་། བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པ། མི་སེམས་འགུག་ཐབས་བྱེད་དགོས་པ། རྨང་གཞི་སྲ་བརྟན་དུ་གཏོང་དགོས་པའི”གལ་ཆེའི་རྩ་དོན་ལག་བསྟར་དོན་འཁྱོལ། སྒྱུར་འཕེལ་བརྟན་གསུམ་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་བརྟན་པོའི་ཐོག་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་རང་འགུལ་ངང་དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པ་དང་མཐུན་ཐབས་བྱེད་པ་དང་། ཞིང་འབྲོག་ལས་དང་རྨང་གཞིའི་སྒྲིག་བཀོད་སྐྱོང་རྒྱུའི་རྨང་གཞི་གཉིས་སྲ་བརྟན་དུ་གཏོང་བ། ཁྱད་ལྡན་ཐོན་ལས་དང་འབྱུང་ཁམས་ཤེས་དཔལ་ལྡན་པར་འཛུགས་སྐྱོང་བྱ་རྒྱུའི་གཙོ་གནད་གཉིས་མངོན་ཆེར་འཛིན་པ། དམངས་འཚོ་ལེགས་བཅོས་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་པའི་འགན་སྲུང་གཉིས་ལ་ཤུགས་སྣོན་རྒྱག་པ། བསྒྱུར་བཅོས་སྒོ་དབྱེ་དང་ག་སྦྱར་རོགས་སྐྱོར་བྱེད་པའི་སྒུལ་ཤུགས་གཉིས་སྐུལ་སློང་བྱེད་པ། ཚན་རྩལ་དང་ཤེས་ལྡན་པའི་འདེགས་སྐྱོར་གཉིས་ཤུགས་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་རྨང་རྩ་གཉིས་སྲ་བརྟན་དུ་གཏོང་བ་བཅས“འཛིན་ཐབས་ཆ་དྲུག”ལ་དམིགས་པ་དང་། དམངས་འཚོ་སྔོན་སྒྲུབ་དང་། ཁྲོམ་རས་སྐུལ་འདེད། རྣམ་གྲངས་ཀྱིས་སྐུལ་ཁྲིད། དངུལ་རྩས་འདེགས་སྐུལ། གསར་གཏོད་ཀྱིས་སྐུལ་འདེད། ཁོར་ཡུག་གིས་སྐུལ་སྐྱོང་བཅས་བྱེད་པའི“བྱ་ཐབས་དྲུག”ཤུགས་ཆེ་རུ་གཏོང་བ། ཞི་མཐུན་བརྟན་ལྷིང་དང་། འབྱུང་ཁམས་སྲུང་སྐྱོབ། བདེ་འཇགས་ཐོན་སྐྱེད་བཅས་ཀྱི“མཐའ་ཚད་གསུམ”མཐའ་གཅིག་ཏུ་དམ་བཟུང་བཅས་བྱས་ནས། འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག བསྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ། བརྟན་ལྷིང་འགན་སྲུང་བཅས་ཐུབ་པ་དང་། ནུས་ཤུགས་ཡོད་རྒུས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་བཏང་སྟེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གཏན་འཁེལ་གནང་བའི་ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད།
སྔོན་དཔག་ལྟར་ན་2014ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་925ཟིན་པ་དེ་12%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་1100ཟིན་པ་དེ་19.8%འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་323.6ཟིན་པ་དེ་12.9%འཕར་བ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་124ཟིན་པ་དེ་30.8%འཕར་བ། ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་174.1ལེགས་སྒྲུབ་བྱུང་བ་དེ་17.8%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་7471ཟིན་པ་དེ་14%འཕར་བ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་22026ཟིན་པ་དེ་8%འཕར་བ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་ལ་འཁོད་ཚད་2.5%ནང་ཚུད་དུ་ཚོད་འཛིན་ཐུབ་པ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ནང་ཚུད་དུ་ཚོད་འཛིན་ཐུབ་པ་བཅས་བྱུང་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་སྤྱི་འབོར། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་བཅས་ཀྱི་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
ལོ་གཅིག་རིང་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཆག་བཟོའི་དཀའ་ངལ་ཆེ་རུ་འགྲོ་བའི་གནས་ཚུལ་འོག ང་ཚོས་རང་འགུལ་ངང་ལས་ཀ་བྱེད་པ་དང་། གནད་འཕིགས་ངང་སྐུལ་འདེད་གཏོང་བ། སྟངས་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ། བྱ་ཐབས་ཚགས་ཚུད་དུ་གཏོང་བ་བཅས་བྱས་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་མྱུར་འཕེལ་དང་། མ་འཇོག་ཤུགས་ཆེ་བ། སྤུས་ཚད་ཀྱི་ཕན་འབྲས་བཟང་བ། འདེགས་སྐྱོར་གྱི་ནུས་པ་ཆེ་བ། དམངས་འཚོ་ལེགས་བཅོས་དངོས་འབྲེལ་བྱུང་བ། འབྱུང་ཁམས་ཁོར་ཡུག་བཟང་སྐྱོང་ཐུབ་པ། སྤྱི་ཚོགས་དུས་བབ་བརྟན་ལྷིང་བཅས་བྱུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འཕེལ་རིམ་ནང་སྲ་ཞིང་བརྟན་པའི་གོམ་པ་གསར་པ་སྤོས་ཡོད།
གཅིག “ཞིང་གསུམ”གྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ནས་འཕར་མགྱོགས་པོ་བྱུང་བ།
ཞིང་དར་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་སྒོར་དུང་ཕྱུར་168ཟིན་པ་དང་6.5%འཕར་བ། ཞིང་འབྲོག་ལས་ལ་བསྐྱར་དུ་ལོ་ལེགས་བྱུང་བ། ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་98.5ཟིན་པ་དེས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད། “བོད་ནས་2000རྟགས་ཅན”སོགས་ཀྱི་འབྲུ་སྣ་གསར་པ་མུའུ་ཁྲི་56ཁྱབ་གདལ་བཏང་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་8.7འཛུགས་སྐྲུན་བྱས་ཡོད། བ་གླང་རྒྱུད་བཟང་མགོ་གྲངས་ཁྲི་16.5མང་དུ་སོང་ཡོད། ཞིང་འབྲོག་མང་ཚོགས་ཀྱི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་འཕར་མགྱོགས་སུ་མངོན་གསལ་དོད་པོ་སོང་ཞིང་དེས་ལག་ཐོག་ཡོང་འབབ་ཀྱི་བཞི་ཆ་གཅིག་བཟུང་ཡོད། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་གཉེར་དཔལ་འབྱོར་རྩ་འཛུགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཆེན་པོ་བྱུང་ནས་རྩ་འཛུགས་ཁག་2937ཟིན་པ་དེ་55%འཕར་བ་དང་། ཕྱོགས་ཡོངས་ནས་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཁག་353འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། དབུལ་སྐྱོར་འགག་སྒྲོལ་ལག་བསྟར་ཤུགས་ཆེ་བྱས་པས་དབུལ་ཕོངས་མི་འབོར་ཁྲི་13ཉུང་དུ་སོང་ཡོད། གྲོང་གསེབ་ཀྱི་དུད་ཚང་ཁྲི་6.3གྱི་ཉེན་ཆེའི་ཁང་པ་བཟོ་བཅོས་བརྒྱབ་པ་དང་། སྲིད་འཛིན་གྲོང་ཚོ་1000གི་མིའི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལེགས་སྒྲུབ་བྱུང་བ། སྲིད་འཛིན་གྲོང་ཚོར་སྒུལ་འཁྱེར་འཕྲིན་གཏོང་ཡོངས་སུ་ཁྱབ་ཐུབ་པ་དང་90%ཡན་ལ་སྦྲག་འཕྲིན་གཏོང་ཐུབ་པ་བྱུང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་བཅོས་བྱུང་སྟེ་ཞིང་འབྲོག་ལས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་སོང་ཡོད།
གཉིས། མ་འཇོག་གིས་སྐུལ་ཁྲིད་བྱ་རྒྱུར་དམ་འཛིན་བྱས་པས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་སོང་བ།
འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ནས་མ་འཇོག་རག་ཐབས་ཧུར་ཐག་བྱས་པའི་ཐོག ཡིད་རྟོན་དངུལ་བུན་གཏོང་བའི་བྱ་ཐབས་སྤྱོད་རྒྱུར་དོ་སྣང་བྱས་པ་དང་། དམངས་ཁྲོད་ཀྱི་མ་འཇོག་སྐུལ་སློང་ཤུགས་ཆེ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་མ་དངུལ་བསྡུ་རྒྱུག་བྱེད་པའི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ལོ་ཧྲིལ་པོར་ཀྲུང་དབྱང་སྲིད་གཞུང་ནས་མ་འཇོག་སྒོར་དུང་ཕྱུར་353དོན་འཁྱོལ་བྱས་པ་དེ་30.3%འཕར་ཡོད་པ་དང་། ཀྲུང་དབྱང་ཁེ་ལས་ཀྱི་མ་འཇོག་སྒོར་དུང་ཕྱུར་100ཟིན་ཏེ་58.7%འཕར་ཡོད་པ། དམངས་ཁྲོད་ཀྱི་མ་འཇོག་སྒོར་དུང་ཕྱུར་300ཟིན་ཏེ་30.6%འཕར་ཡོད་པས་རྣམ་གྲངས་སྐུལ་ཁྲིད་བྱ་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་མ་འཇོག་སྡེབ་རྩིས་བྱས་ན་74.1%ལེགས་གྲུབ་བྱུང་བ་དང་། རྣམ་གྲངས་ཁག་63ལེགས་གྲུབ་ཟིན་པ་དང་ཁག་148འཛུགས་སྐྲུན་བྱེད་བཞིན་ཡོད། ལྷ་གཞིས་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་ལྷ་ཉིང་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྐྲུན་འགོ་ཚུགས་པ་དེས་རང་ལྗོངས་འདི་ཉིད་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་པར་སྐྱོད་འགོ་ཚུགས་པ་མཚོན་ཡོད། ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ལས་འགོ་ཚུགས་པའི་ལས་གྲྭའི་དུམ་མཚམས་དེས་ལས་གྲྭ་སྤྱི་འབོར་གྱི་75%ཡན་ལེགས་གྲུབ་ཟིན་པ་དང་། སྨན་གླིང་གནམ་ཐང་ནས་བྲག་ཡིབ་གྲོང་རྡལ་བར་གྱི་ཆེད་སྤྱོད་གཞུང་ལམ་དང་། བསྐལ་ལ་རི་བོའི་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་གྱི་རྒྱ་སྐྱེད་ལས་གྲྭ་སྤེལ་མགྱོགས་སུ་བཏང་བ། རྫོང་3དང་ཤང་གྲོང་རྡལ་36ལ་སྣུམ་ལམ་གསར་པ་བཟོས་ཡོད། ལྗོངས་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་མ་རྩ་སྒོར་དུང་ཕྱུར་161བཏང་བ་དེ་24%འཕར་ཡོད་པ་དང་། གཞུང་ལམ་གྱི་འཁོར་རིགས་ཤར་བགྲོད་ཐུབ་པའི་རིང་ཚད་སྤྱི་ལེ་4332མང་དུ་སོང་ཡོད། ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་ལེགས་སྒྲུབ་ཟིན་ནས་གློག་གཏོང་འགོ་ཚུགས་ཏེ་ཆབ་མདོའི་གློག་མེད་པ་དང་གློག་དྲ་ཁེར་རྐྱང་ལས་གཉེར་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་ནས་ནུས་རྒྱུ་གཙང་བཟོའི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་རྨང་གཞི་བཏིང་ཡོད། རྫམ་གློག་ཁང་གི་གློག་འདོན་འཕྲུལ་ཚན་2དང་ཕུ་མདོ་ཆུ་བེད་ལྟེ་གནས་ལས་གཞིའི་གློག་འདོན་འཕྲུལ་ཚན་4ནས་གློག་བཏང་བ་དང་། རྡོ་ཕུར་དང་། གོ་རྡོག ཡངས་ཡིད་བཅས་ཀྱི་གློག་ཁང་སྐྲུན་མགྱོགས་སུ་བཏང་ཡོད། གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གློག་དྲ་རྒྱ་སྐྱེད་རིམ་སྤོར་ལས་གྲྭ་གོམ་པ་བརྟན་པོའི་ངང་སྤེལ་བཞིན་ཡོད། གློག་འདོན་འཕྲུལ་ཤུགས་སྤྱི་འབོར་ཆན་ཝ་ཁྲི་169.7ཟིན་པ་དེ་32.4%འཕར་ཡོད། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ཀྱི་ཆུ་གློག་འཆར་འགོད་དང་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཚོད་སྐོར་བྱས་པར་རྒྱལ་ཁབ་ནས་ཞིབ་བཤེར་ཆོག་མཆན་ཐོབ་པ་དང་། ལ་ལྷོའི་ཆུ་བེད་ལྟེ་གནས་ལས་གྲྭ་དང་། ཡར་ཀླུང་། ཕྱྭ་གཡང་སོགས་ཀྱི་གཙོ་གནད་ཆུ་མཛོད་སྐྲུན་འགོ་ཚུགས་ཡོད།
གསུམ། དམངས་འཚོའི་ཐད་མ་འཇོག་བྱེད་ཤུགས་ཇེ་ཆེར་བཏང་སྟེ་སྤྱི་པའི་ཞབས་ཞུ་འགན་སྲུང་བྱེད་ནུས་ཆེ་རུ་མངོན་གསལ་དོད་པོ་སོང་བ།
ང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་མངོན་ཆེའི་གནས་བབ་ཐོག་བཞག་ནས་དམངས་ཕན་སྔོན་སྐུལ་བྱ་རྒྱུ་ཤུགས་ཆེར་བཏང་སྟེ་དམངས་འཚོའི“བྱ་བ་དངོས་བཅུ”དམ་བཟུང་གིས་ལྷག་བསམ་ཟོལ་མེད་དང་། བརྩེ་སེམས་ཟབ་མོ། བྱ་ཐབས་དངོས་སྤྱོད་པ་བཅས་ཀྱི་ཐོག་ནས་ཚད་གཞི་མཐོ་རུ་གཏོང་བ་དང་ཁེབས་རྒྱ་ཆེ་རུ་གཏོང་རྒྱུར་དམིགས་ཏེ་གཏོང་ཆ་སྒོར་དུང་ཕྱུར་71བཏང་ཐོག དམངས་འཚོའི་སྲིད་ཇུས་ཁག་18ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། དམངས་ཕན་བྱེད་ཐབས་ཁག་11གསར་སྣོན་བྱས་པས་རང་ལྗོངས་ཀྱི་དམངས་འཚོའི་ལས་དོན་གྱི་དུས་མཐུན་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད།
ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་བྱེད་ཤུགས་ཆེ་རུ་མངོན་གསལ་དོད་པོ་སོང་བ། ལོ་འཁོར་མོར་ལས་ཞུགས་མི་གྲངས་ཁྲི་4.3འཕར་སྣོན་བྱུང་བ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་98.5ལས་ཞུགས་ཁ་སྒྱུར་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་ལམ་ལུགས་ཟླ་སྒྲིལ་ལག་བསྟར་བྱས་པ་དང་། སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་མཁན་མི་ཐེངས་ཁྲི་260.6ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་སྔ་རྗེས་སུ་ཐེངས་གཉིས་མཐོ་རུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་ཁྲི་37ལ་ཉེ་བར་གཞི་རྩའི་འཚོ་བར་འགན་སྲུང་ནུས་ལྡན་བྱུང་ཡོད། “གཅིག་སྡུད་གཉིས་”ཀྱི་གཅེས་སེམས་མཚོན་པའི་ལས་གཞི་བརྟན་པོའི་ངང་སྤེལ་ཞིང་། འདོད་མོས་ཡོད་པའི་འགན་ལེན་ལྔ་བྱ་ཡུལ་72%གཅིག་སྡུད་འཚོ་སྐྱོང་ཐུབ་པ་དང་། དྭ་ཕྲུག་5900ལ་རོགས་སྐྱོབ་ནུས་ལྡན་ཐུབ་ཡོད། དགོན་པ་དང་གྲྭ་བཙུན་ལ་ཕན་འདོགས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། དགོན་སྡེའི་གནོད་མེད་འཐུང་ཆུའི་གནད་དོན་རྩ་བའི་ཆར་ཐག་གཅོད་བྱས་པ་དང་། གྲྭ་ཤག་ཁྲི་2.93ཉམས་གསོ་བཟོ་བཅོས་བྱས་ཡོད། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་ཁང་པ་ཁྲི་7.2གསར་རྒྱག་བྱས་པས་མི་ཁྲི་9.47གྱི་སྡོད་ཁང་ཆ་རྐྱེན་ཡག་ཏུ་སོང་ཡོད། དུས་ཁག་གསུམ་པའི་རྨང་བརྟན་དམངས་ཕན་བྱེད་སྒོར་མ་དངུལ་སྒོར་དུང་ཕྱུར་7.4བཏང་བ་དང་རྣམ་གྲངས་8685ལག་བསྟར་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱི་དྲོད་གཏོང་ལས་གཞི་རྩ་བའི་ཆར་ལེགས་གྲུབ་བྱུང་ཡོད།
སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་སོང་བ། འགན་བབས་སློབ་གསོ་དོ་སྙོམས་ངང་གོང་འཕེལ་འགྲོ་བའི་གོམ་སྟབས་ཇེ་མགྱོགས་སུ་སོང་ཞིང་། བུ་བཅོལ་ཁང་109གསར་རྒྱག་བྱས་པ་དང་། འགན་བབས་སློབ་གསོའི་ཉམས་ཞན་སློབ་གྲྭ་ཁག་350རྒྱ་སྐྱེད་བཟོ་སྐྲུན་བྱས་ཡོད། ལྷ་སའི་སློབ་གསོའི་གྲོང་སྡེ་བེད་སྤྱོད་གཏོང་སྒོ་ཚུགས་པ་དང་། རི་བོ་ཆེ་དང་སྤུ་ཧྲེང་སོགས་རྫོང་ཁག་6གི་རྫོང་ཁོངས་འགན་བབས་སློབ་གསོ་དོ་སྙོམས་གོང་འཕེལ་གཏོང་བར་ཚོད་སྐོར་ཞིབ་བཤེར་བྱས་ནས་རྩིས་ལེན་བྱུང་བ། ཞིང་འབྲོག་པའི་བུ་ཕྲུག་སློབ་གྲྭ་ཆེ་མོར་ཡིག་རྒྱུགས་དང་ནང་སའི་འཛིན་གྲྭར་བསྡུ་འཇུག་བྱས་པའི་བསྡུར་ཚད་ཁག་སོ་སོར་71.8%དང་70%ཟིན་ཡོད། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཞབས་ཞུ་སྒྲུབ་ནུས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཞིང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་འཛུགས་སྐྲུན་བྱས་ནས་བེད་སྤྱོད་བྱེད་འགོ་ཚུགས་པ་དང་། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ལས་དོན་མི་སྣ་1009གསར་སྣོན་བྱུང་བ། ཕྲུ་གུ་དབང་སྐྱོན་མ་སྐྱེས་སྔོན་འགོག་བྱེད་པའི་རིམ་པ་དང་པོའི་ཚོད་ལྟའི་རྫོང་24བར་རྒྱ་སྐྱེད་བཏང་བ། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེས་རིགས་85%ཟིན་ཡོད། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་སྔར་བས་ཆག་ཡོད་པ་དང་། བོད་ལུགས་གསོ་རིག་སྨན་ལས་གོང་འཕེལ་གཏོང་བའི་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ངང་སྐོང་འཚོགས་བྱས་པས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཤུཌ་ཆེ་ཐེབས་ཡོད། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་སོང་ཞིང་། ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚུཌ་ཁག་692དང་དམངས་ཁྲོད་སྒྱུ་རྩལ་ཚོཌ་པ་39ཡི་ནང་སྦྱོང་ཁང་ཕྱོགས་ཡོངས་ནས་བསྐྲུན་པ་དང་། རླུང་འཕྲིན་བརྙན་འཕྲིན་མི་མགོར་ཕྱོགས་བསྡུས་ཁེབས་ཚད་ཁག་སོ་སོར་94.78%དང་95.91%ཟིན་པ། སྤོ་རུང་བའི་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་དང་པོ་སྤེལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སྐབས་བཅུ་གཅིག་པའི་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་ལམ་ལྷོངས་ངང་གཉེར་ཡོད།
བདེ་འཇགས་ཐོན་སྐྱེད་དོ་དམ་བྱ་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པ། ང་ཚོས་ངེས་པར་དུ་བདེ་འཇགས་ཐོན་སྐྱེད་བྱ་རྒྱུར་མཐོང་ཆེན་པོ་བྱས་ཤིང་། “བརྒྱད་པའི་དགུ”དང“བརྒྱད་པའི་བཅོ་བརྒྱད”ཀྱི་ཚབས་ཆེའི་འགྲིམ་འགྲུལ་བྱུར་རྐྱེན་ཐག་གཅོད་ཡག་པོ་བྱས་ཐོག ཁྲིམས་འགལ་ལ་རྡུང་རྡེག་དང་སྒྲིག་འགལ་རིགས་བཅོས་སྒྲིག་བྱེད་པའི་ཆེད་དམིགས་བྱེད་སྒོ་དང་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཞིབ་བཤེར་ཆེ་མོ་དང་། གཙང་བཤེར་ཆེ་མོ། བཅོས་སྐྱོང་ཆེ་མོ་བཅས་གཏིང་ཟབ་བྱས་པས་མེ་ཟོན་བདེ་འཇགས་ཉེན་མེད་རྒྱུན་འཁྱོངས་ཐུབ་པ་དང་། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་སྡོམ་ནུས་ལྡན་དང་། བདེ་འཇགས་ཐོན་སྐྱེད་སྒྲིག་ལམ་བཅོས་སྒྲིག་ནུས་ལྡན་ཐུབ་པ་བཅས་བྱུང་ཡོད།
བཞི། ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་བཏང་ནས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་སྔར་བས་རྒྱ་སྟོབས་ཆེ་རུ་བཏང་བ།
ཁྱད་ཆོས་ལ་དམིགས་ཏེ་ཐོན་ཁུངས་ཀྱི་ཁྱད་ཡོན་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཐོག ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་ཀྱི་ཁྱབ་ཚུལ་ཇུས་འགོད་བྱས་ཏེ་ཡུལ་སྐོར་རིག་གནས་དང་། དྭངས་གཙང་ནུས་ཁུངས། རང་བྱུང་འཐུང་ཆུ་བཅས་རང་ལྗོངས་སྟོབས་ཆེར་གཏོང་བའི་ཐོན་ལས་སུ་བརྩིས་ནས་གཙོ་གནད་དུ་སྐྱོང་སྤེལ་བྱས་པ་དང་། ས་མཐོའི་འདེབས་གསོ་བཟོ་གསུམ་གྱི་ལས་རིགས་དང་། ཁྱད་ལྡན་བཟའ་བཅའ། འབྱུང་ཁམས་ནགས་གླིང་ཤིང་འབྲས། བོད་ལུགས་གསོ་རིག་དང་བོད་སྨན། མི་རིགས་ལག་ཤེས་བཟོ་ལས་བཅས་དམངས་ཕྱུག་ཐོན་ལས་སུ་བརྩིས་ནས་གཞོགས་སྐྱོར་ཤུགས་ཆེ་བྱས་པས་ཐོན་ལས་གོང་འཕེལ་གཏོང་བའི་གཙོ་གནད་འགག་སྒྲོལ་སྔར་ལས་ལྷག་པ་བྱུང་བ་དང་ཐོན་ལས་གྲུབ་ཆ་སྔར་ལས་ལྷག་པའི་ལེགས་སྒྱུར་བྱུང་ཡོད།
ཐོན་ལས་དང་པོའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དམ་འཛིན་བྱས་པས་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་འཕེལ་ངོ་བཟང་པོ་ཐོན་པ། ནས་དང་འབྲི་གཡག་སོགས་ས་མཐོའི་འདེབས་གསོ་བཟོ་གསུམ་ལས་རིགས་གོང་འཕེལ་ཇེ་མགྱོ གས་སུ་སོང་བ་དང་། ས་གཙང་སྐྱོན་བྲལ་ཐོན་ལས་དང་། སྒྲིག་བཀོད་ལྡན་པའི་ཞིང་འབྲོག་ལས། འབྱུང་ཁམས་ནགས་གླིང་ཤིང་འབྲས་ལས་རིགས་བཅས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་ཡོད། ཉིང་ཁྲིའི་སྡོང་ཕུང་དང་གཞིས་རྩེ་གམ་པའི་ལུག་སོགས་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཁོངས་སུ་ཚུད་ནས་སྲུང་སྐྱོབ་ཐོབ་ཡོད། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་23.2ཟིན་པ་དང་ཐོན་ལས་ཅན་དུ་གཉེར་སྐྱོང་བྱེད་ཚད་38.6%ཟིན་ཡོད།
ཐོན་ལས་གཉིས་པའི་གཙོ་གནད་འགག་སྒྲོལ་བྱ་རྒྱུར་དམ་འཛིན་བྱས་ཏེ་གླིང་ཁུལ་དཔལ་འབྱོར་མགྱོགས་མྱུར་ངང་གོང་འཕེལ་བཏང་བ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་336ཟིན་པ་དེ་13.5%འཕར་ཡོད་ཅིང་། ལྷ་ས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཁྲལ་འབབ་སྒོར་དུང་ཕྱུར་46གོང་འབུལ་ཞུས་ཡོད། བོད་མཚོ་བཟོ་ལས་སྡེ་གླིང་གི་ཚོང་དང་མ་རྩ་འདྲེན་འགུགས་བྱས་པའི་རྣམ་གྲངས་ཁག་100ལ་ཉེ་བ་དང་། འཛུལ་ཞུགས་ཁེ་ལས་ཁག་103ཟིན་པ། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་17.8བཅས་བྱུང་ཡོད་པས་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ཏུ་གྱུར་བཟོ་ཡོད། རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་འཐབ་ཇུས་མ་འཇོག་མཉམ་ལས་རྣམ་གྲངས་ཁག་16བཞག་པར་སྤྱིའི་མ་འཇོག་སྒོར་དུང་ཕྱུར་36ཟིན་པ་དང་། ཐོན་འབོར་ཀྲོན་ཁྲི་30ལས་བརྒལ་ནས་དཔལ་འབྱོར་འཕར་གནས་གསར་པ་ཞིག་ཏུ་འགྱུར་ཡོད།
ཐོན་ལས་གསུམ་པར་སྣེ་འདྲེན་གྱི་སྐུལ་ཁྲིད་བྱ་རྒྱུར་དམ་འཛིན་བྱས་ཏེ་ཡུལ་སྐོར་དང་རིག་གནས་ཐོན་ལས་མགྱོགས་མྱུར་ངང་གོང་འཕེལ་བཏང་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རིག་གནས་པུའུ་དང་། རྒྱལ་ཁབ་ཡུལ་སྐོར་ཅུས། རང་སྐྱོང་ལྗོངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཐེངས་དང་པོ་གཉེར་ནས“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་གྲགས་རྟགས་མཚན་སྙན་རྒྱ་ཆེར་ཁྱབ་པ་དང་། བོད་ཀྱི་ཡུལ་སྐོར་རིག་གནས་སྒོ་དབྱེ་དང་མཉམ་ལས་སྤེལ་རེས་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་སྤྱིའི་ལས་སྟེགས་རྩེ་གྲ་ཞིག་བཏོད་ཡོད། ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་1553ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་ཁྱོན་བསྡོམས་སྒོར་དུང་ཕྱུར་204ཟིན་ཞིང་། ཁག་སོ་སོར་20.3%དང་23.5%འཕར་ཡོད། ར་ས་འཕྲུལ་སྣང་གཙུག་ལག་ཁང་གནས་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་5Aརིམ་པར་བདམས་ཡོད། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་27ཟིན་པ་དེ་12%འཕར་ཡོད། མཚོ་བོད་ལྕགས་ལམ་གྱི་འགྲུལ་སྐྱེལ་མི་ཐེངས་ཁྲི་238.1དང་། ཟོག་སྐྱེལ་སྤྱི་འབོར་ཀྲོན་ཁྲི་508.7ལེགས་སྒྲུབ་བྱུང་བ་ཁག་སོ་སོར་14.1%དང་7.6%འཕར་ཡོད། མཁའ་ཐོག་འགྲུལ་སྐྱེལ་མི་ཐེངས་ཁྲི་315བྱས་པ་དེ་14.2%འཕར་ཡོད། འཕྲིན་གཏོང་ལས་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་45ཟིན་པ་དང་། སྦྲག་ལས་ཡོང་འབབ་སྒོར་དུང་ཕྱུར་4བྱུང་ཡོད། ས་ཁང་ཐོན་ལས་ཁྲོམ་ར་སྐྱོན་བྲལ་ངང་གོང་འཕེལ་བྱུང་ཡོད། གློག་རྡུལ་ཚོང་དོན་སོགས་དེང་རབས་ཞབས་ཞུའི་ལས་རིགས་གོང་འཕེལ་བྱུང་ནས་སྟོབས་ཆེར་སོང་ཡོད།
ལྔ། བསྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་གོང་འཕེལ་གྱི་གསོན་ཤུགས་རྒྱུན་མཐུད་ནས་ཆེ་རུ་སོང་བ།
གཙོ་གནད་བསྒྱུར་བཅོས་ཏན་ཏིག་ངང་སྤེལ་བ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་སྐྱོང་ལྗོངས་དང་ཀྲུང་དབྱང་གི་ཐད་གཏོགས་སྡེ་ཚན་གྱི་ཞིབ་མཆན་འགོད་པའི་རྣམ་གྲངས་54%ཉུང་དུ་བཏང་ཡོད། ཚོང་དོན་ཐོ་འགོད་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ“ཚོང་གཉེར་ལག་ཁྱེར་སྔོན་དང་འཁྲོལ་འཛིན་རྗེས་ལ་ཞུ་བ”ལག་བསྟར་བྱས་ཤིང་། ལྗོངས་ཡོངས་སུ་ཁྲོམ་ར་གཉེར་མཁན་ཐེམ་དུད་ཁྲི་14.6ཟིན་པ་དེ་8.7%འཕར་ཡོད། པ་སྣམ་རྫོང་སོགས་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་བསྒྱུར་བཅོས་ཚོད་ལྟའི་ཁུལ་4ཕྱོགས་ཡོངས་ནས་འཛུགས་སྤེལ་བྱེད་འགོ་ཚུགས་ཡོད། གྲོང་གསེབ་ཀྱི་ཁང་ས་དང་མཉམ་སྡེབ་ས་ཆའི་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ཚོད་ལྟ་བྱས་ཡོད། གློག་རིན་དང་འབར་རླངས་རིན་གོང་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཡོད། “ལས་ཁྲལ་ནས་འཕར་ཁྲལ་ལ་བསྒྱུར་བའི”གཞི་ཁྱོན་ཆེ་རུ་བཏང་བ་དང་། ཐོན་ཁུངས་ཀྱི་དཔྱ་ཁྲལ་རིན་གོང་ལ་བསྟུན་ནས་བསྡུ་ལེན་བྱེད་པ། སྤྱི་ཚོགས་ཁྱབ་ཁོངས་བཅས་ཀྱི་བསྒྱུར་བཅོས་ཁག་ཕྱོགས་ཡོངས་ནས་སྤེལ་ཡོད།
དངུལ་རྩས་འདེགས་སྐུལ་བྱ་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། ལོ་མཇུག་ཏུ་ལྗོངས་ཡོངས་སུ་བཅོལ་དངུལ་དང་དངུལ་བུན་ལྷག་གྲངས་ཁག་སོ་སོར་སྒོར་དུང་ཕྱུར་3000དང་། སྒོར་དུང་ཕྱུར་1600ལས་བརྒལ་བ་དེ་ལོ་འགོ་ལས་23.5%དང་50.2%འཕར་ཡོད། ཞིང་འབྲེལ་དང་ཁེ་ལས་འབྲིང་ཆུང་ཕྲན་ཚེགས་ལ་དངུལ་བུན་གཏོང་རྒྱུའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཚད་བརྒལ་བྱུང་བ་དང་། དབུལ་སྐྱོར་སྐྱེད་སྦྱར་དངུལ་བུན་ལྡབ་གཅིག་ཡན་འཕར་ཡོད། ལིང་ཁང་སྨན་ལས་དང་ཧྭ་ཡུད་གཏེར་ལས་ཀྱི་ཐོག་མའི་ཁྲོམ་འགྲེམས་བྱེད་པའི་ཞིབ་མཆན་འགྲོ་ལུགས་སྒྲུབ་བཞིན་ཡོད། འགན་བཅོལ་ལས་རིགས་གོང་འཕེལ་བརྟན་པོ་བྱུང་ཡོད།
སྒོ་དབྱེ་མཉམ་ལས་བྱེད་པའི་རྣམ་པ་གསར་པ་གཏོད་པ། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཀྱི་དཀར་ཆག་བཟོ་འདོན་བྱས་པ་དང་། ཚོང་དང་མ་རྩ་འདྲེན་འགུགས་བྱས་པའི་མ་དངུལ་སྒོར་དུང་ཕྱུར་284དང་རྣམ་གྲངས་ཁག་540དོན་འཁྱོལ་བྱུང་ཡོད། སྐབས་དང་པོའི་བོད་ལྗོངས་འགྲེམས་ཚོགས་ཐོག་རྣམ་གྲངས་33ལ་གན་རྒྱ་བཞག་པ་དང་གན་འཇོག་དངུལ་འབོར་སྒོར་དུང་ཕྱུར་387ཟིན་ཡོད། སྐྱིད་རོང་འགག་སྒོ་དེ་ཀྲུང་ནེ་ཕྱོགས་གཉིས་ནས་སྒོ་མོ་ཕྱེ་བ་དང་། ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དབར་གྱི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་རིམ་པ་དེ་རྒྱལ་ཁབ་རིམ་པར་འཕར་ཡོད། རང་སྐྱོང་ལྗོངས་སྲིད་གཞུང་གི་འཐུས་མི་ཚོགས་པས་ནེ་པ་ལར་བསྐྱོད་ནས་འཚམས་འདྲི་ལེགས་སྒྲུབ་བྱུང་བ་དང་། རྣམ་གྲངས་མ་དངུལ་ཨ་སྒོར་དུང་ཕྱུར་5ཟིན་པའི་མཆན་འགོད་བཞག་ཡོད། རང་ལྗོངས་དང་ནེ་པ་ལ་མཉམ་དུ་ཧི་མ་ལ་ཡའི་མཁའ་འགྲུལ་ཀུང་སི་བཙུགས་ནས་བོད་ལྗོངས་མཁའ་འགྲུལ་ལས་རིགས་དེ་རྒྱལ་སྤྱིའི་ཁྲོམ་རའི་ནང་ཞུགས་རྒྱུར་མཐུན་རྐྱེན་སྐྲུན་ཡོད། བོད་འབྲེལ་ཕྱི་འབྲེལ་ལས་དོན་དང་ཕྱི་དོན་དྲིལ་བསྒྲགས་ལས་དོན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།
བོད་སྐྱོར་ལས་དོན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ། ཀྲུང་དབྱང་གི་ག་སྦྱར་བོད་སྐྱོར་ལས་དོན་སྤེལ་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་བོད་སྐྱོར་ལས་དོན་གྱི་བྱ་ཐབས་གསར་པ་སྔར་བས་གཏན་འཁེལ་གསལ་པོ་བྱས་ཤིང་། ལོ་20རིང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་260དང་རྣམ་གྲངས་7615ལག་བསྟར་བྱས་པ་དང་། བོད་སྐྱོར་ལས་བྱེད་པ་དང་ཆེད་ལས་ལག་རྩལ་མི་སྣ་6000ལྷག་ཙམ་ཟིན་ནས་རང་ལྗོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་ཆེད་དུ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ལོ་ཧྲིལ་པོར་བོད་སྐྱོར་མ་འཇོག་སྒོར་དུང་ཕྱུར་36དང་འཛུགས་སྐྲུན་རྣམ་གྲངས་695ལེགས་སྒྲུབ་བྱུང་སྟེ་བོད་སྐྱོར་བྱེད་པའི་ཤུགས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད།
དྲུག མཐའ་ཚད་བརྟན་སྲུང་གིས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱས་པར་ཕན་ནུས་མངོན་གསལ་དོད་པོ་ཐོབ་པ།
འབྱུང་ཁམས་ཤེས་དཔལ་གྱི་སྒྲོག་འགྲེལ་བྱེད་སྒོ་རྒྱ་ཆེར་སྤེལ་ཞིང་། གཏེར་འབྲེལ་ཁེ་ལས་དང་། གྲོང་ཁྱེར་གྲོང་རྡལ་གྱི་འཚོ་བའི་གད་སྙིགས། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བཅས་གཙོ་གནད་དུ་བཟུང་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དམིགས་བྱེད་སྒོ་སྤེལ་ཡོད། རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེན་པོའི་བཙོག་སྐྱོན་འགོག་བཅོས་བྱེད་སྒོའི་འཆར་གཞི་དང་། ཆུའི་ཐོན་ཁུངས་དོ་དམ། རྫོང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དཔྱད་ཞིབ་སོགས་ཀྱི་ལམ་ལུགས་བཟོས་ནས་ལག་བསྟར་བྱས་པ་དང་། ཁོར་ཡུག་སྲུང་སྐྱོབ་དང་ནོར་སྲིད་མ་དངུལ་སྒྱུར་སྤྲོད་ཟུང་འབྲེལ་བྱེད་པའི་བྱ་དགའ་ཆད་གཅོད་ལམ་སྲོལ་དོན་འཁྱོལ་བྱས་ཡོད། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་ལས་གཞིའི་འཆར་འགོད་བཟོས་ཤིང་། ཤིང་འཛུགས་ནགས་གསོ་མུའུ་ཁྲི་124བྱས་ཡོད། རྒྱལ་ཁབ་རིམ་པའི་གཙོ་གནད་འབྱུང་ནུས་ཐོན་ཁུལ་རྫོང་18བར་མང་དུ་སོང་ཡོད། ཡར་ཀླུང་གཙང་པོ་དང་ལྷ་ས་སྐྱིད་ཆུའི་ཆུ་འགོའི་རྒྱལ་ཁབ་རིམ་པའི་གཙོ་གནད་འབྱུང་ནུས་སྲུང་སྐྱོབ་ཁུལ་གྱི་རྣམ་གྲངས་སྐྲུན་འགོ་ཚུགས་ཡོད། རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའ་དང་ནགས་ཚལ་འབྱུང་ཁམས་ཕན་འབྲས་སྐྱོང་གསབ་མ་དངུལ་སྒོར་དུང་ཕྱུར་28.8དོན་འཁྱོལ་བྱས་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་གད་སྙིགས་སྦས་ས་དང་། བཙོག་ཆུ་གཙང་སིང་བཟོ་གྲྭ སྨན་བཅོས་ཟོག་རོ་གཅིག་སྡུད་གཙང་སེལ་ལྟེ་གནས་སོགས་རྣམ་གྲངས་ཁག་གཅིག་གསར་རྒྱག་བྱས་ཡོད། རྟགས་སེར་མོ་ཊ་དང་རྙིང་སོང་མོ་ཊའི་རིགས་3824བེད་མེད་དུ་བཏང་སྟེ་རྒྱལ་ཁབ་ནས་གཤམ་སྤྲོད་བྱས་པའི་ལས་འགན་ཡོངས་སུ་ལེགས་སྒྲུབ་བྱས་ཡོད། ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་བྱས་ཤིང་། གཙོ་གནད་བཙོག་དངོས་འབུད་གཏོང་བྱེད་ཚད་དེ་རྒྱལ་ཁབ་ཀྱི་ཞིབ་གཏན་འཁེལ་བའི་ཁྱབ་ཁོངས་ནང་ཚོད་འཛིན་བྱས་པས་ལྗོངས་ཡོངས་ཀྱི་འབྱུང་ཁམས་ཁོར་ཡུག་རྒྱུན་མཐུད་སྲུང་སྐྱོང་ཡག་པོ་ཐུབ་པའི་ཐོག ཆུ་དང་མཁའ་རླུང་གི་སྤུས་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཉིང་ཁྲི་དང་ལྷོ་ཁ་གཉིས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་ལྡན་པའི་སྔོན་སྐྱོད་དཔེ་སྟོན་ཁུལ་དུ་གཏན་འཁེལ་ཆོག་མཆན་ཐོབ་པ་དང་། ལྷ་ས་གྲོང་ཁྱེར་དེ་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་དཔེ་བཟང་གྲོང་ཁྱེར་དུ་བདམས་ཐོན་བྱུང་ཡོད།
བདུན། གསར་གཏོད་ཀྱི་འདེད་སྐུལ་མངོན་ཆེར་བཟུང་ནས་ཚན་རྩལ་དང་མི་སྣས་འདེགས་སྐྱོར་བྱ་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པ།
ཚན་རྩལ་ཉེར་སྤྱོད་ནུས་པ་རིམ་བཞིན་ཆེ་རུ་སོང་ཞིང་། གཙོ་གནད་ཚོད་ལྟ་ཁང་དང་། ཚན་རྩལ་ཚོད་ལྟའི་དཔེ་སྟོན་རྟེན་གཞི། ཚན་རྩལ་དཔེ་དོན་གླིང་ཁུལ་བཅས་45བཙུགས་པ་དང་། ནས་ཀྱི་གཞི་རྒྱུ་ལེགས་སྒྱུར་དང་འབྲི་གཡག་རྒྱུད་སྤེལ་ཞིང་པུའུ་མཉམ་གཏོད་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟའི་གསོ་སྤེལ་རྟེན་གཞི་བསྐྲུན་ཟིན་པ། སྲིད་འཛིན་གྲོང་ཚོར་ཚན་རྩལ་ཆེད་མངགས་པ་ཁེབས་ཚད་90%ཟིན་པ། ནས་དང་འབྲོག་རྩྭའི་འབུ་སྐྱོན་འགོག་བཅོས་ལག་རྩལ་ལ་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་བྱ་དགའ་རིམ་པ་གཉིས་པ་ཐོབ་ཡོད། ཤེས་ལྡན་པ་སྟོབས་ཆེའི་ཁུལ་འཛུགས་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཤིང་། ཀྲུང་དབྱང་ནས་བོད་ལ་རོགས་སྐྱོར་བྱས་པའི་གཙོ་གནད་ལས་གྲྭ་12ལ་སྐུལ་སྤེལ་ཏན་ཏིག་བཏང་ཞིང་། གཞི་རིམ་ལ་རིགས་མི་འདྲ་བའི་ཤེས་ལྡན་མི་སྣ་ཁྲི་1.1སྐྱོང་གསབ་བྱས་པ་དང་། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་20དང་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་2000བོད་དུ་ཞབས་ཞུ་བསྒྲུབ་པར་དང་ལེན་བྱས་པ། བོད་ལྗོངས་སློབ་ཆེན་གྱིས་ཐེངས་དང་པོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་བསྡུ་འཇུག་བྱས་ཡོད་པ་དང་། རང་སྐྱོང་ལྗོངས་ཀྱི་བཟོ་རིག་མཛེས་རྩལ་ཆེ་མོ་བ་25དང་རང་སྐྱོང་ལྗོངས་ཀྱི་གྲགས་ཆེན་བོད་ལུགས་གསོ་རིག་སྨན་པ་20དཔྱད་འདེམས་བྱས་ནས་གཟེངས་བསྟོད་ཐེངས་དང་པོ་བྱས་པ་དང་། མི་1ལ་སྐབས་གཉིས་པའི“རྒྱལ་སྨན་ཆེ་མོ་བའི”མཚན་སྙན་ཐོབ་ཡོད།
བརྒྱད། བཅོས་སྐྱོང་མ་ལག་ཚགས་ཚུད་དུ་བཏང་སྟེ་སྤྱི་ཚོགས་རྒྱུན་མཐུད་ནས་ཞི་མཐུན་བརྟན་ལྷིང་བྱུང་བ།
སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེ་བཏང་ནས་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་ཏན་ཏིག་བྱས་ཡོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཞིང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་བྱ་སྤྱོད་ལ་འགོག་ཟོན་ནན་པོ་དང་རྡུང་རྡེག་ཚ་ནན་བཏང་ཡོད། གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། སྔོན་ཐོན་གཉིས་ལྡན་དུད་སྦྲེལ་འཛུགས་སྐྱོང་དཔྱད་འདེམས་ལས་དོན་སྔར་བས་གཏིང་ཟབ་ཏུ་བཏང་ཐོག ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ཡོད། དགོན་སྡེའི་དོ་དམ་གསར་གཏོད་བྱས་ཏེ་དུས་བདེ་ཞི་མཐུན་གྱི་དགོན་སྡེ་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། དར་ཆེན་སྐུ་བཞེངས་སོགས་ཀྱི་ཆོས་ལུགས་བྱེད་སྒོ་ཆེ་གྲས་བདེ་འཇགས་ལམ་ལྷོངས་བྱུང་ཡོད། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་ཏན་ཏིག་ངང་སྤེལ་ཞིང་། ཚན་པ་22དང་མི་སྒེར་33རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ལ་བདམས་ཐོན་བྱུང་ཡོད། མཐའ་དར་དམངས་ཕྱུག་གི་རྣམ་གྲངས་ཁག་870ལག་བསྟར་བྱས་པས་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ས་ཁུལ་གོང་འཕེལ་ཇེ་མགྱོགས་སུ་སོང་ཡོད། མི་རིགས་དབར་ཕན་ཚུན་སྤེལ་རེས་དང་། འབྲེལ་འདྲིས། མཉམ་འདྲེས་བཅས་ཉིན་རེ་བཞིན་ཟབ་ཏུ་སོང་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་དུ་སོང་ཡོད། སྡེ་ཁུལ་ཡོ་བཅོས་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཞིང་། ཡིག་འབུལ་ཞུ་བཅར་དང་། འདུམ་འགྲིག ཁྲུན་གཅོད་སོགས་རྩད་བཤེར་འདུམ་སེལ་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཡོད། ཉེས་དོན་གྱོད་གཞི་དང་བདེ་འཇགས་གྱོ ད་གཞིའི་ཐོན་འབོར་རྒྱུན་མཐུད་ནས་ཆག་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་གི་དཔྱད་བསྡུར་བྱས་པ་དེ་ཐེངས་དང་པོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་གྲས་སུ་སླེབས་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་བློ་བཟོད་བདེ་བ་དང་ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་ཚོར་སེམས་ཡག་པོ་བྱུང་སྟེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
རྒྱལ་སྲུང་སྐུལ་སློང་ལས་དོན་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། དམག་སྲིད་དབར་དང་དམག་དམངས་དབར་མཐུན་སྒྲིལ་ལྡན་པ་དང་། དམག་དམངས་མཉམ་སྐྲུན་དང་མཉམ་གཏོད་མཉམ་སྲུང་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཡོད། དེ་བཞིན་བསྡོམས་རྩིས་དང་། སྤྱི་ཚོགས་ཚན་རིག ས་གཤིས་རྩད་ཞིབ། ས་ཡོམ། གནམ་གཤིས། ཐིག་རིས། མི་དམངས་མཁའ་ཟོན་སོགས་ཀྱི་ལས་དོན་ཁག་ལ་སླར་ཡང་གོང་འཕེལ་གསར་པ་བྱུང་ཡོད། གཞན་ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཐོབ་པ་བཞིན་གཞིས་རྩེ་དང་ཆབ་མདོ་གཉིས་ས་གནས་ནས་གྲོང་ཁྱེར་དུ་སྒྱུར་ཡོད།
འཐུས་མི་རྣམ་པ། རང་ལྗོངས་ཀྱི་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ལ་ཐོབ་པའི་གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་མིན་ཞིང་། དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱིས་ཤུགས་ཆེའི་རོགས་སྐྱོར་གནང་བའི་འབྲས་བུ་ཡིན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བཅས་བྱས་པའི་འབྲས་བུ་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་དམངས་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས། ལྷག་པར་དུ་ག་སྦྱར་རོགས་སྐྱོར་གནང་མཁན་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས། ཀྲུང་དབྱང་རྐང་འཛིན་ཁེ་ལས་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ལས་འཁྱུར་རྒན་ཡོལ་ཞུས་པའི་ལས་བྱེད་པ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བོད་ལྗོངས་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཕྱི་རྒྱལ་ནང་གི་ལས་རིགས་ཁག་གི་མི་སྣར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
ཕྱོགས་མཚུངས་ང་ཚོས་རིག་པ་དྭངས་གསལ་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་ད་དུང་མངོན་གསལ་དོད་པའི་དཀའ་ངལ་དང་གནད་དོན་ཁ་ཤས་ལྷག་ཡོད་པ་དེ་དག་ངོས་འཛིན་ཐུབ་པ་བྱེད་དགོས་པ་སྟེ། གཙོ་བོ་ནི་དཔལ་འབྱོར་གོང་འཕེལ་དོ་སྙོམས་མེད་པ་དང་། ཞིང་འབྲོག་ལས་ཐོན་ལས་ཅན་དུ་སྒྱུར་བའི་ཆུ་ཚད་ཅུང་དམའ་བ། རྨང་གཞིའི་སྒྲིག་བཀོད་ཀྱི་གཅུར་འགག་ཐེབས་གཞི་ཅུང་མངོན་གསལ་དོད་པ། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་མི་ལྡེང་བ། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་འགྲོ་ཁག་པ། བསྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེན་པོ་མེད་པ་བཅས་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་རྣོ་ངར་ཆེ་ལ་རྙོག་འཛིང་ཆེ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་འགན་ཧ་ཅང་ལྕི་པོ་ཡོད། དེ་བཞིན་སྲིད་གཞུང་ལས་དོན་ཐད་ལའང་མི་ལྡེང་བའི་ཆ་ཁ་ཤས་ཡོད་པ་སྟེ། ས་ཁུལ་དང་སྡེ་ཚན་འགའ་རེས་སྲིད་སྐྱོང་ནུས་ལྡན་མི་བྱེད་པ་དང་། ལྷོད་གཡེང་སྒྱིད་ལུག་བྱེད་པ། ལས་ཀར་བྱས་འབྲས་མེད་པ་བཅས་ཀྱི་ཐོག་ལས་དོན་དོན་འཁྱོལ་བྱེད་ཤུགས་མི་ལྡེང་ཞིང་། སྲིད་འཛིན་ཁྲིམས་བཞིན་སྐྱོང་བའི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་སྔར་བས་གཏོང་དགོས་ཀྱི་ཡོད། གནད་དོན་དེ་དག་ལ་ང་ཚོས་གནད་དོན་གྱིས་ཕྱོགས་ཁྲིད་བྱེད་པ་དང་འགན་འཁྲི་ཁུར་ཕོད་པའི་ཐོག་ནས་ལས་ཀ་བྱས་ཏེ་ཞིབ་འཇུག་ཐག་གཅོད་ནན་ཏན་བྱ་རྒྱུ་ཡིན།
2015ལོའི་ལས་ཀའི་བཀོད་སྒྲིག
2015ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་འགག་རྩའི་ལོ་ཞིག་དང་། ཕྱོགས་ཡོངས་ནས་བོད་ལྗོངས་ཁྲིམས་བཞིན་སྐྱོང་བའི་འགོ་ཚུགས་ལོ་ཞིག་ཡིན། ད་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེས“ལོ་ལྔ་ཚན་བཅུ་གཉིས་པའི”མཇུག་ཡག་པོ་བསྡུ་རྒྱུ་དང་“ལོ་ལྔ་ཚན་བཅུ་གསུམ་པ”འགོ་འཛུགས་པར་རྨང་གཞི་ཡག་པོ་འདིང་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།
སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིའི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང་། “བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་ཐུབ་པ”བྱ་རྒྱུའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“བོད་ལྗོངས་ཁྲིམས་བཞིན་སྐྱོང་དགོས་པ་དང་། བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པ། མི་སེམས་འགུག་ཐབས་བྱེད་དགོས་པ། རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ”བཅས་ཀྱི་གལ་ཆེའི་རྩ་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུར་སྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། བརྟན་པོའི་ཐོག་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་། དཔལ་འབྱོར་གོང་འཕེལ་གཏོང་བའི་སྤུས་ཚད་དང་ཕན་འབྲས་ལེགས་སུ་གཏོང་རྒྱུ་ལྟེ་བར་བཟུང་ནས་རྒྱུན་འཁྱོངས་བྱེད་པ། “663”ལས་ཀའི་བསམ་གཞིར ་གཡོ་འགུལ་མི་གཏོང་བར་མཐའ་འཁྱོངས་བཅས་བྱས་ཏེ་རང་འགུལ་ངང་དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པ་དང་མཐུན་ཐབས་བྱེད་པའི་ཐོག འཕེལ་རྒྱས་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག བསྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ། བརྟན་ལྷིང་རྒྱུན་སྲུང་བཅས་མངོན་ཆེར་འཛིན་རྒྱུ་དང་། མ་འཇོག་གི་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། བསྒྱུར་བཅོས་སྒོ་དབྱེ་ཤུགས་ཆེ་བྱེད་པ། ཐོན་ལས་ཀྱི་འདེགས་སྐྱོར་ཤུགས་ཆེ་བྱེད་པ། དབུལ་སྐྱོར་འགག་སྒྲོལ་ཤུགས་ཆེ་བྱེད་པ་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་གོང་འཕེལ་འགྲོ་བ་དང་། སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ། འབྱུང་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སྐྱོང་ཐུབ་པ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་གོང་མཐོར་འགྲོ་བ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་ཚད་དང་ལས་འགན་ཁག་ལམ་ལྷོངས་ངང་ལེགས་གྲུབ་ཐུབ་པ་བྱ་རྒྱུ་ཡིན།
སྔོན་དཔག་གི་དམིགས་ཚད་གཙོ་བོ་ནི། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་12%ཡས་མས་འཕར་བ་བྱ་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་20%ཡན་འཕར་བ་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་སྤྱི་འབོར་13%ཡན་འཕར་བ་བྱ་རྒྱུ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་15%འཕར་བ་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་དེ་4%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། གྲོང་གསེབ་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་13%ཡན་འཕར་བ་བྱ་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་10%འཕར་བ་བྱ་རྒྱུ། ལས་ཞུགས་གསར་པ་མི་ཁྲི་4.6ཟིན་པ་བྱ་རྒྱུ་བཅས་ཡིན།
འདི་ལོར། ང་ཚོས་གཤམ་གསལ་གྱི་གཙོ་གནད་ལས་དོན་ཁག་དམ་འཛིན་ཡག་པོ་བྱ་རྒྱུ།
གཅིག ཞིང་འབྲོག་ལས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་རྨང་གཞི་གཉིས་སྲ་བརྟན་དུ་གཏོང་དགོས།
ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་20གསར་བཟོ་བྱ་རྒྱུ་དང་“བོད་ནས་2000རྟགས་ཅན”སོགས་སོན་རིགས་གསར་པ་མུའུ་ཁྲི་115ཁྱབ་གདལ་གཏོང་རྒྱུ། འབྲུ་རིགས་ཐོན་འབབ་ཀྲོན་ཁྲི་100ཟིན་པ་བྱ་རྒྱུ། ཞིང་འབྲོག་པའི་ཆེད་ལས་མཉམ་གཉེར་དཔལ་འབྱོར་རྩ་འཛུགས་ལ་རོགས་སྐྱོར་ཤུགས་ཆེ་བྱས་ཐོག དཔེ་མཚོན་མཉམ་ལས་ཁང་འཛུགས་སྐྱོང་ལས་གཞི་སྤེལ་རྒྱུ། ཚད་ལྡན་གཞི་ཁྱོན་ཆགས་པའི་གསོ་སྤེལ་དཔེ་མཚོན་ར་བ་12སྐྲུན་རྒྱུ་དང་། བ་གླང་མགོ་གྲངས་ཁྲི་16.5རྒྱུད་པ་བཟང་དུ་གཏོང་རྒྱུ། སྲོག་ཆགས་ཀྱི་འགོས་ནད་ཚབས་ཆེའི་རིགས་ཀྱི་སྔོན་འགོག་ལས་དོན་ཡག་པོ་བསྒྲུབ་རྒྱུ། ཞིང་འབྲོག་པ་མི་ཐེངས་ཁྲི་6ལ་སྦྱོང་བརྡར་སྤྲོས་རྒྱུ། དབུལ་སྐྱོར་གནད་འཁེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་གནས་དང་རྫོང་གི་གཙོ་རྐང་འགན་འཁྲི་ཤུགས་ཆེར་བཏང་ཐོག གྲོང་ཚོ་ཧྲིལ་པོར་སྐུལ་འདེད་བཏང་ནས་དབུལ་ཕོངས་ཁྱིམ་དུད་དབུལ་གྲོལ་ཕྱུག་འགྱུར་ཡོང་བར་ཕན་འབྲས་དངོས་ཐོན་པ་བྱས་ཏེ་དབུལ་ཕོངས་མི་འབོར་ཁྲི་8ཉུང་དུ་འགྲོ་བ་དང་ཡོང་འབབ་དམའ་བའི་མི་འབོར་གྱིས་ཞིང་འབྲོག་ཁུལ་གྱི་སྤྱིའི་མི་འབོར་ནང་བཟུང་བའི་བསྡུར་ཚད་12%མན་ལ་ཆག་ཐུབ་པ་བྱ་རྒྱུ།
རྨང་གཞིའི་སྒྲིག་བཀོད་ཀྱི་གཅུར་འགག་ཐེབས་གཞི་གང་མགྱོགས་མེད་པ་བཟོ་རྒྱུ། རྒྱལ་ཁབ་ནས་མ་དངུལ་རག་ཐབས་ཧུར་ཐག་དང་། དམངས་ཁྲོད་ཀྱི་མ་འཇོག་སྐུལ་སློང་ལྷོད་མེད་བྱས་ཏེ་དངུལ་རྩའི་འགྱོགས་མདའི་ནུས་པ་འདོན་སྤེལ་དེ་བས་ཡག་པ་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་སྒོར་དུང་ཕྱུར་1300ལས་བརྒལ་ཐུབ་པ་བྱ་རྒྱུ་དང་། ཀྲུང་དབྱང་སྲིད་གཞུང་གིས་མ་འཇོག་སྒོར་དུང་ཕྱུར་466ཡན་ལེགས་སྒྲུབ་བྱས་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་རྣམ་གྲངས་འཛུགས་སྐྲུན་ལས་འགན་རྩ་བའི་ཆར་ལེགས་སྒྲུབ་ཐུབ་པ་བྱ་རྒྱུ། ལྷ་ཉིང་ལྕགས་ལམ་ཇེ་མགྱོགས་བསྐྲུན་རྒྱུ་དང་མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུའི་རྒྱ་སྐྱེད་བཟོ་བཅོས་ལས་གྲྭ་འགོ་འཛུགས་རྒྱུ། ལྷ་ཉིང་རིམ་མཐོའི་གཞུང་ལམ་ལས་འགོ་བཙུགས་པའི་ལམ་རྒྱུད་དང་། བསྐལ་ལ་རི་བོའི་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་གྱི་བསྒྱུར་བཀོད་རྒྱ་སྐྱེད་ལས་གྲྭ་ལེགས་སྒྲུབ་ཐུབ་པ་བྱ་རྒྱུ། ཀོང་པོ་བར་ལའི་ཕུག་ལམ་བཟོ་བའི་ལས་གྲྭ་འགོ་འཛུགས་རྒྱུ། ཁྲོན་བོད་གཞུང་ལམ་གྱི་བསྒྱུར་བཀོད་བཟོ་བཅོས་ལས་གྲྭར་སྐུལ་སྤེལ་གཏོང་རྒྱུ། རྫོང་5དང་ཤང་45ལ་སྣུམ་ལམ་གསར་པ་བཟོས་ནས་ལྗོངས་ཡོངས་ཀྱི་གཞུང་ལམ་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་8ལས་བརྒལ་ཐུབ་པ་བྱ་རྒྱུ། གཞུང་ལམ་ཨ་མ་དང་། གྲོང་གསེབ་ཀྱི་གཞུང་ལམ། དེ་བཞིན་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་བཅས་བཟོ་རྒྱུར་ཤུགས་སྣོན་བརྒྱབ་ཐོག 3Aརིམ་པ་ཡན་གྱི་གནས་ལྗོངས་ཁུལ་གྱི་སྣུམ་ལམ་གང་མགྱོགས་བཟོ་རྒྱུ། ལྷ་སའི་གོང་དཀར་གནམ་ཐང་དང་། ཉིང་ཁྲིའི་སྨན་གླིང་གནམ་ཐང་། ཆབ་མདོའི་སྤང་མདའ་གནམ་ཐང་བཅས་ཀྱི་བསྒྱུར་བཀོད་རྒྱ་སྐྱེད་ལས་གྲྭ་ཇེ་མགྱོགས་སུ་གཏོང་རྒྱུ། རྒྱལ་ཁབ་གློག་དྲ་ཀུང་སི་དང་འཐབ་ཇུས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲོན་བོད་གློག་ཤུགས་དྲ་འབྲེལ་སྣུར་བསྲིང་དང་། བོད་དབུས་གློག་དྲ་ཆན་ཧྥུ་220ཡི་དྲ་སྒྲོམ། གྲོང་ཁྱེར་གློག་དྲའི་བསྒྱུར་བཀོད་བཅས་ཀྱི་ལས་གྲྭ་སྐྲུན་མགྱོགས་སུ་གཏོང་རྒྱུ། གྲོང་གསེབ་གློག་དྲ་རིམ་སྤོར་བསྒྱུར་བཀོད་དང་། གློག་མེད་པའི་ས་ཁུལ་ལ་གློག་ཁྲིད་རྒྱུ། རྫོང་58གློག་དྲ་གཙོ་བོའི་ཁྱབ་ཁོངས་ནང་འཇུག་རྒྱུ་མ་ཟད་གྲོང་གསེབ་གློག་དྲ་ཚབ་གཉེར་ཐུབ་པ་བྱ་རྒྱུ་དང་། དྭགས་པོ་དང་། ལྕི་ཤོད། རྒྱ་ཚ། སོལ་བ་ལུང་སོགས་ཀྱི་ཆུ་ཤུགས་གློག་ཁང་སྐྲུན་མགྱོགས་སུ་གཏོང་བ་དང་འབྲི་ཆུ་དང་། རྫ་ཆུ། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་བཅས་ཀྱི་གློག་ཁུངས་འཆར་འགོད་ཀྱི“བཟོ་ཁྲིད་གསུམ་དང་ཁོད་སྙོམས་གཅིག”འཛུགས་སྐྲུན་ཕྱོགས་ཡོངས་ནས་སྤེལ་འགོ་འཛུགས་རྒྱུ། ཤངས་ཆུའི་ཆུ་བེད་ལྟེ་གནས་དང་སྐྱེད་པ་སོགས་ཀྱི་ཆུ་མཛོད་སྐྲུན་འགོ་འཛུགས་རྒྱུ། ཞིང་ཁའི་ཆུ་བེད་དང་། དམངས་འཚོའི་ཆུ་བེད། འབྱུང་ཁམས་ཆུ་བེད་བཅས་ཀྱི་ཕྱོགས་བསྡུས་ཚང་སྒྲིག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་བཟོ་སྐྲུན་ཆུ་འདོན་ནུས་ཚད་རྨིད་ཤོ་གཟུགས་དུང་ཕྱུར་7མང་དུ་འགྲོ་བ་བྱ་རྒྱུ། མཐའ་མཚམས་ས་ཁུལ་ལ་སྒུལ་འཁྱེར་འཕྲིན་གཏོང་ཁེབས་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཡུལ་སྐོར་གནས་ལྗོངས་ཁུལ་དང་གཞུང་ལམ་ཨ་མ་སོགས་གཙོ་ཆེའི་ས་ཁོངས་ལ་འཕྲིན་གཏོང་ཞབས་ཞུ་ལེགས་སུ་གཏོང་རྒྱུ། ཤང་གྲོང་ཚང་མར་སྦྲག་སྲིད་དྲ་ཚིགས་ཀྱི་ཞབས་ཞུ་ཡོངས་སུ་ཁེབས་པ་བྱ་རྒྱུ། ཅིན་བོད་མྱུར་བགྲོད་གཞུང་ལམ་གྱི་ནག་ཆུ་ནས་ལྷ་ས་བར་གྱི་དུམ་བུ་དང་། ཁྲོན་བོད་ལྕགས་ལམ་ཉིང་ཁྲི་ནས་ཆབ་མདོ་བར་གྱི་དུམ་བུ། གཞིས་རྩེ་ནས་འགག་སྒོ་བར་གྱི་ལྕགས་ལམ། ལྷ་སའི་གནམ་ཐང་གསར་པ། ཡེར་པ་གྲམ་ཐང་དང་ལ་འོག་གི་ཆུ་ཤུགས་གློག་ཁང་སོགས་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ཡག་པོ་བསྒྲུབ་རྒྱུ།
ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་གྲོང་རྡལ་གསར་གྲས་ཅན་དུ་སྒྱུར་རྒྱུར་ཧུར་ཞིང་བརྟན་པོའི་ངང་སྐུལ་སྤེལ་གཏོང་རྒྱུ། མི་རྩ་བར་འཛིན་རྒྱུ་དང་། ཁྱབ་བཀོད་ལེགས་སྒྱུར་བྱ་རྒྱུ། འབྱུང་ཁམས་ཤེས་དཔལ་ལྡན་པ། རིག་གནས་རྒྱུན་འཛིན། ཐོན་ལས་འདེགས་སྐྱོར་བཅས་བྱེད་པའི་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ལམ་རྒྱུད་དང་། མཐའ་རྒྱུད། གཙང་རྒྱུད་བཅས་གཙོ་གནད་དུ་བཟུང་ནས་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་གྲས་ཁག་གཅིག་འཛུགས་སྐྲུན་བྱ་རྒྱུ། དེ་བཞིན་མ་དངུལ་སྒྲིལ་སྤྱོད་བྱས་ཏེ་གྲོང་ཁྱེར་གྲོང་རྡལ་གསར་པ་སྐྲུན་རྒྱུའི་ཚོད་ལྟ་བྱེད་འགོ་འཛུགས་རྒྱུ།
གཉིས། ཁྱད་ལྡན་ཐོན་ལས་དང་འབྱུང་ཁམས་ཤེས་དཔལ་ལྡན་པར་འཛུགས་སྐྱོང་བྱ་རྒྱུའི་གཙོ་གནད་གཉིས་མངོན་ཆེར་བཟུང་དགོས།
ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། བོད་ལྗོངས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་འཛུགས་སྐྱོང་བྱ་རྒྱུའི་འཆར་འགོད་བཟོ་སྒྲིག་ལག་བསྟར་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ། བསྐྱར་དུ་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་3ནས་5བར་ལ་རྒྱབ་སྐྱོར་བྱས་ནས་འཕེལ་རྒྱས་གཏོང་རྒྱུ། གཞི་རིམ་རྩ་འཛུགས་དང་། ཆེད་ལས་མཉམ་གཉེར་དཔལ་འབྱོར་རྩ་འཛུགས། སྣེ་འདྲེན་ཁེ་ལས། ཞིང་འབྲོག་པ་བཅས་མཉམ་སྦྲགས་ཀྱི་གོང་འཕེལ་གཏོང་སྟངས་ཁྱབ་སྤེལ་ཤུགས་ཆེ་བཏང་ཐོག འདེབས་གསོའི་དུད་ཚང་ཆེན་པོ་དང་། ཁྱིམ་ཚང་གི་ཞིང་ར་འབྲོག་ར། ཞིང་འབྲོག་པའི་མཉམ་ལས་ཁང་བཅས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱས་ནས་གོང་འཕེལ་གཏོང་རྒྱུ། སྣ་རིགས་དང་། སྤུས་ལེགས། གྲགས་རྟགས་བཅས་བཟོ་འདོན་དང་ཞིང་ལས་ཐོན་རྫས་སྤུས་ལེགས་གནོད་མེད་དཔེ་སྟོན་ཁུལ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་ཅན་དུ་འགྱུར་ཚད་40%ཟིན་པ་བྱ་རྒྱུ།
ཐོན་ལས་གཉིས་པ་གཞི་ཁྱོན་ལྡན་པ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ། ཆུ་གསུམ་རྒྱུག་ཁུལ་དང་ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ཀྱི་ཆུ་གློག་གསར་སྤེལ་གང་མགྱོགས་བྱས་ནས“བོད་གློག་ཕྱིར་ཁྲིད”ཀྱི་སྔོན་གྲབས་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ། རྟགས་ལེགས་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ནས་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་གྱི་འཆར་འགོད་བཟོ་རྒྱུ་དམ་འཛིན་གྱིས“བོད་ཀྱི་ཆུ་བཟང་། འཛམ་གླིང་མཉམ་སྤྱོད”ལ་ཁྱོན་ཡོངས་ནས་འོས་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་བྱུང་འཐུང་ཆུའི་ཐོན་འབོར་ལ་འགག་སྒྲོལ་ཆེ་ཙམ་ཡོང་བ་བྱ་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་བྱ་རྒྱུ་དང་ཐོན་རྫས་ཞིབ་འཇུག་གསར་གཏོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་འབབ་རིན་ཐང་སྒོར་དུང་ཕྱུར13ཡན་ཟིན་པ་བྱ་རྒྱུ། བོད་མཚོ་བཟོ་ལས་གླིང་ཁུལ་སྐྲུན་རྒྱུར་མུ་མཐུད་སྐུལ་སྤེལ་བཏང་སྟེ་ནང་ཞུགས་ཁེ་ལས་ཁག་50ཐོན་སྐྱེད་ལས་འགོ་འཛུགས་ཐུབ་པ་བྱ་རྒྱུ། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་པའི་ཁུལ་གྱི་Bཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ། བཟོ་ལས་དཔལ་འབྱོར་ལེགས་བསྡུས་རུབ་གཉེར་བྱ་རྒྱུར་སྐུལ་སྤེལ་བཏང་སྟེ་གླིང་ཁུལ་གྱི་དཔལ་འབྱོར་འཕར་ཐང་གིས་བཟོ་ལས་འཕར་ཐང་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆའི་གྲངས་5འཕར་བ་བྱ་རྒྱུ།
འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་གང་མགྱོགས་སྐྲུན་རྒྱུ། ཡུལ་སྐོར་གྱི་ཁུལ་ཆེན་སྐྲུན་པའི་འཐབ་ཇུས་ལག་བསྟར་བྱ་དགོས་ཤིང་། ཁུལ་ཁོངས་ལས་བརྒལ་བའི་གནས་ལྗོངས་ཀྱི་དོ་དམ་དང་གཉེར་སྐྱོང་སྒྲིག་སྲོལ་བསྒྱུར་བཅོས་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། ཁྱད་ལྡན་དང་སྤུས་ལེགས་རྩེ་གྲའི་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱ་རྒྱུར་ཤུགས་རྒྱག་པ། ལྷ་ས་འདི་ཉིད་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་དང་ཉིང་ཁྲི་འདི་ཉིད་འབྱུང་ཁམས་ཡུལ་སྐོར་ཁུལ་ཞིག་ཏུ་སྐྲུན་རྒྱུར་ཤུགས་བརྒྱབ་སྟེ་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་1700ལ་སྣེ་ལེན་དང་ཡོང་འབབ་སྒོར་དུང་ཕྱུར་240ཟིན་པ་བྱ་རྒྱུ། ཡུལ་སྐོར་དེ་རིག་གནས་དང་། འབྱུང་ཁམས། བོད་ལུགས་གསོ་རིག་དང་བོད་སྨན། མི་རིགས་ལག་ཤེས་བཟོ་ལས་བཅས་དང་མཉམ་སྤེལ་མཉམ་འདྲེས་ཐོག་ནས་གོང་འཕེལ་བཏང་སྟེ་བོད་ལྗོངས་ཡུལ་སྐོར་གྱི་གདང་རིམ་མཐོ་རུ་གཏོང་རྒྱུ། ཀྲུང་གོའི་བོད་ཀྱི་ཡུལ་སྐོར་ཐོན་ལས་གླིང་ཁུལ་གང་མགྱོགས་འཛུགས་སྐྱོང་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་བོད་ཆཱང་དབྱི་གསུམ་གྱི་རིག་གནས་ཐོན་ལས་ཁྱམས་རིང་འཛུགས་རྒྱུར་སྐུལ་སྤེལ་གཏོང་རྒྱུ། དེང་རབས་ཀྱི་དངོས་ཟོག་འགྲེམས་སྐྱེལ་ལས་རིགས་དེ་ཞིང་འབྲོག་ཁུལ་དུ་ཁྱབ་འགྱེད་འགྲོ་རྒྱུར་གཞོགས་སྐྱོར་ཧུར་ཐག་བྱས་ཐོག གཞིས་རྩེའི་ཕྱོགས་བསྡུས་དངོས་ཟོག་འགྲེམས་སྐྱེལ་གླིང་ཁུལ་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ། གློག་རྡུལ་ཚོང་དོན་སོགས་གསར་དར་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། ཁྱིམ་ལས་རྒན་གསོ་དང་། རིག་གནས་རོལ་རྩེད། ས་མཐོའི་ལུས་རྩལ་སོགས་ཀྱི་ཐོན་ལས་གོང་འཕེལ་ཧུར་ཐག་གཏོང་རྒྱུ། ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་སྐྱེལ་མུ་མཐུད་བྱས་ཏེ་མོ་ཊ་དང་། སྡོད་ཁང་། ཁྱིམ་སྤྱོད་གློག་ཆས། ཞིང་འཕྲུལ་སོགས་ཕོན་ཆེའི་ཚོང་ཟོག་འཛད་སྤྱོད་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ།
འབྱུང་ཁམས་ཤེས་དཔལ་ལྡན་པ་སྐྱོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། འབྱུང་ཁམས་སྲུང་སྐྱོང་གི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས་ཤིང་། ཁོར་ཡུག་བྱེད་ནུས་ཀྱི་ཁུལ་ཁོངས་དབྱེ་བ་དང་འབྱུང་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་གཏན་འཁེལ་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་གསར་པ་ལག་བསྟར་ནན་པོ་བྱས་ཐོག ཁོར་ཡུག་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་དང་། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་ནོར་སྲིད་མ་དངུལ་སྒྱུར་སྤྲོད་བྱ་རྒྱུ་དང་ཟུང་སྦྲེལ་བྱེད་པའི་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་དོན་འཁྱོལ་བྱ་རྒྱུ། གཏེར་རྫས་ཐོན་ཁུངས་གསར་སྤེལ་བྱེད་པར་རང་སྐྱོང་ལྗོངས་སྲིད་གཞུང་ནས“སྨྱུག་གཅིག་མའི”ཞིབ་མཆན་འགོད་པའི་ལམ་ལུགས་དང“ཁོར་ཡུག་སྲུང་སྐྱོབ་ཐད་སྤ་སེ་གཅིག་གིས་ཕྲུ་སློག་གཏོང་བའི”ལམ་ལུགས་མཐའ་འཁྱོངས་བྱས་ཏེ“མཐོ་གསུམ”ཁེ་ལས་དང་རྣམ་གྲངས་རིགས་ལ་ཞིབ་མཆན་གཅིག་ཀྱང་མི་འགོད་པ་དང་ནང་འདྲེན་གཅིག་ཀྱང་བྱ་རྒྱུ་མིན། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་གསོ་སྔོ་སྒྱུར་ལས་གཞིར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་སྟེ་ཤིང་འཛུགས་ནགས་བཟོ་དང་རི་རྒྱ་བསྡམས་ནས་ནགས་གསོ་མུའུ་ཁྲི་110ཡན་བྱ་རྒྱུ། སྤྱི་ཕན་ནགས་གླིང་བདག་སྐྱོང་བྱ་ཐབས་ཕྱོགས་ཡོངས་ནས་ལག་བསྟར་གྱིས་ནགས་གསོ་སྔོ་སྒྱུར་བྱས་ནས་ནགས་གླིང་དུ་གྱུར་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། འདམ་ར་དང་ཆུའི་འབྱུང་ཁམས་སྐྱོང་གསབ་ཀྱི་ཚོད་ལྟ་སྤེལ་རྒྱུ་དང་། རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་བྱ་རྒྱུའི་བརྩོན་ལེན་ཧུར་ཐག་བྱ་རྒྱུ། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་བཙོག་འབུད་གཙོ་བོའི་སྤྱི་འབོར་ཚོད་འཛིན་བྱེད་པའི་དམིགས་ཚད་ལ་དཔྱད་ཞིབ་བྱེད་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་བཙོག་འབུད་གཙོ་བོའི་སྤྱི་འབོར་ཚོད་འཛིན་འཆར་འགོད་བཟོ་རྒྱུ། “སྔོ་ལྗང་དང་། དྭངས་གཙང་། དཀར་གསལ། མཛེས་སྡུག”བཅས་ལྡན་པ་བཟོ་རྒྱུ་གཙོ་གནད་དུ་བཟུང་སྟེ་སྲིད་འཛིན་གྲོང་ཚོ་898ཀྱི་མིའི་འཚོ་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུར་ཤུགས་རྒྱག་དགོས།
གསུམ། དམངས་འཚོ་ལེགས་བཅོས་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་བསྒྲུབ་རྒྱུའི་འགན་སྲུང་གཉིས་ལ་ཤུགས་སྣོན་རྒྱག་དགོས།
དམངས་གཅེས་དང་། དམངས་བདེ། དམངས་ཕན་བཅས་ཀྱི་ལྟ་བ་མཐའ་གཅིག་ཏུ་བཟུང་ཐོག་ནོར་ཤུགས་70%ཡན་དམངས་འཚོའི་ཐོག་གཏོང་རྒྱུ་དང་། གཙོ་གནད་དུ་ཞིང་འབྲོག་པ་དང་། གཞི་རིམ། ཉམས་ཐག་རིགས་གྲས་བཅས་ལ་འཕར་གཟིགས་བྱ་རྒྱུ་དང་། དམངས་འཚོའི“བྱ་བ་དངོས་བཅུ”མུ་མཐུད་ཡག་པོ་བསྒྲུབས་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་རྒྱུ།
སྔར་ལས་ལྷག་པའི་སྒོ་ནས་ཚད་གཞི་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ། གཏོང་ཆ་སྒོར་དུང་ཕྱུར་86བཏང་ནས་ཕྱོགས་10ཐད་ཀྱི་ཚད་གཞི་སྤོར་བ་དང་ཁེབས་རྒྱ་ཆེ་རུ་གཏོང་བའི་སྲིད་ཇུས་ཁག་26ལག་བསྟར་བྱ་རྒྱུ། སློབ་གསོའི“འགན་ལེན་གསུམ”གྱི་ལོ་རེར་སློབ་མ་རེའི་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་དེ་སྒོར་100མང་དུ་གཏོང་རྒྱུ། འགན་ལེན་ལྔའི་འཚོ་སྐྱོང་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་750མང་དུ་གཏོང་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་འཚོ་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར་20མང་དུ་གཏོང་རྒྱུ། ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར་332མང་དུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ཁ་གསབ་ཚད་གཞི་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་ཁག་སོ་སོར་སྒོར་40མང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་བྱ་རྒྱུའི་ཁ་གསབ་དེ་ཁག་སོ་སོར་ཟླ་རེར་མི་རེར་ཆ་སྙོམས་སྒོར་590བར་དང་ལོ་རེར་མི་རེར་ཆ་སྙོམས་སྒོར་2350བར་མཐོ་རུ་གཏོང་རྒྱུ། མཐའ་མཚམས་གྲོང་མིའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་300མང་དུ་གཏོང་རྒྱུ། གྲོང་གསེབ་ཀྱི་སྨན་པ་དང་ཕྱུགས་རིགས་སྨན་པའི་ཐོབ་ཐང་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་300མང་དུ་གཏོང་རྒྱུ། ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། ངལ་རྩོལ་དཔེ་བཟང་པ་རྒན་གྲས་བཅས་ཀྱི་འཚོ་བའི་ཁ་གསབ་རོགས་དངུལ་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་50མང་དུ་གཏོང་རྒྱུ། གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ་དང་ལས་ཀའི་བྱས་འབྲས་དཔྱད་ཞིབ་བྱ་དགའི་ཚད་གཞི་དེ་50%མཐོ་རུ་གཏོང་རྒྱུ། ས་ཁུལ་རིགས་གཉིས་པ་དང་། གསུམ་པ། བཞི་པ་བཅས་དང་གྲོང་གསེབ་ཀྱི་སྨན་དོན་མི་སྣ་དང་དགེ་རྒན་གྱི་ཟླ་རེའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་མི་རེར་ཆ་སྙོམས་སྒོར་100དང་། སྒོར200 སྒོར300བཅས་མང་དུ་གཏོང་རྒྱུ། ཤང་དང་གྲོང་རྡལ་གྱི་ལས་བྱེད་ལས་བཟོའི་ཟླ་རེའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ཁག་སོ་སོར་སྒོར་50དང་། སྒོར་100 སྒོར་200བཅས་མང་དུ་གཏོང་རྒྱུ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ནད་ཚབས་ཆེ་བར་ནད་གཡོག་བྱེད་མཁན་གྱི་ཁ་གསབ་དངུལ་སྤྲོད་རྒྱུའི་ལམ་ལུགས་དང་དཔལ་འབྱོར་དཀའ་ངལ་ཡོད་པའི་ལོ་ན་མཐོ་ཞིང་ལས་ནུས་ཤོར་བའི་རྒན་འཁོགས་ལ་ཁ་གསབ་སྤྲོད་པའི་ལམ་ལུགས་འཛུགས་རྒྱུ་དང་། དབུལ་ཕོངས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་ཆེན་སློབ་མར་སློབ་སྐྱོར་རོགས་དངུལ་སྤྲོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།
སྤྱི་ཚོགས་ཀྱི་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་རྒྱུ། འགན་ལེན་ལྔའི་གཅིག་སྡུད་འཚོ་སྐྱོང་བྱ་ཡུལ་ཁག་63དང་། ས་གནས་དང་གྲོང་ཁྱེར་རིམ་པའི་བྱིས་པའི་ཕན་བདེ་ཁང་ཁག་9ཡོངས་སུ་སྐྲུན་ཐུབ་པ་བྱས་ནས་གཅིག་སྡུད་འཚོ་སྐྱོང་ནང་ཞུགས་འདོད་ཡོད་པའི་འགན་ལེན་ལྔའི་མི་སྣ་རྫོང་རིམ་ཡན་དུ་གཅིག་སྡུད་འཚོ་སྐྱོང་བྱེད་ཚད་100%དང་། ས་གནས་དང་གྲོང་ཁྱེར་རིམ་པ་ཡན་དུ་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་ཚད་100%ཟིན་པའི་དམིགས་ཚད་སྔ་སྣུར་དུ་འགྲུབ་པ་བྱ་རྒྱུ། གཞན་ཡུལ་དུ་སྨན་བཅོས་བྱས་པར་དུས་རྩིས་རྒྱག་ཐབས་དང་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་ནད་གཞི་ཆེ་རིགས་ཀྱི་འགན་བཅོལ་བྱ་ཐབས་རིམ་བཞིན་འཐུས་ཚང་བཟོ་རྒྱུ། གྲོང་གསེབ་ཀྱི་ཉེན་ཆེའི་ཁང་པ་བཟོ་བཅོས་མུ་མཐུད་རྒྱག་རྒྱུ་དང་། སྡོད་ཁང་སྐྱོ་ཁུལ་དང་གྲོང་ཁུལ་རྙིང་པ་བརྟན་པོའི་ངང་བསྒྱུར་བཀོད་བཟོ་བཅོས་བྱས་ཐོག ཤང་དང་གྲོང་རྡལ་གྱི་ལས་བྱེད་ལས་བཟོའི་ལས་ཤག་ཁྲི་3.2དང་འགན་སྲུང་རང་བཞིན་གྱི་བདེ་སྡོད་ཁང་པ་ཁྲི་3.38གསར་རྒྱག་བྱེད་འགོ་འཛུགས་རྒྱུ། ནག་ཆུ་གྲོང་རྡལ་དང་སེང་གེ་ཁ་འབབ་གྲོང་རྡལ་དུ་གཅིག་སྡུད་ཐོག་དྲོད་གཏོང་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ། དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ཏེ་སྐུལ་ལྕག་འགན་སྲུང་ལམ་སྲོལ་བཟོས་ནས་སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་དང་བྱ་གཞག་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་གོ་རིམ་ལྡན་པའི་ངང་ཞུགས་རྒྱུ་དང་དེ་ནས་ཕྱིར་འཐེན་བྱེད་པའི་ལམ་སྲོལ་འཐུས་ཚང་བཟོས་ཐོག གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་པ་གཅིག་ཀྱང་མེད་པའི་ཁྱིམ་ཚང་ལ་སྐབས་བསྟུན་ལས་ཞུགས་པ་ཡོད་པ་བཟོ་རྒྱུ། ཞིང་འབྲོག་པ་མི་ཐེངས་ཁྲི་100ལས་ཞུགས་ཁ་སྒྱུར་ཐུབ་པ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཁྲོམ་རར་བསྐྱོད་པ་དང་འབབ་འཕར་ཕྱུག་འགྱུར་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ།
སློབ་གསོ་དྲང་སྙོམས་ཡོང་རྒྱུར་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ། ཀུན་སྤྱོད་སློབ་གསོ་དང་བསམ་བློ་ཆབ་སྲིད་ལས་དོན་སྤེལ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ། ཞིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སྐད་གཉིས་བུ་བཅོལ་ཁང་དང་གྲོང་ཁྱེར་གྲོང་རྡལ་གྱི་བུ་བཅོལ་ཁང་237གསར་རྒྱག་དང་རྒྱ་སྐྱེད་གཏོང་རྒྱུ། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཚད་དང་ལྡན་པར་གང་མགྱོགས་འཛུགས་སྐྲུན་བྱ་རྒྱུ་དང་། རྫོང་ཁག་12ཀྱི་འགན་བབས་སློབ་གསོ་ཆ་མཚུངས་གོང་འཕེལ་གཏོང་བར་ཚོད་སྐོར་ཞིབ་བཤེར་རྩིས་ལེན་ལེགས་སྒྲུབ་བྱ་རྒྱུ། “སྐད་གཉིས”སློབ་གསོ་གཏིང་ཟབ་སྤེལ་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཁྲིད་བྱ་རྒྱུར་ཤུགས་རྒྱག་པ་དང་གོ་རིམ་ལྡན་པའི་ངང་ནང་སའི་བོད་ལྗོངས་འཛིན་གྲྭ་དང་སློབ་གྲྭར་མཉམ་བསྲེས་འཛིན་གྲྭ་འཛུགས་རྒྱུ། ལག་རྩལ་ནུས་ཆེའི་དགེ་རྒན་ནང་འདྲེན་དང་གསོ་སྐྱོང་བྱས་ཐོག དེང་རབས་ལས་རིགས་སློབ་གསོའི་མ་ལག་གང་མགྱོགས་འཛུགས་རྒྱུ། སློབ་སྤྱི་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། སློབ་ཆེན་གྱི་ཆེད་ལས་རིག་ཚན་ལས་སྟེགས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དགོས་མཁོ་དང་འཚམ་པའི་ཤེས་ལྡན་པ་རིགས་འདྲ་མིན་གསོ་སྐྱོང་ཤུགས་ཆེ་བྱ་རྒྱུ།
སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། རྫོང་དང་ཤང་གི་སྨན་བཅོས་འཕྲོད་བསྟེན་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུའི་ལས་གཞི་སྤེལ་བ་དང་། རྒྱང་བསྟེན་སྨན་བཅོས་སོགས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཆ་འཕྲིན་ཅན་འཛུགས་སྐྱོང་བྱ་རྒྱུར་སྐུལ་སྤེལ་བཏང་སྟེ་ཐོན་རྟག་པའི་ནད་དང་ཐོན་མང་བའི་ནད་ཀྱི་རིགས་རྫོང་ནས་རྩ་བའི་ཆར་ཕྱིར་འགྲོ་མི་དགོས་པར་སྨན་བཅོས་ཐུབ་པ་བྱ་རྒྱུ། རང་སྐྱོང་ལྗོངས་སྨན་རྩིས་ཁང་རྒྱ་སྐྱེད་བཟོ་བཅོས་དང་། རང་སྐྱོང་ལྗོངས་སྦྲུམ་མ་དང་བྱིས་པའི་སྨན་ཁང་གསར་རྒྱག་བྱ་རྒྱུ། ས་ཁད་མཐོ་བའི་ས་ཁུལ་དུ་མཐོ་གནོན་དབྱང་རླུང་གསོ་ཁང་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ། གཞུང་བཙུགས་སྨན་ཁང་བསྒྱུར་བཅོས་ལས་དོན་མུ་མཐུད་བརྟན་པོའི་ངང་ཧུར་ཐག་སྤེལ་རྒྱུ། ཞིང་འབྲོག་པས་རིམ་ཁག་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱས་ནས་སྨན་རིན་འཕྲལ་རྩིས་རྒྱག་ཐབས་ཁྱབ་གདལ་གཏོང་རྒྱུ། གྲོང་གསེབ་ཀྱི་སྨན་བཅོས་མི་སྣ་ཁྲི་1ལ་སྦྱོང་བརྡར་སྤྲོས་རྒྱུ། སྨན་བཅོས་ཀྱི་གཙོ་གནད་ཆེད་ལས་ཚན་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ། བུད་མེད་དང་བྱིས་པའི་འཕྲོད་བསྟེན་དང་སྐྱེས་གསོ་གཉིས་ལེགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བསུ་བྱེད་ཚད་90%ཟིན་པ་བྱ་རྒྱུ།
སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། བོད་ཀྱི་ན་གཞོན་བྱིས་པའི་ཕོ་བྲང་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ་དང་། བོད་ཀྱི་རྟེན་རྫས་བཤམས་སྟོན་ཁང་རྒྱ་སྐྱེད་བཟོ་བཅོས་བྱ་རྒྱུ། བོད་ཀྱི་མི་རིགས་ཡི་གེའི་དཔེ་སྐྲུན་རྟེན་གཞི་སྐྲུན་རྒྱུ། རྫོང་རིམ་པར་སྐུད་ཡོད་བརྙན་འཕྲིན་གྲངས་འཛིན་ཅན་ཡོངས་སུ་ཁེབས་ཐུབ་པ་བྱ་རྒྱུ། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞིའི་གཞི་རིམ་ཞབས་ཞུའི་ས་ཚིགས་ཕྱོགས་ཡོངས་ནས་སྐྲུན་ཟིན་པ་བྱ་རྒྱུ། གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གཞི་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱ་རྒྱུ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བོད་ལྗོངས་ཀྱི་བརྗོད་བྱའི་རིག་རྩལ་བརྩམ་བྱ་གསར་རྩོམ་བྱེད་པར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཏེ་རླུང་འཕྲིན་དང་། གློག་བརྙན། བརྙན་འཕྲིན་བཅས་ཀྱི་བརྩམ་བྱ་ཕབ་སྒྱུར་བཟོ་སྒྲིག་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། སྐབས་བཅུ་པའི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་དང་སྐབས་དང་པོའི་རྒྱལ་ཡོངས་གཞོན་ནུའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་རྒྱུའི་གྲ་སྒྲིག་ཧུར་ཐག་བྱ་རྒྱུ།
བདེ་འཇགས་ཐོན་སྐྱེད་ལ་ལྟ་འདོམས་དང་གནོད་འཚེ་འགོག་སེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་སྲུང་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་མ་ལག་དང་ལྟ་འདོམས་ནུས་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཐོན་སྐྱེད་ལས་གཉེར་ཁྱབ་ཁོངས་དང་། ལས་གྲྭ་ཨར་སྐྲུན་ཁྱབ་ཁོངས། ཞིང་ཟོག་ཐོན་རྫས་སྤུས་ཚད་ཀྱི་བདེ་འཇགས། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་བཅས་ལ་ལྟ་འདོམས་ཏན་ཏིག་བྱ་རྒྱུ་དང་། གཞུང་ལམ་འགྲིམ་འགྲུལ་དང་། སྣུམ་རླངས་མདོང་ལམ། མེ་ཟོན་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་སྒྲིག་ལམ་གཙོ་གནད་དུ་བཅོས་སྐྱོང་བྱས་ཏེ་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེའི་རིགས་མི་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱ་རྒྱུ། རང་བྱུང་གནོད་འཚེར་འཕྲལ་སྡོམ་སྔོན་བརྡ་དང་། བཀོད་འདོམས། རོགས་སྐྱོབ་བཅས་བྱེད་པའི་མ་ལག་གང་མགྱོ གས་འཐུས་ལེགས་སུ་བཏང་ཐོག ཞིང་འབྲོག་ལས་ཀྱི་གནོད་འཚེ་འགོག་ཟོན་དང་ཆུང་དུ་གཏོང་བའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ལྷ་སའི་ཀྲུང་དབྱང་རིམ་པའི་རྒུད་སྐྱོབ་དངོས་ཟོག་གྲབས་གསོག་མཛོད་ཁང་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ། ཆབ་མདོའི་ས་ཡོམ་གནོད་འཚེ་ཕོག་ཁུལ་སོགས་སླར་བཟོ་བསྐྱར་སྐྲུན་ལས་ཀ་ཆ་ཚང་ལེགས་སྒྲུབ་ཟིན་པ་བྱ་རྒྱུ།
བཞི། བསྒྱུར་བཅོས་སྒོ་དབྱེ་དང་ག་སྦྱར་རོགས་སྐྱོར་གྱི་སྒུལ་ཤུགས་གཉིས་སྐུལ་སློང་བྱེད་དགོས།
བསྒྱུར་བཅོས་ཀྱི་ཕན་པ་ཆེ་ཤོས་ཐོན་པ་བྱ་རྒྱུ། མཉམ་སྡེབ་ས་ཞིང་གི་བདག་དབང་གཏན་འཁེལ་གྱིས་ཐོ་འགོད་ལག་ཁྱེར་སྤྲོད་མགྱོགས་སུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་བྱེད་དབང་གཏན་འཁེལ་གྱིས་ཐོ་འགོད་ལག་ཁྱེར་སྤྲོད་རྒྱུར་བརྟན་པོའི་ངང་སྐུལ་སྤེལ་གཏོང་རྒྱུ། གྲོང་གསེབ་ཀྱི་བསྒྱུར་བཅོས་ཚོད་ལྟའི་ཁུལ་འཛུགས་རྒྱུའི་ལས་དོན་དམ་འཛིན་བྱ་རྒྱུ། སྲིད་གཞུང་གི་སྔོན་རྩིས་མ་ལག་འཐུས་ལེགས་བཟོས་ནས་སྲིད་གཞུང་གི་སྔོན་རྩིས་ཡོངས་བསྒྲགས་ཐུབ་པ་བྱ་རྒྱུ་དང་། ས་ཁད་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ་དང་། ཐག་རིང་ལུང་ཁུག མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ལ་ནོར་སྲིད་ནས་མ་དངུལ་སྒྱུར་སྤྲོད་མང་དུ་གཏོང་རྒྱུ། ཐོན་ལས་ཀྱི་གཞོགས་སྐྱོར་མ་དངུལ་སྒྲིལ་སྤྱོད་བྱས་ཏེ་སྒོར་དུང་ཕྱུར་30ཟིན་པའི་རང་སྐྱོང་ལྗོངས་ཀྱི་ཁུལ་འཕེལ་ཐོན་ལས་དང་བྱ་གཞག་གསར་གཏོད་ལ་མ་འཇོག་ཁྲིད་སྟོན་གྱི་ཐེབས་རྩ་འཛུགས་རྒྱུ། དམངས་ཁྲོད་མ་རྩའི་ཐོག་ནས་ཐོན་ལས་ཀྱི་མ་འཇོག་ཐེབས་རྩ་དང་རྐང་དབང་གི་མ་འཇོག་ཐེབས་རྩ་འཛུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ། ཕྱོགས་ཡོངས་ནས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་གཙང་བཤེར་ཚད་ལྡན་བཟོ་རྒྱུ། “ལས་ཁྲལ་ནས་འཕར་ཁྲལ་དུ་སྒྱུར་རྒྱུ”དང་། ས་གནས་ཀྱི་དཔྱ་ཁྲལ་ལམ་ལུགས། ཚོང་དོན་ཐོ་འགོད་ལམ་ལུགས་བཅས་བསྒྱུར་བཅོས་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། གཞུང་ཁོངས་ཁེ་ལས་བསྐྱར་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་དབང་བའི་ལམ་ལུགས་མཉམ་བསྲེས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ། འགུལ་མེད་རྒྱུ་ནོར་གཅིག་གྱུར་ཐོ་འགོད་བྱེད་ལམ་འཛུགས་རྒྱུ། ཐོན་ཁུངས་གསར་སྤེལ་གྱི་ཁེ་ཕན་སྐྱོང་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཁག་བརྟན་ཞིང་གཟབ་ནན་ངང་སྐུལ་སྤེལ་གཏོང་རྒྱུ།
དངུལ་རྩའི་ཞབས་ཞུའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཞིང་འབྲེལ་དང་། ཁེ་ལས་འབྲིང་ཆུང་ཕྲན་ཚེགས། དེ་བཞིན་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་བཅས་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། དབུལ་སྐྱོར་སྐྱེད་སྦྱར་གྱི་དངུལ་བུན་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱས་ཏེ་ལོ་མཇུག་ཏུ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2000ལས་བརྒལ་བ་དང་25%ཡན་འཕར་བ་བྱ་རྒྱུ། བང་རིམ་མང་བའི་མ་རྩའི་ཁྲོམ་ར་འཛུགས་སྤེལ་བྱས་ཐོག ཆ་རྐྱེན་འཛོམས་པའི་ཁེ་ལས་ཁྲོམ་འགྲེམས་བྱ་རྒྱུ་དང་གྲུབ་གསུམ་གསར་པ་དང་ཁུལ་ཁོངས་རང་བཞིན་གྱི་རྐང་དབང་ཉོ་ཚོང་ཁྲོམ་རའི་མིང་བྱང་འགེལ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། བོད་ཀྱི་དངུལ་རྩའི་བོགས་གཏོང་ཀུང་སི་འཛུགས་ཐུབ་པ་བྱ་རྒྱུའི་ཐོག་ལོ་འཁོར་ནང་འཛིན་ལོར་ཀུང་སི་1དང་ཐེབས་རྩ་དོ་དམ་ཀུང་སི་1གསར་འཛུགས་བྱ་རྒྱུ་དང་ས་གནས་ཀྱི་འགན་བཅོལ་ཁྲིམས་ཚན་ལས་ཁུངས་གྲབས་འཛུགས་གང་མགྱོགས་བྱ་རྒྱུ། ཞིང་འབྲོག་པ་དང་ཁེ་ལས་འབྲིང་ཆུང་ཕྲན་ཚེགས་ཀྱི་དངུལ་བུན་ཁག་ཐེག་གི་འགན་བཅོལ་ལས་སྒོ་སྤེལ་རྒྱུ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་གང་མགྱོགས་བྱ་རྒྱུ།
ཕྱི་ནང་གཉིས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ། སྐབས་དང་པོའི་བོད་ལྗོངས་འགྲེམས་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཏན་ཏིག་བྱས་ཏེ་སྐབས་གཉིས་པའི་བོད་ལྗོངས་འགྲེམས་ཚོགས་གཉེར་རྒྱུའི་གྲ་སྒྲིག་ཞིབ་ཚགས་བྱས་ཐོག ཚོང་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་ཆེ་རུ་བཏང་སྟེ་མ་འཇོག་ཁོར་ཡུག་ལེགས་སྒྱུར་བྱ་རྒྱུ། “ལྷུག་གློད་ལྔ་དང་རྒྱབ་སྐྱོར་དྲུག”གི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱི་དབང་མིན་པའི་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་བཏང་ནས་2010ལོའི་རྨང་གཞིའི་ཐོག་འཕར་སྣོན་རིན་ཐང་དང་། ཁྲོམ་ར་གཉེར་མཁན། ལས་ཞུགས་ལས་གནས་བཅས་ལྡབ་གཅིག་འཕར་ཐུབ་པ་བྱ་རྒྱུ་དང་། ཁྲལ་འབབ་ལྡབ་གཉིས་འཕར་བ་བྱ་རྒྱུ། ལྷོ་ཨེ་ཤེ་ཡའི་སྐམ་སའི་བགྲོད་ལམ་ཆེ་མོ་འཛུགས་སྐྲུན་གང་མགྱོགས་བྱས་ཏེ“དར་ཁུལ་གཅིག་དང་འགྲུལ་ལམ་གཅིག”དང་བྷང་ཀྲུང་ཧིན་འབར་བཞིའི་དཔལ་འབྱོར་ཁྱམས་རིང་དང་འབྲེལ་མཐུད་ཧུར་ཐག་བྱས་ཐོག ཧི་མ་ལ་ཡའི་སྐོར་རྒྱུད་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྱོང་བྱ་རྒྱུར་སྐུལ་སྤེལ་བཏང་ནས་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་སྤྱི་འབོར་10%འཕར་ཐུབ་པ་བྱ་རྒྱུ།
ག་སྦྱར་བོད་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱི་ག་སྦྱར་བོད་སྐྱོར་གྱི་སྤྱིའི་འཆར་འགོད་བཟོ་སྒྲིག་བྱས་ཏེ་དཔལ་འབྱོར་ཐད་ནས་བོད་སྐྱོར་དང་། ཐོན་ལས་ཐད་ནས་བོད་སྐྱོར། སློབ་གསོའི་ཐད་ནས་བོད་སྐྱོར། ལས་ཞུགས་ཐད་ནས་བོད་སྐྱོར། ལས་བྱེད་པ་དང་ཤེས་ལྡན་པའི་ཐོག་ནས་བོད་སྐྱོར་བཅས་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུ། བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དོ་དམ་བྱེད་པའི་ལག་བསྟར་ཞིབ་སྲོལ་བཟོ་འབེབས་བྱ་རྒྱུ་དང་འབྲེལ་མཐུད་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྣམ་གྲངས་ཀྱི་མ་དངུལ་དེ་དམངས་འཚོ་དང་གཞི་རིམ་དུ་ཕྱོགས་རྒྱུ།
ལྔ། ཚན་རྩལ་དང་ཤེས་ལྡན་པའི་འདེགས་སྐྱོར་གཉིས་ཤུགས་ཆེར་གཏོང་དགོས།
ཚན་རྩལ་གསར་གཏོད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་རྒྱུ། ས་མཐོའི་ཁྱད་ལྡན་གཞི་རྒྱུ་གསར་སྤེལ་དང་། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན། འབྱུང་ཁམས་བདེ་སྲུང་སོགས་ཐད་ཀྱི་ཚན་ཞིབ་ལས་སྟེགས་དང་ཚན་ཞིབ་རྟེན་གཞི་བཙུགས་ཏེ་ཞིང་འབྲོག་ལས་ལ་ཚན་རྩལ་གྱི་ལེགས་སྐྱེས་འབུལ་ཚད་45%ཡན་ཟིན་པ་བྱ་རྒྱུ། ཚན་རྩལ་ཁེ་ལས་གསོ་ཆས་དང་། ཚན་རྩལ་ཐོན་ལས་གླིང་ཁུལ་གཞི་རྒྱུའི་ཐོན་ཁུངས་ཐོ་མཛོད་བཅས་འཛུགས་རྒྱུར་དམ་འཛིན་ཡག་པོ་བྱ་རྒྱུ། ཞིང་འབྲོག་པའི་ཚན་རྩལ་མངགས་གཏོང་པའི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་སྟེ་སྲིད་འཛིན་གྲོང་ཚོའི་ཚན་རྩལ་མངགས་གཏོང་པ་ཡོངས་ལ་ཁྱབ་པ་བྱ་རྒྱུ། ལྗོངས་ཡོངས་ཀྱི་ས་ཁམས་དང་འབྲེལ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་ཡོངས་བཤེར་ཐེངས་དང་པོ་ལེགས་སྒྲུབ་བྱ་རྒྱུ། ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུ།
ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྒྱག་རྒྱུ། གསོ་སྐྱོང་དང་ནང་འདྲེན་བྱ་རྒྱུ་གལ་ཆེ་མཉམ་འཛིན་རྒྱུན་འཁྱོངས་ཀྱིས་ད་ཡོད་ཀྱི་ཤེས་ལྡན་པ་བཀོལ་སྤྱོད་ཡག་པོ་བྱེད་པ་དང་། གོ་ཆོད་ལ་དཀོན་པོ་ཡོད་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་པ་མཐོ་འབྲིང་གི་ཤེས་ལྡན་པ་ནང་འདྲེན་གནད་འཕིགས་བྱ་རྒྱུ། འགྲོ་ཁུངས་གཏན་འཁེལ་གྱི་སློབ་མ་བསྡུ་བའི་སྲིད་ཇུས་འཐུས་ཚང་བཟོས་ཏེ་གཞི་རིམ་ལ་སློབ་གསོ་དང་། འཕྲོད་བསྟེན། ཚན་རྩལ། ཞིང་འབྲོག་སོགས་ཐད་ཀྱི་དགོས་མཁོ་ཆེ་བའི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ། ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུ། ཁྱད་ལྡན་ཐོན་ཁུངས་ཐད་ཀྱི་རྒྱལ་ཁབ་རིམ་པའི་གསར་གཏོད་ཚོགས་པ་འཛུགས་རྒྱུ། ཤེས་ལྡན་པའི་སྐུལ་ལྕག་ལམ་སྲོལ་དང་། ཚན་རྩལ་གྱི་བྱ་དགའི་ལམ་སྲོལ། ཤེས་ལྡན་པའི་ལས་ཀའི་དམིགས་ཚད་འགན་འཁྲིའི་ལམ་ལུགས་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། རིག་མཛོད་གསར་པ་འཛུགས་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུ།
དྲུག མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་རྨང་རྩ་གཉིས་སྲ་བརྟན་དུ་གཏོང་དགོས།
མི་རིགས་མཐུན་སྒྲིལ་སྔར་བས་སྲ་བརྟན་དུ་གཏོང་རྒྱུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་གི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་རྒྱུ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ལ་མོས་སེམས་སྐྱེས་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་བསྐྲུན་རྒྱུ། མཐའ་དར་དམངས་ཕྱུག་བྱ་སྤྱོད་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཐའ་མཚམས་ས་ཁུལ་གོང་འཕེལ་གཏོང་བའི་ཆུ་ཚད་མཐོ་རུ་དང་མཐའ་མིའི་འཚོ་བའི་སྤུས་ཚད་ལེགས་སུ་ཟམ་མི་ཆད་པ་གཏོང་རྒྱུ།
ཆོས་ལུགས་བྱ་བར་ཁྲིམས་བཞིན་དོ་དམ་བྱ་རྒྱུ། དགོན་སྡེའི་དོ་དམ་གསར་གཏོད་བྱེད་པའི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱ་རྒྱུ་དང་། གཏོགས་ཁོངས་དོ་དམ་དང་རིམ་དབྱེ་འགན་འཁུར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ས་གནས་དང་རྫོང་གིས་དགོན་སྡེ་དོ་དམ་འགན་འཁྲི་ནན་པོ་འཁུར་ཐོག ཆོས་ལུགས་བྱ་བར་ཁྲིམས་བཞིན་དོ་དམ་བྱ་རྒྱུ་དང་། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་གསོ་སྐྱོང་བྱ་རྒྱུའི་ལས་དོན་ནན་ཏན་བསྒྲུབས་ཏེ་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོའི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ།
བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་དོན་འཁྱོལ་བྱ་རྒྱུ། ཞི་མཐུན་བརྟན་ལྷིང་གི་མཐའ་ཚད་བརྟན་སྲུང་བྱས་ནས་ཕྱོགས་ཡོངས་ནས་བོད་ལྗོངས་ཁྲིམས་བཞིན་སྐྱོང་བར་སྐུལ་སྤེལ་གཏོང་རྒྱུ། “གནས་གཅིག་འགན་གཉིས”ཡག་པོ་འཁུར་ཏེ་གོང་འཕེལ་དང་བརྟན་ལྷིང་གཉིས་ཀ་འཛིན་པ་དང་། གཉིས་ཀ་དམ་ཐག་ཆོད་འཛིན་པ། གཉིས་ཀར་སྐུལ་འདེད་གཏོང་རྒྱུ། དུས་བདེའི་བོད་ལྗོངས་སྐྲུན་རྒྱུ་དམ་འཛིན་ཏན་ཏིག་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་རྒྱུན་ཐོན་ལམ་སྲོལ་འཐུས་ཚང་བཟོ་རྒྱུ། ཕྱོགས་མཐའ་ཀུན་གྱི་སྤྱི་ཚོགས་བདེ་འཇགས་འགོག་སྲུང་མ་ལག་གང་མགྱོགས་གསར་གཏོད་བྱས་ཐོག གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱ་རྒྱུའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། སྔོན་ཐོན་གཉིས་ལྡན་དུད་སྦྲེལ་འཛུགས་སྐྱོང་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། དྲ་མིག་ཅན་གྱི་དོ་དམ་བྱེད་པའི་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་རིགས་འདྲ་མིན་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྒོར་ཁྲིམས་བཞིན་རྡུང་རྡེག་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁེབས་པའི་སྤྱི་པའི་བཅའ་ཁྲིམས་ཀྱི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ཐོག འགལ་ཟླ་དང་རྩོད་རྙོག་རྩད་བཤེར་འདུམ་སེལ་ལས་དོན་གཏིང་ཟབ་སྤེལ་རྒྱུ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་མཛད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཁ་ཕྲལ་གཏོར་བཤིག་གི་བྱེད་སྒོ་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བར་འགན་ལེན་བྱ་རྒྱུ།
རྒྱལ་སྲུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཐོག དམག་བཀུར་ཁྱིམ་སྐྱོང་དང་། སྲིད་བཀུར་དམངས་གཅེས། དམག་དམངས་མཉམ་སྐྲུན་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དང་། མི་དམངས་མཁའ་ཟོན་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་དམག་དམངས་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་དང་། རྒྱལ་སྲུང་འཛུགས་སྐྲུན་བྱ་རྒྱུ་དེ་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ།
འཐུས་མི་རྣམ་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་དང་བདེ་སྐྱིད་ལྡན་པའི་མི་དམངས་ཤིག་ཡོང་བ་བྱ་རྒྱུ་ནི་ང་ཚོས་ཐུན་མོང་ཐོག་དོན་གཉེར་བྱེད་པའི་དམིགས་ཡུལ་ཡིན། ང་ཚོས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ཁྲིམས་སྐྱོང་གི་བསམ་གཞི་དང་། བསྒྱུར་བཅོས་ཀྱི་སྙིང་སྟོབས། སྒོ་དབྱེའི་འདུ་ཤེས། གསར་གཏོད་ཀྱི་ལྟ་བ་བཅས་ཀྱི་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཞིབ་ཚགས་བཟོ་འགོད་བྱས་ཏེ་2020ལོར་སླེབས་སྐབས་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུར་མཛེས་སྡུག་ལྡན་པའི་དཔེ་རིས་ཡག་པོ་ཞིག་འགོད་དགོས།
སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།
འདས་ཟིན་པའི་ལོ་གཅིག་ནང་ང་ཚོས་རང་འགུལ་ངང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ་དང་། དེ་བཞིན་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ཁྲིམས་བཞིན་དང་ལེན་ཞུས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འཆར་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཁག་743གཉེར་སྒྲུབ་ནན་ཏན་བྱས་ཤིང་། སྒྲུབ་གཉེར་ལན་འདེབས་བྱེད་ཚད་100%ཟིན་པ་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་ཁག་3གྲོས་ཞིབ་བྱ་རྒྱུར་ཕུལ་བ་དང་། སྲིད་གཞུང་གི་སྒྲིག་སྲོལ་ཁག་3བཟོས་ཡོད། སྤྱི་དམངས་ཀྱིས་ཐེ་ཞུགས་དང་རིགས་གཅིག་མཁས་དབང་གིས་རིགས་སྒྲུབ་ཁུངས་སྐྱེལ། སྲིད་གཞུང་ནས་ཇུས་ཐག་གཅོད་པ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་ཁྱད་ཡོན་འདོན་སྤེལ་གང་ལེགས་བྱས་པས་ཁྲིམས་བཞིན་དང་། དམངས་གཙོ། ཚན་རིག་དང་མཐུན་པ་བཅས་ཀྱི་ཇུས་ཐག་གཅོད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་དང་། ལྗོངས་ཏང་ཨུད་ཀྱི“བསྲུང་བྱ་རྣམ་བཅུ”དང་“བླང་བྱ་ཁག་དགུ”བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ“སྤྱོད་ཚུལ་བཞི”དང་“གནད་དོན་གཉིས” “ཉམས་ཞན་གཅིག”བཅས་ཐག་གཅོད་བྱ་རྒྱུའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། “གཞུང་གྲོན་ཁག་གསུམ”གྱི་གཏོང་སྒོ་དེ་ལོ་གོང་མ་དང་བསྡུར་ན་19%ཆག་ཡོད། སྲོལ་ངན་ཡོ་བསྲང་དང་ཁྲིམས་སྒྱུར་ལྟ་ཞིབ་ལས་དོན་གཏིང་ཟབ་སྤེལ་ནས་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་ཁག་གཅིག་རྩད་བཤེར་ཐག་གཅོད་བྱས་པས་སྲིད་སྲོལ་ལེགས་སྐྱོང་དང་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་ཐེབས་ཡོད།
དུས་བབ་དང་ལས་འགན་གསར་པའི་མདུན་དུ་ང་ཚོས་ངེས་པར་དུ་སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་སྟེ་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་དང་། དཔལ་འབྱོར་དོ་དམ་གྱི་ནུས་པ། སྲིད་འཛིན་ཁྲིམས་བཞིན་སྐྱོང་བའི་ནུས་པ། བདེ་འཇགས་གོང་འཕེལ་གཏོང་བའི་ནུས་པ་བཅས་ཆེ་རུ་བཏང་ནས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སྲིད་གཞུང་ཞིག་སྐྲུན་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན།
གཅིག སྲིད་གཞུང་གི་འགན་ནུས་བསྒྱུར་ནས་བྱས་འབྲས་ཐོན་པའི་སྲིད་གཞུང་ཞིག་འཛུགས་སྐྱོང་བྱེད་དགོས།
སྲིད་གཞུང་དང་ཁྲོམ་རའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ཏེ་ཁྲོམ་རའི་སྒྲིག་སྲོལ་ལ་བརྩི་སྲུང་དང་། ཁྲོམ་རའི་བྱ་ཐབས་ལག་བསྟར། ཁྲོམ་རའི་སྟོབས་ཤུགས་བེད་སྤྱོད་བཅས་བྱས་ཏེ་གོང་འཕེལ་ཡོང་བར་སྐུལ་འདེད་དང་། ཕན་ལྡན་ཁྲོམ་ར་འཛུགས་སྐྱོང་ཤུགས་ཆེར་བྱས་ཏེ་བྱས་འབྲས་ཐོན་པའི་སྲིད་གཞུང་ཞིག་འཛུགས་སྐྱོང་བྱ་རྒྱུ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ཐོག སྲིད་འཛིན་ཞིབ་མཆན་འགོད་པའི་རྣམ་གྲངས་གཙང་བཤེར་བྱ་རྒྱུའི་ལས་དོན་མུ་མཐུད་སྤེལ་ཏེ་ཚད་གཞི་ཁ་གསལ་བ་དང་། གོ་རིམ་དམ་ཚགས། འཁོར་སྐྱོད་གསལ་ཆ་དོད་པ། ཚོད་འཛིན་ནུས་པ་ལྡན་པ། དབང་འགན་ཁ་གསལ་བ་བཅས་ཀྱི་སྲིད་འཛིན་ཞིབ་མཆན་འགོད་ལམ་རིམ་བཞིན་འཛུགས་རྒྱུ། དབང་ཆ་གསལ་ཐོ་དང་། འགན་འཁྲི་གསལ་ཐོ། བཀག་རྒྱ་གསལ་ཐོ་བཅས་ཀྱི་ལམ་ལུགས་བཟོ་རྒྱུ། སྲིད་གཞུང་གིས་སྤྱི་ཚོགས་ནས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། “སྐར་ཁུང་གཅིག་ནས་བདག་སྤྲོད་དང་། ལས་སྒྲོམ་གཅིག་ནས་ཐག་གཅོད། འགོ་མཇུག་གཙང་སྒྲིལ་གྱི་ཞབས་ཞུ”བཅས་བྱ་རྒྱུ་འཚོལ་ཞིབ་བྱས་ཐོག སྲིད་དོན་ཞབས་ཞུའི་ལྟེ་གནས་དང་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུའི་ཚོམས་ཆེན་འཛུགས་མགྱོ གས་སུ་གཏོང་རྒྱུ། དྲ་ཐོག་ཞིབ་མཆན་འགོད་རྒྱུ་འཚོལ་ཞིབ་བྱས་ཏེ་གློག་རྡུལ་སྲིད་ལས་ཁྱབ་གདལ་ཧུར་ཐག་གཏོང་རྒྱུ། སྲིད་གཞུང་གི་སྤུས་ཚད་དང་ནུས་ཕྱོད་ལ་ཞིབ་དཔྱད་བྱ་རྒྱུ།
གཉིས། ཁྲིམས་ལྟར་སྲིད་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་གི་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས།
ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཐོག་སྲིད་གཞུང་གིས་ཁྲིམས་བཅད་ཀྱི་དབང་ཚད་དང་གོ་རིམ་ནན་པོ་བཟུང་ནས་དབང་ཆ་སྤྱོད་རྒྱུ་དང་འགན་འཁྲི་སྒྲུབ་ཐོག “ཁྲིམས་ཀྱིས་དབང་ཆ་བསྐུར་མེད་ན་བྱེད་མི་ཆོག་པ”དང་“ཁྲིམས་ཐོག་བཀོད་པའི་འགན་འཁྲི་ངེས་པར་དུ་དངོས་འབྲེལ་བསྒྲུབ་ཐུབ་པ”བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ་ཁྲིམས་བཞིན་དང་ལེན་ཞུ་བ་དང་རང་རྟོགས་ངང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་ཞུས་ཐོག་དུས་ཐོག་ཏུ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འཆར་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་གཉེར་སྒྲུབ་བྱ་རྒྱུ། སྲིད་གཞུང་གི་སྒྲིག་སྲོལ་དང་ཚད་ལྡན་གྱི་ཡིག་ཆ་ཕྱོགས་ཡོངས་ནས་གཙང་བཤེར་བྱ་རྒྱུ། སྲིད་གཞུང་གི་གལ་ཆེའི་ཇུས་ཐག་བཅད་པར་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་བྱེད་པའི་ལམ་སྲོལ་དང་། སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲིའི་ལམ་ལུགས། གལ་ཆེའི་ཇུས་ཐག་བཅད་པར་ཚེ་གང་འགན་འདེད་གཏོང་བའི་ལམ་ལུགས་བཅས་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྲིད་གཞུང་རང་བཞིན་གྱི་བུ་ལོན་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཞིབ་མཆན་གོ་རིམ་ནན་དུ་གཏོང་རྒྱུ། སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལས་བྱེད་ལས་བཟོས་ཁྲིམས་ལུགས་སློབ་སྦྱོང་དང་། བེད་སྤྱོད། བརྩི་སྲུང་བཅས་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་རྒྱུ། ཁྲིམས་བཞིན་སྲིད་ལས་ཡོངས་བསྒྲགས་ཁྱབ་སྤེལ་གཏོང་རྒྱུ།
གསུམ། མང་ཚོགས་ལམ་ཕྱོགས་ལག་ལེན་བྱས་ཏེ་དམངས་ཕན་སྲིད་གཞུང་ཞིག་འཛུགས་སྐྱོང་བྱེད་དགོས།
ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་དང་། ལྗོངས་ཏང་ཨུད་ཀྱི“བསྲུང་བྱ་རྣམ་བཅུ”དང་“བླང་བྱ་ཁག་དགུ”ལག་བསྟར་གཏིང་ཟབ་བྱེད་པ་དང་། “ནན་གསུམ་དྲང་གསུམ”གྱི་བླང་བྱ་ནན་པོ་བཟུང་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ཐོག ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་སོགས་ཀྱི་གདིང་རྩའི་གནད་དོན་མུ་མཐུད་ཐག་གཅོད་བྱ་རྒྱུ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། སྲིད་གཙང་གི་སྒྲིག་ཁྲིམས་བཅས་ནན་པོ་སྲུང་རྒྱུ་དང་། ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་ལ་ཁྲིམས་ལུགས་ལྟར་གྱི་ཇུས་ཐག་གཅོད་རྒྱུ་མཐའ་འཁྱོངས་བྱ་རྒྱུ། འགོ་ཁྲིད་ལས་བྱེད་པ་དང་འགོ་ཁྲིད་ལས་ཁུངས་ཀྱིས་བརྟག་དཔྱད་ཞིབ་འཇུག་དང་། མང་ཚོགས་དང་འབྲེལ་བ་བྱེད་པ། གཞི་རིམ་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། “རྡོ་ལ་ཨི་ཁུང་འབིགས་པའི”སྙིང་སྟོབས་བཅངས་ཏེ་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་ཀྱིས་སྲིད་ཇུས་བྱ་ཐབས་དང་དམིགས་ཚད་ལས་འགན་ཁག་དོན་འཁྱོལ་དམ་འཛིན་བྱ་རྒྱུ། གྲོན་ཆུང་བསྲི་ཚགས་བྱེད་པ་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་གྱིས“གཞུང་གྲོན་གསུམ”མུ་མཐུད་ཚོད་འཛིན་ནན་པོ་བྱས་ཏེ་སྤྱོད་ཚུལ་འགྱུར་ལྡོག་གཏོང་བའི་ཕན་འབྲས་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱ་རྒྱུ་དང་། སྲིད་གཞུང་གིས་གཏོང་མཁས་སྤྱོད་མཁས་བྱེད་པ་དང་མང་ཚོགས་ཀྱི་འཚོ་བ་སྐྱིད་པོ་ཡོང་བ་བྱ་རྒྱུ།
བཞི། སེམས་ཐག་གཙང་བཅད་ཀྱིས་རུལ་སུངས་ལ་ཆད་པ་ནན་པོ་བཅད་བྱས་ནས་གཞུང་གཙང་གི་སྲིད་གཞུང་ཞིག་འཛུགས་སྐྱོང་བྱེད་དགོས།
སྲིད་གཞུང་སྤྱོད་གཙང་ཡོང་བར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྤྱོད་གཙང་སྲིད་སྐྱོང་གི་གཏན་འབེབས་ཁག་ལག་བསྟར་ནན་པོ་བྱ་རྒྱུ། ནོར་དཔལ་སྒྲིག་ལམ་ནན་དུ་གཏོང་བ་དང་སྔོན་རྩིས་གཅུན་སྡོམ་བྱེད་ཤུགས་ཆེ་རུ་བཏང་ཐོག ནོར་སྲིད་མ་དངུལ་དང་གཙོ་ཆེའི་རྣམ་གྲངས་རིགས་ལ་རྩིས་བཤེར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཛུགས་སྐྲུན་ལས་གྲྭ་དང་། སྤྱི་པའི་ཐོན་ཁུངས་ཉོ་ཚོང་། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཀྱི་ཐད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་ལམ་ལུགས་ལ་བརྟེན་ནས་མི་ལ་དོ་དམ་དང་། དབང་ཆར་དོ་དམ། བྱ་བར་དོ་དམ་བྱེད་པ་བཅས་རྒྱུན་འཁྱོངས་བྱ་རྒྱུ། ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་རྩད་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཐོག་རུལ་སུངས་ལ་ཉེས་ཆད་གཅོད་པའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་སྤྱོད་གཙང་གཞུང་དྲང་གི་སྲིད་ལས་ཁོར་ཡུག་ཅིག་བསྐྲུན་ཏེ་སྲིད་གཞུང་གི་མཚན་སྙན་བཟང་པོའི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པ་བྱ་རྒྱུ་ཡིན།
འཐུས་མི་རྣམ་པ། ད་ལྟ་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་བཅས་ཀྱི་འགག་རྩའི་དུས་སུ་གནས་ཡོད། ང་ཚོས་བློ་མཐུན་ཞིའི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞིའི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སེམས་ནུས་གཅིག་ཏུ་སྒྲིལ་བ་དང་། དཀའ་ངལ་ཁྱད་བསད་བྱེད་པ། ལམ་བཤངས་གསར་གཏོད་བྱེད་པ། དམ་པ་དོན་དུ་གཉེར་བ་བཅས་བྱས་ཏེ་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣