དབུ་ཤོག>སྲིད་དོན།
  • སྐོར་གཟིགས་དང་དག་ཐེར་བྱས་ཚུལ་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བརྡ་ཁྱབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-02

    ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ཏེ་2014ལོའི་ཟླ་7ཚེས་25ནས་ཟླ་9ཚེས་24ཉིན་བར་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཞི་པས་བོད་རང་སྐྱོང་ལྗོངས་ལ་སྐོར་གཟིགས་གནང་བ་རེད།

    ཟླ་11ཚེས་3ཉིན་སྐོར་གཟིགས་ཚོགས་ཆུང་གིས་རང་སྐྱོང་ལྗོངས་ཏང་ཨུད་ལ་སྐོར་གཟིགས་བསམ་འཆར་ཚུར་ལན་གནང་བ་དང་ཏང་དོན་ཡོངས་བསྒྲགས་ཀྱི་རྩ་དོན་དང་སྐོར་གཟིགས་ལས་དོན་གྱི་འབྲེལ་ཡོད་བླང་བྱ་ལྟར་སྐོར་གཟིགས་དག་ཐེར་བྱས་ཚུལ་སྐོར་ཡོངས་བསྒྲགས་བྱ་རྒྱུ་འདི་ལྟ་སྟེ།

    གཅིག ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་དག་ཐེར་དོན་འཁྱོལ་དེ་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་ནན་པོ་དང་ཏན་ཏིག་ཡག་པོ་བྱས་པ།

    གཅིག་ནི་ངོས་འཛིན་གཅིག་གྱུར་དང་བསམ་བློ་དག་བཅོས་བྱས་པ། ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་ཏང་ནན་པོར་སྐྱོང་བ་དང་ཁྲིམས་ལྟར་རྒྱལ་སྐྱོང་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་མ་གཏོང་བ་དང་སྐོར་གཟིགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་ལག་བསྟར་དང་ཧྲུའུ་ཅི་ཝང་ཆི་ཧྲན་གྱི་མཛུབ་སྟོན་བླང་བྱ་སློབ་སྦྱོང་ལག་བསྟར་བྱས་ནས་བོད་འདི་གྲང་ངར་ཆེ་ཞིང་གསོ་རླུང་མི་འདང་བ་དང་། ཆ་རྐྱེན་དཀའ་ཚེགས་ཆེ་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོར་གནས་ཀྱང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བཙུགས་ཏེ་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་སྐོར་གཟིགས་དང་དག་ཐེར་གྱི་ལས་འགན་ལེགས་སྒྲུབ་བྱས་ཡོད།

    གཉིས་ནི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་དོན་འཁྱོལ་བྱས་པ། ལྗོངས་ཏང་ཨུད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་འགན་གཙོ་བོ་ཏན་ཏན་ཏིག་ཏིག་ངང་འཁུར་ཏེ་ལྗོངས་ཏང་ཨུད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་ཙུའུ་ཀྲང་གནང་བའི་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་གཤམ་འོག་ཏུ་དྲང་ཞིང་གསལ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་དོན་འཁྱོལ་གྱི་ཞིབ་བཤེར་དག་ཐེར་ཚོགས་ཆུང་དང་། རུལ་རྒོལ་གཙང་སྤེལ་གྱི་ཞིབ་བཤེར་དག་ཐེར་ཚོགས་ཆུང་། “སྤྱོད་ཚུལ་བཞིའི”གནད་དོན་གྱི་ཞིབ་བཤེར་དག་ཐེར་ཚོགས་ཆུང་། ཁྲིམས་དང་ཞུ་གཏུགས་དང་འབྲེལ་བ་ཡོད་པ་དང་དེ་བཞིན་རྣམ་གྲངས་མ་དངུལ་གྱི་ཞིབ་བཤེར་དག་ཐེར་ཚོགས་ཆུང་། མི་འདེམས་མི་སྤྱོད་ཀྱི་ཞིབ་བཤེར་དག་ཐེར་ཚོགས་ཆུང་བཅས་ཆེད་དོན་ཚོགས་ཆུང་ལྔ་བཙུགས་ཡོད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་གྱིས་ལས་བགོས་འགན་ཁུར་གནང་བ་དང་ས་ཁུལ་ཁག་དང་ཚན་པ་ཁག་ཐུན་མོང་ཐོག་ཞུགས་པས་གོང་འོག་མཉམ་འགུལ་དང་མཉམ་དུ་དག་ཐེར་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད།

    གསུམ་ནི་བྱ་ཐབས་ཞིབ་ཕྲ་བཟོས་པ་དང་ལས་འགན་བགོས་པ། ལྗོངས་ཏང་ཨུད་ཀྱིས་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་གནད་དོན་དང་གྲོས་འགོ་རེ་རེ་བཞིན་ལ་དབྱེ་ཞིབ་དང་འབྲེལ་ཞིབ་འཇུག་བྱས་ནས《ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཞི་པའི་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཇུས་གཞི》བཟོས་ནས་དག་ཐེར་ལས་འགན་ཁག་17དང་ཞིབ་ཕྲའི་བྱ་ཐབས་ཁག་74ཞིབ་ཕྲ་བཟོས་པ་དང་བགོས་ཏེ་རེ་རེ་བཞིན་ལ་ལས་ཐོ་བཟོ་བ་དང་དག་ཐེར་གྱི་དུས་བཅད་གསལ་པོ་བཟོས་ནས་དག་ཐེར་གཅིག་བྱས་ཚེ་དེ་མེད་པ་བཟོ་བ་དང་གནད་དོན་ཐག་གཅོད་མ་ཐུབ་བར་ལས་མཇུག་མི་སྒྲིལ་བ་བྱེད་ཐུབ་པ་བྱས་ཡོད།

    བཞི་ནི་གནད་དོན་གྱི་ཁྲིད་སྟོན་ཐད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ། ལྗོངས་ཏང་ཨུད་ཀྱིས་ཞིབ་ཕྲའི་གནད་དོན་དང་ཡོངས་ཁྱབ་གནད་དོན་དང་། མངོན་ཡོད་གནད་དོན་དང་མངོན་མེད་གནད་དོན། མིག་མདུན་གྱི་གནད་དོན་དང་ཕུགས་ཀྱི་གནད་དོན་བཅས་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ནས་ཏང་གི་ཆབ་སྲིད་སྒྲིག་ལམ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གསལ་ཞིང་ནན་པ་ཞིག་བཟོས་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། སྤྱོད་ཚུལ་འཛུགས་སྐྱོང་། ལས་བྱེད་པ་འདེམས་སྤྱོད་སོགས་གནད་དོན་བཞི་པོ་ལག་བསྟར་བྱ་རྒྱུ་དེ་དག་ཐེར་ལས་དོན་གྱི་གཙོ་གནད་དུ་བརྩིས་ཏེ་གཙོ་གནད་ཚད་བརྒལ་གྱི་ཐོག་ནས་དག་ཐེར་ལས་དོན་སྒོ་ཀུན་ནས་དོན་འཁྱོལ་ཡོང་རྒྱུར་ཁྲིད་སྟོན་བྱས་པ་རེད།

    གཉིས། རྩ་ལག་མཉམ་བཅོས་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དག་ཐེར་ཏན་ཏིག་བྱས་པ།

    (གཅིག)ཏང་གི་ཆབ་སྲིད་སྒྲིག་ལམ་ནན་ཞིང་གསལ་བའི་ཐད།

    1. “ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་རྙོག་འཛིང་དང་ཛ་དྲག་པའི”གནད་དོན་སྐོར།

    གཅིག་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཛ་དྲག་དུས་བབ་ལ་ནན་ཏན་དབྱེ་ཞིབ་བྱས་ཏེ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་། ཉེན་བརྡ་ཡུན་རིང་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རང་འགུལ་དབང་ཆ་ནན་པོར་བཟུང་ཡོད།

    གཉིས་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་སློབ་གསོར་ཤུགས་སྣོན་བརྒྱབ་པ། ལྗོངས་ཡོངས་སུ“རྫུན་གཏམ་ལ་དགག་པ་རྒྱག་པ་དང་། གནད་དོན་གྱི་མཐིལ་རྟོལ་བ། ཡིན་མིན་དབྱེ་འབྱེད་བྱེད་པ། དབྱེ་མཚམས་གསལ་འབྱེད་བྱེད་པ”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་དང་བོད་གསར་རྙིང་བསྡུར་བའི་སློབ་གསོའི་བྱེད་སྒོ་དང་དུས་བབ་སྲིད་ཇུས་ཀྱི་སློབ་གསོའི་བྱེད་སྒོ་བཅས་རྒྱ་ཁྱབ་ཏུ་སྤེལ་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་མི་ཨུ་ཡོན་ལྷན་ཁང)དང་།སློབ་གྲྭ དགོན་སྡེ་བཅས་ཚང་མར་བོད་གསར་རྙིང་བསྡུར་བའི་འགྲེམས་ཁང་ངམ་ཡང་ན་ཆེད་སྒྲིག་སྒྲོམ་སྟེགས་བཙུགས་ཡོད་པ་དང་བོད་སྡོད་ཀྲུང་དབྱང་ཨན་བན་ཡ་མོན་གྱི་རྗེས་ཤུལ་ཉམས་གསོ་བྱས་པ་དང“བོད་ཀྱི་གྲོང་གསེབ་ཏང་ཀྲི་པུའུ་དང་པོའི་གནས་རྙིང”སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བཙུགས་པ། 《ཏང་ཡོན་ལས་བྱེད་པས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལོ་རྒྱུས་ཀྱི་ཀློག་དེབ》དང《བོད་གསར་རྙིང་བསྡུར་བའི་གསར་འགྱུར་གཏམ་རྒྱུད་ཕྱོགས་སྒྲིག》སོགས་ཡིག་འབྲུ་ཁྲི་15ཙམ་ཡོད་པའི་བོད་རྒྱ་སྐད་ཡིག་གི་སློབ་སྦྱོང་ཡིག་ཆ་པར་འགྲེམས་བྱས་པ་དང་། ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་དང་དྲ་ཚིགས་གཙོ་བོར་ཉིན་ལྟར་བོད་གསར་རྙིང་བསྡུར་བའི་ཆེད་སྒྲིག་ལེ་ཚན་བཏོད་པ། ཆེད་དོན་སྙན་ཞུའི་ཚོགས་འདུ་ཐེངས་6000ལྷག་ཙམ་འཚོགས་པ་དང་སློབ་གསོ་ཐེབས་པའི་ལས་བྱེད་པ་དང་མང་ཚོགས་མི་ཐེངས་ཁྲི་400ལྷག་ཙམ་ཟིན་ཡོད།

    2. “ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱི་ཆབ་སྲིད་ལངས་ཕྱོགས་བརྟན་པོ་མེད་པའི”གནད་དོན་སྐོར།

    གཅིག་ནི་ཕུགས་བསམ་དད་སེམས་དང་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བར་ཤུགས་སྣོན་བརྒྱབ་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་བྱེད་པ་དང“སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དུད་ཚང་ཁྲི་ལ་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ”རྒྱ་ཁྱབ་ངང་སྤེལ་ཏེ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས《སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་དེབ》སོགས་དཔེ་དེབ་ཁྲི་160ལྷག་ཙམ་པར་འདེབས་བྱས་ནས་ཏང་ཡོན་ལས་བྱེད་པ་ཚང་མའི་ལག་ཏུ་སྤྲད་པ་རེད། རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། མི་རིགས་ཁག་གི་མང་ཚོགས་བཅས་ཀྱིས་བོད་དང་པེ་ཅིང་དབར་ས་ཐག་རིང་རུང་ང་ཚོའི་སེམས་པ་དེ་སྔ་ཕྱི་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དམ་པོར་སྒྲིལ་བ་དང་དམ་ཟབ་སྦྲེལ་ནས་དུས་དང་རྣམ་པ་ཀུན་ཏུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་པ་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དབང་་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་ཐུབ་པ་བཅས་བྱས་ཡོད།

    གཉིས་ནི་ཏང་གཤིས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཏང་གི་འདུ་ཤེས་དང་ཏང་གཤིས་ཀྱི་ལྟ་བ་ཟབ་ཏུ་བཏང་བ། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ“ཏང་ལ་བློ་དཀར་སེམས་དཀར་དང་། དམངས་ལ་ལྷག་བསམ་རྣམ་དག རང་གཅུན་དྭངས་གཙང་། གཞུང་དྲང་གིས་དབང་ཆ་སྤྱོད་པ། སེམས་ནུས་གཅིག་སྒྲིལ་ངང་བྱ་བ་སྒྲུབ་པ”བཅས་ནང་དོན་གཙོ་བོར་བྱེད་པའི་ཏང་གཤིས་སློབ་གསོ་བཏང་སྟེ་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་སྤྱོད་ཚུལ་ངན་པར་གྲལ་བཤེར་དང་། ཞིབ་བཤེར། གཙང་ཕྱགས་བཅས་བྱས་ནས་བསམ་བློའི་བཙོག་སྐྱོན་སེལ་བ་དང་རང་ངོས་དྭངས་གཙང་ཡོང་བ་བྱས་ཏེ་རང་རྟོགས་ངང་ཆབ་སྲིད་ཐད་དམར་ཐིག་དང་། བསམ་བློའི་ཐད་མཚམས་ཐིག བྱ་སྤྱོད་ཐད་དབྱེ་མཚམས་བཅས་གསལ་པོར་བཟོས་ནས་ཐོག་མཐའ་བར་གསུམ་དུ“ལྷག་བསམ་རྣམ་དག་སྤྱོད་གཙང་། འགན་ཁུར་བ”བཅས་བྱེད་ཐུབ་པ་བྱས་ཡོད།

    གསུམ་ནི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱས་པ། 《གུང་ཁྲན་ཏང་ཡོན་གྱི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་བྱ་སྤྱོད་ལ་ཉེས་ཆད་གཅོད་པའི་སྐོར་གྱི་གཏན་འབེབས》སོགས་ལམ་ལུགས་དང་གཏན་འབེབས་ཁག་15བཟོས་ཏེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་ཆེད་ལམ་ལུགས་ནན་པོ་བཟོས་ཡོད། ཕུགས་འདུན་དད་སེམས་བརྟན་པོ་མེད་པ་དང་། ཏང་དང་མི་དམངས་དང་སེམས་པ་གཅིག་མཐུན་མིན་པ། ཡིན་མིན་གྱི་གནད་དོན་ཆེན་པོའི་མདུན་དུ“མགོ་གཉིས་མ”བྱེད་པ། མི་རིགས་ཀྱི་ལྟ་བ་ཡང་དག་མེད་པ། ཆོས་ལུགས་ལ་ངོས་ལ་དད་པ་མི་བྱེད་པར་ལྐོག་ཏུ་དད་པ་བྱེད་པ། ཁྲིམས་འགལ་གྱི་སྒྲིག་འཛུགས་ནང་ཞུགས་པ། ཏང་ཀྲུང་དབྱང་གི་གཏན་འབེབས་ལས་འགལ་བའི་གཏམ་བརྗོད་ཡོངས་བསྒྲགས་ངང་སྤེལ་བ་བཅས་ཀྱི་ཏང་ཡོན་ལས་བྱེད་པར་ཐག་གཅོད་ནན་པོ་བྱས་ཡོད།

    3. “བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ད་དུང་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས་པའི”གནད་དོན་སྐོར།

    གཅིག་ནི་བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱས་པ། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་ཡིན་པའི་བསམ་བློ་མཐའ་འཁྱོངས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྩ་བ་དམ་པོར་བཟུང་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྲིད་དབང་གི་འདུ་ཤེས། ཁྱོན་ཡོངས་ཀྱི་འདུ་ཤེས། ཉེན་བསམ་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཤུགས་ཆེར་ཏན་ཏིག་བཏང་སྟེ་དེ་བས་བརྟན་པའི་ཆོད་སེམས་དང་། དེ་བས་ཏན་ཏིག་གིས་ལས་ཀ་དེ་བས་བཟང་བའི་སྤྱོད་ཚུལ་བཅས་ཀྱི་སྒོ་ནས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་ལས་མི་གང་འདྲ་ཞིག་གིས་ཀྱང་བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོར་གཏོར་བཤིག་རྩ་བ་ནས་གཏོང་དུ་མི་འཇུག་པར་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད།

    གཉིས་ནི་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ནན་དུ་གཏོང་བ་དང་འཐུས་ཚང་དུ་བཏང་བ། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ལྡོག་མེད་ལས་འགན་དང་ལས་འགན་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྔ་ཙམ་དམ་འཛིན་དང་། ཆུང་ཙག་ནས་དམ་འཛིན། མགྱོགས་མྱུར་དམ་འཛིན། དམ་འཛིན་ཡག་པོ་བཅས་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་བཅུའི་ཐད་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ལེགས་པར་བྱས་ཡོད། གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་ལས་དོན་གཏིང་ཟབ་ཏུ་བཏང་བ་དང་ཕུལ་བྱུང་ལས་བྱེད་པ་ཁྲི་2ལྷག་ཙམ་ལས་གྲུབ་པའི་ལས་དོན་རུ་ཁག་ཁག་བཞི་པ་མུ་མཐུད་འདེམས་གཏོང་བྱས་ནས་སྲིད་འཛིན་གྲོང་ཚོ(ཡུལ་མི་ཨུ་ཡོན་ལྷན་ཁང)ཚང་མར་བཅའ་སྡོད་བྱས་ནས་ཞིང་འབྲོག་ཁུལ་གྱི་བརྟན་ལྷིང་འགན་ལེན་བྱེད་པ་དང་། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ནས་ཕུལ་བྱུང་ལས་བྱེད་པ་ལྗོངས་ཡོངས་ཀྱི་དགོན་སྡེ་ཁག་ཏུ་མངགས་གཏོང་བྱས་ནས་སློབ་གསོ་དང་། དོ་དམ། ཞབས་ཞུ་བཅས་ཀྱི་འགན་ནུས་དོན་འཁྱོལ་བྱས་ཏེ་གྲྭ་བཙུན་ཚོར་རང་རྟོགས་ངང་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བ་བཅས་ལ་ཁྲིད་སྟོན་བྱས་ཏེ་དགོན་སྡེའི་བརྟན་ལྷིང་འགན་ལེན་བྱེད་པ། གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་ཁྱབ་གདལ་བཏང་ནས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་དྲ་སྦྲེལ་དང་། མཉམ་སྒྲུབ། མཉམ་འགུལ་བཅས་བྱས་ནས་ཐོལ་བྱུང་དོན་རྐྱེན་ཐོན་ཚེ་དེ་མ་ཐག་ཏུ་ཤེས་པ་དང་མྱུར་དུ་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་པ། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱི་གཏོད་འདེམས་གཏིང་ཟབ་ཏུ་བཏང་ནས་དུད་སྦྲེལ་གྱིས་དུས་བདེ་འགན་ལེན་དང་འབབ་འཕར་ལ་སྐུལ་མ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དང་བརྟན་ལྷིང་གི་གཞི་རྩ་བརྟན་དུ་བཏང་བ། གཙོ་གནད་ས་ཁུལ་དང་འགག་གནད་ཆེ་སར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཁུག་གསང་སྟོང་གསུམ་མ་ལུས་པ་བྱེད་པ་དང་། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དྲག་རྡུང་བཅོས་སྒྲིག་བྱེད་ཤུགས་ཟབ་ཏུ་བཏང་ནས་ཕྱོགས་མིའི་དོ་དམ་དང་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་དང་། སྤྱི་པའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འགོག་མཉམ་བཅོས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་རྣམ་པ་ཞིག་ཆགས་པ་བྱེད་པ། གསར་དར་སྨྱན་སྦྱོར་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁ་པར་དང་། ལག་ཐོགས་ཁ་པར། དྲ་རྒྱ། དཔོད་ཆུང་བཅས་ཀྱི་མིང་ངོ་མ་འགོད་པའི་ལམ་ལུགས་དོན་འཁྱོལ་བྱས་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཐོལ་བྱུང་དོན་རྐྱེན་ཐོན་མ་ཐག་་འཕྲལ་དུ་ཁ་གཏད་གཅོག་པ་དང་འཕྲལ་ཐག་ཆོད་པོས་ཐག་གཅོད་ཐུབ་རྒྱུའི་འགན་ལེན་བྱས་པ་བཅས་རེད།

    གསུམ་ནི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ། མངོན་ཞིབ་དང་ལྐོག་འདྲི་ཟུང་འབྲེལ་དང་རྒྱུན་བཤེར་དང་འཕྲལ་བཤེར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་མི་སྣ་ལས་གནས་ཐོག་ཡོད་མོད་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ལ་དུས་དང་རྣམ་པ་ཀུན་ཏུ་ཞིབ་བཤེར་བྱ་རྒྱུར་སྐུལ་མ་བཏང་ཡོད། འགན་ཤོར་ལས་འཛོལ་དང་བརྟན་ལྷིང་ཐད་ཐོན་པའི་གནད་དོན་ལ་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས་བཙན་ཞིང་དམ་པའི་སྒྲིག་ལམ་ཐོག་ནས་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད།

    (གཉིས)ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན།

    1.“ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་གནད་དོན”སྐོར། གཅིག་ནི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱས་པ། ལས་གྲྭ་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་དང་སྲིད་འཛིན་ཞིབ་མཆན་སོགས་ལྷུ་ཚིགས་གལ་ཆེན་གྱི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཁུངས་སྣེར་དམ་འཛིན་བྱས་པ་དང་ཞིབ་བཤེར་ཆོག་པའི་གནད་དོན་ཁུངས་སྣེར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཡོད། 2014ལོར་ལྗོངས་སྒྲིག་ཨུད་ཀྱིས་ཐད་ཀར་གྱོད་ཐོ་བཀོད་ནས་ལྗོངས་ཐད་གཏོགས་སྡེ་ཚན་གྱི་ཏང་ཡོན་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་བཅུ་གཅིག་ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད།

    གཉིས་ནི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། སྲིད་འཛིན་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་ལ་དམ་འཛིན་ནན་ཏན་བྱས་ཏེ་སྲིད་གཞུང་གི་འགན་ནུས་སྒྱུར་རྒྱུར་སྐུལ་འདེད་བཏང་བ་དང་། སྲིད་འཛིན་ཞིབ་མཆན་བཀོད་པའི་བྱ་བ་851མེད་པ་བཟོས་པ། སྲིད་འཛིན་ཞིབ་མཆན་འགོད་པའི་བྱ་བ་590གཤམ་སྤྲོད་བྱས་ཡོད། 80%ཡན་གྱི་རྣམ་གྲངས་ཞིབ་མཆན་དབང་ཆ་ས་ཁུལ་གྲོང་ཁྱེར་དང་རྫོང་རིམ་པར་གཤམ་སྤྲོད་བྱས་པར་བརྟེན་ལྗོངས་ཐད་གཏོགས་སྡེ་ཚན་གྱི“དབང་ཆ་བོགས་འཚོལ”གྱི་བར་ཁྱམས་ཆུང་དུ་ཕྱིན་ཡོད། སྲིད་དོན་ཡོངས་བསྒྲགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་ཁག་དང་པོར་སྤེལ་བའི་སྲིད་གཙང་གི་ཉེན་ཁ་སྔོན་འགོག་གི་ལམ་སྲོལ་བཙུགས་པའི་ལྗོངས་ཐད་གཏོགས་སྡེ་ཚན་41ལ་ཞིབ་བཤེར་རྩིས་ལེན་བྱས་ཡོད།

    གསུམ་ནི་དབང་ཆའི་རྩིས་ཐོ་བཟོ་བའི་ལམ་ལུགས་བཙུགས་པ། སྲིད་གཞུང་གི་དབང་ཆའི་རྩིས་ཐོ་དང་། ལས་འགན་གྱི་རྩིས་ཐོ། ཁྲོམ་རའི་འཇུག་འཐུས་ཀྱི་རྩིས་ཐོ་བཅས་བཟོ་བའི་ལམ་ལུགས་ཁྱབ་གདལ་བཏང་བ་དང《སྲིད་གཞུང་སྡེ་ཚན་གྱི་དབང་ཆའི་རྩིས་ཐོའི་ལམ་ལུགས་དང་དེ་བཞིན་ཁྲིམས་ལྟར་དབང་ཆ་ཡོངས་བསྒྲགས་བྱེད་པའི་འཁོར་སྐྱོད་བརྒྱུད་རིམ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཟོས་ནས་རིམ་ཁག་སྲིད་གཞུང་གི་དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་བཏང་ཡོད།

    2.“གཞི་རིམ་ལས་བྱེད་པ་ཁག་གཅིག་གི་རུལ་སུངས་གནད་དོན”སྐོར།

    གཅིག་ནི་གཞི་རིམ་ལས་བྱེད་པ་ཉུང་ཤས་ཤིག་གི་རུལ་སུངས་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པ། གཞི་རིམ་གྱི་གྱོད་གཞི་སྒྲུབ་གཉེར་གྱི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་སྒྲུབ་གཉེར་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ལས་བྱེད་པའི་སྒྲིག་འགལ་གནད་དོན་གྱི་ཁུངས་སྣེ་124ལ་ཞིབ་དཔྱད་བྱས་པ་དང་། མི་52ལ་ཏང་ཁྲིམས་སྲིད་ཁྲིམས་ཀྱི་ཆད་པ་བཅད་པ་གཞི་རིམ་འགོ་ཁྲིད་ལས་བྱེད་པའི་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞི་6དམར་འདོན་བཅས་བྱས་པ།

    གཉིས་ནི་དམངས་ཕན་གྱི་མ་དངུལ་དོ་དམ་དང་སྤྱོད་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་པ། རང་སྐྱོང་ལྗོངས་ནས་ས་ཁུལ་གྲོང་ཁྱེར་བར་ཆེད་དོན་ཞིབ་བཤེར་ཚོགས་ཆུང་29བཙུགས་པ་དང་སྔ་རྗེས་སུ་ལྗོངས་ཐད་གཏོགས་ཐད་འབྲེལ་ཞིང་ལས་སྡེ་ཚན་19དང་། ས་ཁུལ་དང་རྫོང་གི་ཐད་འབྲེལ་ཞིང་ལས་ཚན་པ་506 རྫོང་74བཅས་སུ་དམངས་ཕན་མ་དངུལ་དོ་དམ་ཞིབ་བཤེར་གྱི་ལས་དོན་སྤེལ་བ་དང་ཁུངས་སྣེ་ཤེས་རྟོགས་བྱུང་རིགས་ལ་ཞིབ་དཔྱད་ནན་པོ་བྱས་ཡོད།

    གསུམ་ནི་དམངས་ཕན་སྲིད་ཇུས་དོན་འཁྱོལ་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། དམངས་ཕན་སྲིད་ཇུས་དང་དམངས་ཕན་རྣམ་གྲངས་ཀྱི་མ་དངུལ་ཡོངས་བསྒྲགས་བྱ་རྒྱུ་ཁྱབ་གདལ་བཏང་བ་དང་གྲོང་དོན་དང་ཏང་དོན་གྱི་ཡོངས་བསྒྲགས་སྒྲོམ་སྟེགས་4963དང་བསམ་འཆར་བླུགས་སའི་སྒམ་1624བཙུགས་ནས་མང་ཚོགས་ཀྱིས་དམངས་ཕན་མ་དངུལ་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་1700བསྡུ་ལེན་བྱས་པ་མ་ཟད། འབྲེལ་ཡོད་ལམ་ལུགས་དང་བྱེད་ཐབས་18400བཙུགས་པ་དང་འཐུས་ཚང་དུ་བཏང་ཡོད།

    3.“མ་དངུལ་རྣམ་གྲངས་ཀྱི་ལྟ་སྐུལ་དོ་དམ་ཐད་ལྷག་པའི་ཞན་ཆའི་གནད་དོན”སྐོར།

    གཅིག་ནི་རྣམ་གྲངས་མ་དངུལ་ལ་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་སྣེ་འཁྲིད་དེ་ཐིང་ཅུས་7དང་། ས་ཁུལ་གྲོང་ཁྱེར་7གྱི་རྣམ་གྲངས་87ལ་ཞིབ་བཤེར་བྱས་པ་དང་རྣམ་གྲངས་ཐབས་ཇུས་ཞིབ་མཆན་དང་། འོས་སྐུལ་འོས་དཔོད། ལས་གྲྭའི་སྤུས་ཚད་སོགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་བརྒྱད་ཤེས་རྟོགས་བྱུང་བ་དག་འཕྲལ་མར་བཅོས་སྒྲིག་བྱ་རྒྱུའི་བརྡ་ཐོ་བཏང་ནས་དུས་བཀག་ནང་བཅོས་སྒྲིག་བྱེད་དུ་བཅུག་ཡོད། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་སྣེ་ཁྲིད་དེ་ས་ཁུལ་དང་གྲོང་ཁྱེར་5དང་རྫོང་31གི་ཨར་ལས་ལས་ཡུལ་126ཏུ་ཁྲིམས་འཛིན་ཞིབ་བཤེར་ཆེན་པོ་བྱས་ཏེ་འགན་གཙང་བརྒྱུད་སྤྲོད་དང་ཁྲིམས་འགལ་ངང་འགན་གཙང་སྤྲོད་པ་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་མ་ཟད། བཅོས་སྒྲིག་བྱ་རྒྱུའི་བརྡ་ཐོ་28གཏོང་བ་དང་། ལས་གྲྭ་གསུམ་ལས་མཚམས་འཇོག་ཏུ་འཇུག་པ། ཁེ་ལས་ལྔ་ལས་མཚམས་འཇོག་ཏུ་འཇུག་པ། ཁེ་ལས་གཅིག་ལ་ལྟ་སྐུལ་བཅས་བྱས་ཡོད།

    གཉིས་ནི་རྣམ་གྲངས་ཞིབ་མཆན་དང་འོས་སྐུལ་འོས་དཔོད་ཚད་ལྡན་དུ་བཏང་བ། ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་ས་ཆ་ཐིང་། ཁོར་ཡུག་སྲུང་སྐྱོང་ཐིང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་སོགས་སྡེ་ཚན་གྱིས་ལས་གྲྭའི་རྣམ་གྲངས་གལ་ཆེན་ལ་ཞིབ་མཆན་མཉམ་འགུལ་ལམ་སྲོལ་བཙུགས་པ་དང《བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཞིབ་མཆན་བརྒྱུད་རིམ་ལས་ཀའི་ཕྱོགས་སྟོན》བཟོ་བཅོས་བརྒྱབ་པ་དང་འཐུས་ཚང་དུ་བཏང་ནས་ཞིབ་མཆན་གྱི་ནང་དོན་དང་། དབང་ཆ། བརྒྱུད་རིམ་བཅས་གསལ་དུ་བཏང་བ་དང་འབྲེལ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཡོད། རྣམ་གྲངས་ཞིབ་མཆན་གྱི་བརྒྱུད་རིམ་ནན་དུ་བཏང་ནས《བོད་རང་སྐྱོང་ལྗོངས་ཀྱི་གཞུང་ལམ་ལས་གྲྭའི་རྣམ་གྲངས་ཨར་སྐྲུན་འོས་སྐུལ་འོས་དཔོད་ལུགས་མཐུན་རིན་གོང་གི་ཞིབ་དཔྱད་དཔེ་འཐེན་ལག་བསྟར་བྱེད་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་དོ་དམ་བྱེད་ཐབས》བཟོས་ནས་བཏོན་པ་དང《བོད་རང་སྐྱོང་ལྗོངས་ཀྱི་འོས་སྐུལ་འོས་དཔོད་ཀྱི་སྲོལ་ཡིག》ཞིབ་འཇུག་བྱས་ནས་བཟོས་པའི་ཐོག་འོས་སྐུལ་འོས་དཔོད་ཀྱི་ལྟ་སྐུལ་དོ་དམ་བྱེད་ཐབས་གསར་གཏོད་བྱས་ཏེ་སྤྱི་པའི་ཐོན་ཁུངས་བརྗེ་རེས་ལྟེ་གནས་དང་གློག་རྡུལ་ཐོག་ནས་འོས་སྐུལ་འོས་དཔོད་བྱེད་པའི་སྟེགས་བུ་གཅིག་གྱུར་ཐོག་བཙུགས་ཡོད།

    གསུམ་ནི་ནོར་སྲིད་མ་དངུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ། 《སྔོན་རྩིས་ཡོངས་བསྒྲགས་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུའི་སྐོར་གྱི་བསམ་འཆར》སོགས་ལམ་ལུགས་40ཙམ་བཟོས་ནས་འཐུས་ཚང་དུ་བཏང་སྟེ་མ་དངུལ་གཏོང་སྤྲོད་སྒྱུར་བའི་ལེགས་སྒྲིག་ལམ་སྲོལ་བཙུགས་ཡོད། ལྗོངས་ནོར་སྲིད་ཐིང་གིས་སྣེ་ཁྲིད་ནས་གཏོང་སྤྲོད་སྒྱུར་རྒྱུ་དང་། ཆེད་དོན་མ་དངུལ། བོད་སྐྱོར་མ་དངུལ་བཅས་བེད་སྤྱོད་དང་དོ་དམ་བྱས་ཚུལ་ལ་ཞིབ་བཤེར་ཆེན་པོ་བྱས་ཡོད། ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་སྣེ་ཁྲིད་དེ་2001ལོ་ནས་2013ལོ་བར་བཀོད་སྒྲིག་བྱས་པའི་རྣམ་གྲངས་5572ཀྱི་མ་འཇོག་གནས་ཚུལ་ལ་རིམ་གྱིས་ཞིབ་བཤེར་བྱས་པ་བརྒྱུད་མ་དངུལ་ལྷག་མ་སྒོར་དུང་ཕྱུར་2.91གཙང་བཤེར་ཐུབ་པ་བྱུང་བ་དེ་དག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུའི་ཐད་སྤྱོད་རྒྱུའི་བཀོད་སྒྲིག་བྱས་ཡོད།

    བཞི་ནི་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་ལ་ཤུགས་སྣོན་བརྒྱབ་པ། ཏང་སྲིད་ཀྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་88(ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་10དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་67ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་11)གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བ་བཞི་བཅས་ཀྱི་དཔལ་འབྱོར་འགན་འཁྲིར་རྩིས་བཤེར་བྱས་པ་དང་འགན་འཁྲི་བདའ་འདེད་126ལག་བསྟར་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་གྱོད་གཞིའི་ཁུངས་སྣེ་2རྩིས་སྤྲད་པ་དང་རྩིས་བཤེར་ཚན་པར་བསམ་འཆར་དང་གྲོས་འགོ་ཁག་200ལྷག་ཙམ་བཏོན་ཡོད་པ་རེད།

    4.“འགན་འཁྲི་གཙོ་བོ་བསྒྲུབ་རྒྱུ་དོན་ཐོག་ཏུ་འཁྱོལ་མེད་པའི་གནད་དོན”སྐོར།

    གཅིག་ནི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་འཁུར་བའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་འཁུར་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་བཙུགས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་འགོ་ཁྲིད་ལམ་སྲོལ་དང་ལས་ཀའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ཡོད། ལྗོངས་ཡོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ཏང་ཨུད་ཀྱི་འགན་འཁྲི་གཙོ་བོ་དང་སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་འཁྲིར་ཤུགས་སྣོན་རྒྱག་རྒྱུའི་ཐད་ཆེད་དོན་བཀོད་སྒྲིག་བྱས་པ། ས་ཁུལ་གྲོང་ཁྱེར་7དང་རྫོང(ཆུས)74ཚང་མར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་མཐུན་སྦྱོར་ཚོགས་ཆུང་བཙུགས་ཡོད།

    གཉིས་ནི་གཅིག་སྡུད་ཐོག་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཁ་ཆད་གྲོས་མོལ་ལས་དོན་སྤེལ་བ། 《བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཁ་ཆད་གྲོས་མོལ་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་གཏན་འབེབས》ཞིབ་འཇུག་བྱས་ནས་བཏོན་པ་དང་ལྗོངས་སྒྲིག་ཨུད་ཀྱིས་ས་ཨུད་7གྱི(གྲོང་ཁྱེར)ཧྲུའུ་ཅི་དང་ཁ་ཆད་གྲོས་མོལ་བྱས་པ་དང་ས་ཨུད(གྲོང་ཁྱེར)ཧྲུའུ་ཅི་7གྱིས་རྫོང་ཨུད་ཀྱི་ཧྲུའུ་ཅི་74དང་ས་ཁུལ་དང་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་163དང་ཁ་ཆད་གྲོས་མོལ་བྱས་པ་དང་། ས་ཨུད(གྲོང་ཁྱེར)ཧྲུའུ་ཅི་གཞོན་པ་དང་སྒྲིག་ཨུད་ཧྲུའུ་ཅིས་ས་ཁུལ་དང་གྲོང་ཁྱེར་གྱི་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བ་284དང་ཁ་ཆད་གྲོས་མོལ་བྱས་པ། རྫོང་ཨུད་ཧྲུའུ་ཅི་ཁག་གིས་ཤང་གྲོང(ཁྲོམ་གཞུང)ཏང་ཨུད་ཀྱི་འགན་འཁུར་བ་675དང་རྫོང་ཐད་འབྲེལ་ཞིང་ལས་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་762དང་ཁ་ཆད་གྲོས་མོལ་བྱས་ཡོད།

    5.“ལྟ་སྐུལ་འགན་འཁྲི་སྒྲུབ་ནུས་མི་འདང་བའི་གནད་དོན”སྐོར།

    གཅིག་ནི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་རྒྱབ་སྐྱོར་བྱས་ནས་ལས་གནས་གཙོ་བོར་དམིགས་ནས་འགན་ནུས་སྒྱུར་བ། ལྗོངས་དང་ས་ཁུལ་རིམ་གཉིས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་གྲོས་དོན་མཐུན་སྦྱོར་སྒྲིག་གཞི་གཙང་སེལ་བྱས་ནས་ལྗོངས་སྒྲིག་ཨུད་ལས་ཁུངས་ཀྱིས་གྲོས་དོན་མཐུན་སྦྱོར་སྒྲིག་གཞི་106མེད་པ་བཟོས་པའམ་ཡང་ན་ཕྱིར་འཐེན་བྱས་པ་དང་། ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་གསུམ་སྒྲིག་ཨུད་ཧྲུའུ་ཅིའི(སྒྲིག་བཤེར་ཙུའུ་ཀྲང)ལས་འགན་གཅིག་ལྕོགས་ཀྱི་ལས་བགོས་གཙང་སེལ་དང་ཚད་ལྡན་དུ་བཏང་བ། སྒྲིག་ཁྲིམས་ལག་བསྟར་དང་གྱོད་གཞི་སྒྲུབ་གཉེར་དང་ཏང་སྲོལ་སྲིད་གཙང་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ནས་ལྗོངས་སྒྲིག་ཨུད་ལས་ཁུངས་ནང་བཙུགས་པའི་སྒྲིག་གཞིར་ལེགས་སྒྲིག་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ཁང་2ནས་5བར་མང་དུ་བཏང་བ་དང་མི་སྣ་40བར་མང་དུ་བཏང་ཡོད། ས་ཁུལ་དང་གྲོང་ཁྱེར་སྒྲིག་ཨུད་7གྱིས་སྒྲིག་བཤེར་ལྟ་ཞིབ་ཁང་2བཙུགས་པ་དང་སྒྲིག་ཁྲིམས་ལག་བསྟར་དང་གྱོད་གཞི་སྒྲུབ་གཉེར་མི་སྣས་ཚན་པའི་སྒྲིག་ཁོངས་མི་གྲངས་ཀྱི་40%ཡན་ཟིན་ཡོད།

    གཉིས་ནི་ལྟ་སྐུལ་བྱེད་པའི་འགན་འཁྲི་ནན་ཏན་ངང་བསྒྲུབས་པ། བཅའ་སྡོད་ལས་ཁུངས་དང་། ས་ཁུལ་དང་གྲོང་ཁྱེར་སྒྲིག་ཨུད་ཀྱི་ལས་ཀའི་གནས་ཚུལ“ཟླ་རེར་སྙན་སེང”ཞུ་བ་དང་ས་ཁུལ་དང་གྲོང་ཁྱེར་སྒྲིག་ཨུད་ཧྲུའུ་ཅིའི་ལས་དོན་ཐད“དུས་ཚིགས་རེར་སྙན་སེང”ཞུ་བའི་ལམ་ལུགས་བཟོས་ནས་འོག་རིམ་སྒྲིག་ཨུད་ཀྱིས་དེ་བས་ལེགས་པའི་ངང་ལྟ་སྐུལ་འགན་འཁྲི་སྒྲུབ་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བྱས་ཡོད། བོད་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ནང་ཁུལ་གྱི་བརྡ་ཁྱབ་སྙན་ཞུའི་ཞིབ་ཕྲའི་བྱེད་ཐབས་བཟོས་ནས་ཚན་པ་ཁག་གཅིག་གིས་བཀའ་རྒྱ་ཡོད་རུང་སྒྲིག་ཁྲིམས་ལས་འགལ་བ་དང་གཞུང་གྲོན་བཏང་ནས་ཡུལ་སྐོར་བྱེད་པའི་གནད་དོན་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་ཡོད།

    གསུམ་ནི་གྱོད་གཞི་ཞིབ་བཤེར་དང་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། གྱོད་གཞི་སྒྲུབ་གཉེར་གྱི་ལམ་སྲོལ་དང་སྒྲིག་སྲོལ་ལེགས་སུ་བཏང་ནས་རུལ་སུངས་ཀྱི་གྱོད་གཞི་ཞིབ་གཅོད་བྱ་རྒྱུ་དེ་གོང་རིམ་སྒྲིག་ཨུད་འགོ་ཁྲིད་ཀྱིས་གཙོ་བོར་བྱེད་པའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁུངས་སྣེ་ཐག་གཅོད་དང་ཞིབ་གཅོད་གྱོད་གཞི་རིམ་མཚུངས་ཏང་ཨུད་ལ་སྙན་སེང་ཞུ་བ་དང་འབྲེལ་གོང་རིམ་སྒྲིག་ཨུད་ལ་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་བྱས་ནས་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་གལ་ཆེན་ལ་རིམ་པ་གོང་མས་ཐག་གཅོད་བྱས་ཡོད། གྱོད་གཞི(གནད་དོན་ཁུངས་སྣེ)སྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་ལམ་སྲོལ་བཟོས་ནས་ལས་ཀའི་སྒྲིག་སྲོལ་དང་བརྒྱུད་རིམ་ཚད་ལྡན་དང་ཞིབ་གཅོད་བྱས་ཏེ་གྱོད་གཞི་སྒྲུབ་གཉེར་གྱི་ལས་ཀའི་ལས་ཕྱོད་དང་གྱོད་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་བརྒྱབ་ཡོད།

    བཞི་ནི་སྐོར་ཞིབ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ། 《བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་ཞིབ་ལས་ཀའི་བརྒྱུད་རིམ་གཏན་འབེབས》བཟོས་ནས་བཀྲམ་པ་དང་སྐོར་ཞིབ་གྲུབ་འབྲས་ཀྱི་ལྷན་སྦྱར་ལམ་ལུགས་ལྔར་ཤུགས་སྣོན་བརྒྱབ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ལས་དོན་ལ་ཞིབ་འཇུག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“མི་བདུན་ཚོགས་ཆུང”གིས་སྐོར་ཞིབ་ཕྱོགས་བསྡུས་གནས་ཚུལ་གྱི་སྙན་སེང་ཉན་པ་དང་དེ་བཞིན་ལྗོངས་ཏང་ཨུད་སྐོར་ཞིབ་ལས་དོན་གྱི་འགོ་ཁྲིད་ཚོགས་ཚུང་གིས་སྐོར་ཞིབ་གནས་ཚུལ་གྱི་སྙན་སེང་ཉན་པའི་ལམ་སྲོལ་བཙུགས་ཡོད། སྐོར་ཞིབ་ཀྱི་ཙུའུ་ཀྲང་མཛོད་དང་རིགས་གཅིག་མཁས་ཅན་གྱི་མཛོད་བཟོས་ནས་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་དང་སྐོར་ཞིབ་ཚོགས་ཆུང་2གསར་དུ་བཙུགས་ཡོད། སྐོར་ཞིབ་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་སྐོར་ཞིབ་ལས་དོན་གྱི་གོམ་སྟབས་མགྱོགས་སུ་གཏོང་ཆེད་དུས་ཐོག་ཏུ་2014ལོའི་སྐོར་ཞིབ་འཆར་གཞི་དེ་རེས་སྐོར་དང་པོ་ནས་རེས་སྐོར་2པར་ལེགས་སྒྲིག་བྱས་པ་དང་། 2015ལོར་རེས་སྐོར་གསུམ་པར་ལེགས་སྒྲིག་བྱས་ཏེ་ཆེད་དོན་སྐོར་ཞིབ་ལས་དོན་ཧུར་ཐག་སྤེལ་ཡོད། 2014ལོར་ཚན་པ་23ལ་སྐོར་ཞིབ་བྱས་ནས“ཤུགས་སྣོན་རྒྱག་དགོས་པ་བཞིའི”ཐད་ཤེས་རྟོགས་ཐུབ་པའི་གནད་དོན་82ནན་ཏན་ངང་ཞིབ་དཔྱད་བྱེད་བཞིན་ཡོད་པ་རེད།

    (གསུམ)ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་སྤྱོད་ཚུལ་འཛུགས་སྐྱོང་།

    1.“ཚོགས་འདུ་དང་ཡིག་ཆ་ཁུ་བསྡུ་མ་འདང་བའི་གནད་དོན”སྐོར།

    གཅིག་ནི་ཚོགས་འདུ་དང་ཡིག་ཆ་ཁུ་བསྡུ་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་པ། ཚོགས་འདུའི་ཡིག་ཆ་ཞིབ་དཔྱད་བྱེད་པའི་འགག་སྒོ་ནན་དུ་བཏང་བ་དང་། དུས་བཀག་ཐོག་ལྟ་སྐུལ་ཞིབ་བཤེར་བྱས་ཡོད། 2014ལོ་ཚུན་ལྗོངས་ཏང་ཨུད་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མིང་ཐོག་ནས་འཚོགས་པའི་ཚོགས་འདུ་དང་། ཚོགས་འདུའི་དུས་ཡུན། ཚོགས་ཞུགས་མི་སྣ་གྲངས་བཅས་དུས་མཚུངས་ལས8.6%、21.2%、31.6%བཅས་སོ་སོར་ཆག་ཡོད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང(གཞུང་ལས་ཐིང་ཚུད་པ)གི་མིང་ཐོག་ནས་བཟོས་ནས་བཀྲམ་པའི་ཡིག་ཆ་དང་བསྡུས་འཕྲིན་གྲངས་འབོར་དུས་མཚུངས་ལས13%ཉུང་དུ་ཕྱིན་པ། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པས་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་གོང་འབུལ་ཞུས་པའི་བསྡུས་འཕྲིན་གྲངས་འབོར་དུས་མཚུངས་ལས16.9%ཉུང་དུ་ཕྱིན་ཡོད།

    གཉིས་ནི་ཡིག་ཆ་གཤམ་སྤྲོད་མ་བྱས་གོང་གི་ཞིབ་བཤེར་ལམ་ལུགས་བཙུགས་པ། “ཡིག་ཆ་ཚང་མར་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པ་དང་། ཞིབ་བཤེར་ནན་པོ་བྱེད་དགོས་པ། ནོར་འཁྲུལ་ཡོད་ཚེ་ངེས་པར་དུ་བཅོས་དགོས་པ”བཅས་ཀྱི་རྩ་དོན་ལ་གཞིགས་ནས་ཡིག་ཆ་འགྲེམས་པའི་དགོས་ངེས་རང་བཞིན་དང་། ཡིག་ཆའི་སྤུས་ཚད། རྣམ་པ་སོགས་ཀྱི་ཐད་སྔ་སྣུར་དུ་ཞིབ་བཤེར་བྱས་ཏེ་བླང་བྱ་དང་མི་མཐུན་པ་ཚང་མ་སྡེ་ཚན་ལ་ཕྱིར་སློག་བྱས་པ་དང་། 2014ལོའི་ལོ་མཇུག་བར་ཡིག་ཆ20ལྷག་ཙམ་ཕྱིར་སློག་བྱས་ཡོད།

    2.“ཕྱི་ཚུལ་རིང་ལུགས་ཀྱི་སྣང་ཚུལ་སྔར་བཞིན་གནས་པའི་གནད་དོན”སྐོར།

    གཅིག་ནི་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ལས་དོན་ལེགས་སུ་བཏང་ཡོད། 《རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པར་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུའི་ལས་དོན་ལམ་ལུགས》སོགས་ཀྱི་གཏན་འབེབས་བཟོས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་སྣེ་ཁྲིད་དེ་འཁོར་ཉུང་སྟབས་བདེའི་སྒོ་ནས་གཞི་རིམ་དང་། མང་ཚོགས། ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོ་བཅས་སུ་བསྐྱོད་ནས་གནས་ཚུལ་དངོས་ལ་བརྟག་དཔྱད་དང་། མང་ཚོགས་ཀྱི་བསམ་འཆར་ཉན་པ། མང་ཚོགས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ཡོད། དག་ཐེར་བྱས་ཚུན་རང་སྐྱོང་ལྗོངས་ཀྱི་ཚན་ཁག་ཁོངས་མིས་གཞི་རིམ་ལ་བརྟག་དཔྱད་ཐེངས་126བྱས་པ་དང་ཉིན་321ཟིན་ཡོད་པ་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་ཚན་ཁག་ཁོངས་མིས་བརྟག་དཔྱད་ཞིབ་འཇུག་ཐེངས1560ལྷག་ཙམ་བྱས་པ་དང་ཉིན4380ལྷག་ཙམ་ཟིན་ཡོད།

    གཉིས་ནི་ཐད་ཀར་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་ལུགས་བཙུགས་པ། 《ཏང་ཡོན་ལས་བྱེད་པས་ཐད་ཀར་མང་ཚོགས་དང་འབྲེལ་བ་བྱེད་པའི་ལམ་ལུགས》དང《ལས་ཐོག་ཏང་ཡོན་ལས་བྱེད་པ་སྡེ་ཁུལ་དུ་འབྱོར་ཐོ་བཀོད་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར》བཙུགས་པ་དང་འཐུས་ཚང་དུ་བཏང་ནས“ཏང་ཡོན་ལས་བྱེད་པ་གྲོང་ཚོའི་དུད་ཁྱིམ་དུ་སྐྱོད་པ་དང་གཉེན་འཚོལ་གྲོགས་སྒྲིག”གི་བྱེད་སྒོ་སོགས་སྤེལ་ཡོད། 2014ལོ་ཚུན་ལྗོངས་ཡོངས་ཀྱི་ཤང་དང་ཁོའོ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་ཁྲི་5.6གིས་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་ཁྲི་14ལྷག་ཙམ་དང་ཆ་འགྲིག་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར5ལྷག་ཙམ་གྲབས་གསོག་བྱས་ནས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་དང་བྱ་བ་བཟང་པོ་ཁྲི་8.6ལྷག་ཙམ་བསྒྲུབས་ཡོད།

    3.“བཀག་རྒྱ་ཡོད་བཞིན་དུ་སྒྲིག་ཁྲིམས་ལས་འགལ་བའི་སྣང་ཚུལ་སྔར་བཞིན་ཐོན་པའི”གནད་དོན་གྱི་སྐོར།

    གཅིག་ནས་གཞུང་དངུལ་སྤྱད་དེ་ཟ་འཐུང་བྱེད་པ་དང་གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱེད་པའི་སྒྲིག་སྲོལ་ལས་འགལ་བའི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། 《སྒྲིག་ཁྲིམས་སྔར་བས་ནན་དུ་བཏང་ནས་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ་དང་བཀག་རྒྱ་ཡོད་བཞིན་དུ་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཟོས་ནས་བཀྲམས་པ་དང《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱ་ཐབས》བཏོན་ཡོད། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་གཞུང་དངུལ་སྤྱད་དེ་ཟ་འཐུང་བྱེད་པ་དང་། གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱེད་པ། ཁ་གསབ་དངུལ་གང་བྱུང་དུ་སྤྲོད་པ་སོགས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱ་ཤུགས་ཆེ་རུ་བཏང་ནས་བཀག་རྒྱ་ཡོད་བཞིན་དུ་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད། 2014ལོ་ནས་བཟུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་གནད་དོན་201ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་240ཐག་གཅོད་བྱས་པའི་ནང་མི་138ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་ཡོད།

    གཉིས་ནས་གཞུང་འཁོར་སྒེར་སྤྱོད་དང་དམིགས་བསལ་དབང་ཆའི་རླངས་འཁོར་གཅིག་སྡུད་ཐོག་ཆེད་དོན་བཅོས་སྒྲིག་བྱས་ཡོད། དམིགས་བསལ་དབང་ཆའི་རླངས་འཁོར་གཙང་བཤེར་བྱ་ཤུགས་ཆེ་རུ་བཏང་ནས་འཁོར་རྟགས་འགོར་ཨང་ཀི་6དང་། 7 8 9བྱས་པའི་རླངས་འཁོར་ཁྱོན་ཡོངས་ནས་གཙང་བཤེར་དང་ཆེད་དོན་བཅོས་སྐྱོང་བྱས་པ་དང་། དམིགས་བསལ་དབང་ཆའི་འཁོར་རྟགས་སྤྱད་པའི་གཞུང་འཁོར་མིན་པའི་རླངས་འཁོར་46གཙང་བཤེར་བྱས་ནས་སྒེར་འཁོར་ལ་གཞུང་འཁོར་འཁོར་རྟགས་བསྒར་བ་སོགས་དམིགས་བསལ་དབང་ཆའི་བྱེད་སྤྱོད་བཅོས་སྒྲིག་ནན་པོ་བྱས་ཡོད། གཞུང་འཁོར་སྒེར་སྤྱོད་བྱེད་སྤྱོད་295བཅོས་སྒྲིག་བྱས་ནས་དཔེ་མཚོན་གྱོད་གཞི་མིང་ངོ་མའི་ཐོག་ནས་བརྡ་ཁྱབ་བཏང་ཡོད།

    གསུམ་ནས“གཞུང་གྲོན་གསུམ”དོ་དམ་བེད་སྤྱོད་ཐད་ཆེད་དོན་ཞིབ་བཤེར་བྱས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱིས〈ཏང་སྲིད་ལས་ཁུངས་ཀྱི་གྲོན་ཆུང་བསྲི་ཚགས་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཞིབ་སྲོལ》དང《བོད་རང་སྐྱོང་ལྗོངས་ཀྱི་གཞུང་དོན་སྣེ་ལེན་དོ་དམ་བྱ་ཐབས》བཟོས་ནས“གཞུང་གྲོན་གསུམ”ལ་ལྟ་སྐུལ་དོ་དམ་བྱ་ཤུགས་ཆེ་རུ་བཏང་ཡོད། 2014ལོ་ནས་བཟུང་ལྗོངས་ཡོངས་ཀྱི“གཞུང་གྲོན་གསུམ”གྱི་གཏོང་སྒོ་དུས་མཚུངས་ལས་20.98%ཆག་པ་དང་། དེའི་ནང་གཞུང་དོན་སྣེ་ལེན་འགྲོ་གྲོན་དུས་མཚུངས་ལས་35.4%ཆག་པ་དང་། ཏང་སྲིད་ལས་བྱེད་པས་གཞུང་དོན་གྱིས་རྐྱེན་པས་ཕྱི་རྒྱལ(ས་ཁོངས་སྒྲོལ་བ)དུ་བསྐྱོད་ཐེངས་དང་། མི་གྲངས། འགྲོ་གྲོན་བཅས་དུས་མཚུངས་ལས་46%དང་། 23% 57.4%བཅས་སོ་སོར་ཆག་ཡོད།

    བཞི་ནས་འགོ་ཁྲིད་ལས་བྱེད་པས་ས་ཆ་མང་པོར་སྡོད་ཁང་བཟུང་བ་དང་སྡོད་ཁང་སྐྲུན་པའི་གནད་དོན་ཞིབ་དཔྱད་བྱས་པ། 《ལས་བྱེད་ལས་བཟོའི་སྡོད་ཁང་དང་སྡོད་ཁང་སྐྲུན་པའི་ཐད་སྒྲིག་སྲོལ་ལས་འགལ་རིགས་ཐག་གཅོད་བྱེད་པའི་སྐོར་གྱི་བྱ་ཐབས》བཟོས་པ་དང་ཆེད་དོན་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་མངོན་དྲི་ལྐོག་བཤེར་དང་ཆེད་དོན་ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་བྱ་ཐབས་བརྒྱུད་ས་ཁུལ་དང་གྲོང་ཁྱེར་ཁག་དང་ལྗོངས་ཐད་གཏོགས་ལས་ཁུངས་སུ་བསྐྱོད་དེ་ལྟ་སྐུལ་ཞིབ་བཤེར་ཐེངས་མང་བྱས་པ་དང་སྒྲིག་འགལ་ངང་བཟུང་བའི་ལས་ཤག་1000ལྷག་ཙམ་གཙང་བཤེར་བྱས་ཡོད།

    4.“འགན་འཁུར་དང་ཡར་ཐོན་གྱི་སྙིང་སྟོབས་མི་འདང་བའི”གནད་དོན་གྱི་སྐོར།

    《ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ཚན་ཁག་དང་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་ལས་བྱེད་པའི་ལོ་འཁོར་གྱི་ཞིབ་དཔྱད་བྱ་ཐབས》དང《ས་ཁུལ་དང་གྲོང་ཁྱེར་དང་། རྫོང(ཆུས)ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་སྲིད་སྐྱོང་བྱས་རྗེས་ཞིབ་དཔྱད་བྱ་ཐབས》ཞིབ་འཇུག་བྱས་ནས་བཟོས་ཏེ་གཞི་རིམ་གྱི་ལག་ལེན་དང་ལས་ཀའི་གྲུབ་འབྲས་དངོས་ཀྱི་ཁྲིད་ཕྱོགས་མངོན་གསལ་དོད་དུ་བཏང་བ་དང་། བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མ་དང་། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་དོན། རྫོང་དང་ཤང་གི་གཞི་རིམ། དཀའ་ཚེགས་ཆེ་བའི་ཐག་རིང་ས་ཁུལ། དཀའ་ཚེགས་དང་ཉེན་ཁ་ཆེ་བ་བཅས་ཀྱི་ལས་གནས་ཐོག་ལས་བྱེད་པ་གསོ་སྦྱོང་དང་སྦྱོང་བརྡར་སྤྲོས་པ་དང་ལས་བྱེད་པ་ཤེས་རྟོགས་དང་སྤྱོད་རྒྱུར་སྣང་ཆེན་བྱས་ཡོད། མིག་སྔར་ལྗོངས་ཐད་གཏོགས་ཚན་པའི་ཁྲོད་ཀྱི་ལས་བྱེད་པ་80%ཡན་ལ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་སོགས་ཀྱི་གཞི་རིམ་ལས་ཀའི་ཉམས་མྱོང་ལྡན་པ་དང་། ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་45%ཡན་གྱིས་རྫོང་དང་ཤང་ཏང་སྲིད་ཀྱི་གོ་གནས་འཁུར་མྱོང་བ། རྫོང་རིམ་པའི་འགོ་ཁྲིད་ཚན་ཁག་ཁྲོད་ཤང་གྲོང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཤང་ཀྲང་དང་ཀྲེན་ཀྲང་གི་འགན་འཁུར་མྱོང་མཁན་40%ཟིན་གྱི་ཡོད། རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་སྡེ་ཚན་གཙོ་བོས“དཀའ་སྤྱད་འབད་བརྩོན་གྱིས་ལས་གཏོད་བྱེད། དམ་པ་དོན་གཉེར་གྱིས་བོད་ལྗོངས་དར”ཞེས་པའི་ཆེད་བསྒྲིགས་ལེ་ཚན་བཏོད་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁྲོད་དཀའ་ཚེགས་ཆེ་བར་མི་སྐྲག་པ་དང་། ལས་གནས་བརྟན་སྲུང་། འགན་འཁུར་ཕོད་པ་བཅས་ཀྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཀྱིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་43མངགས་ནས་ལས་བྱེད་པ་ལས་གནས་ཐོག་ཡོད་མེད་དང་འགན་འཁྲི་སྒྲུབ་མིན་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་ལས་གནས་དང་ཁ་བྲལ་བ་དང་འགན་ཤོར་ལས་འཛོལ་ཐོན་པའི་ཏང་ཡོན་ལས་བྱེད་པ་44ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་ཡོད།

    (བཞི)ལས་བྱེད་པ་གདམ་གསེས་བེད་སྤྱོད་ལས་དོན་སྐོར།

    “ལས་བྱེད་པ་གདམ་གསེས་བེད་སྤྱོད་ལས་དོན་ཚད་དང་མི་མཐུན་པ”དང“ལས་བྱེད་པ་གདམ་གསེས་བེད་སྤྱོད་ཀྱི་ལྟ་སྐུལ་ལམ་ལུགས་དོན་འཁྱོལ་མི་ཐུབ་པའི”གནད་དོན་གྱི་སྐོར།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ་རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ནན་པོ་སྐྱོང་བ་དང་ལས་བྱེད་པ་ནན་པོ་སྐྱོང་བའི་གལ་ཆེའི་མཛུབ་སྟོན། “དད་སེམས་བརྟན་གཏོང་དང་། དམངས་ལ་ཞབས་ཞུ། སྲིད་བརྩོན་དངོས་སྒྲུབ། འགན་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང”བཅས་ཀྱི་ལས་བྱེད་པ་བཟང་པོའི་ཚད་གཞི་བཅས་ལག་ལེན་ནན་པོ་བསྟར་རྒྱུ་མཐའ་འཁྱོངས་དང་། 《ལས་བྱེད་པ་བེད་སྤྱོད་སྲོལ་ཡིག》ལག་བསྟར་ནན་ཏན་གྱིས་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། ཕྱོགས་བཞི་མཚམས་བརྒྱད་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་བཞག་བྱ་རྒྱུ་མཐའ་འཁྱོངས། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། གྲུབ་འབྲས་དངོས་ལ་སྣང་ཆེན་དང་མང་ཚོགས་ཚང་མའི་ཁས་ལེན་ཐོབ་རྒྱུ་མཐའ་འཁྱོངས། དམངས་གཙོ་དང་། ཡོངས་བསྒྲགས། འགྲན་རྩོད། ལེགས་འདེམས་བཅས་བྱ་རྒྱུ་མཐའ་འཁྱོངས། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས། ཁྲིམས་ལྟར་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས། ཆབ་སྲིད་ཀྱི་འགག་སྒོ་དང་། གྲུབ་ཆའི་འགག་སྒོ། བརྒྱུད་རིམ་འགག་སྒོ། ཁྲིད་ཕྱོགས་ཀྱི་འགག་སྒོ། གོ་གནས་གྲངས་འབོར་གྱི་འགག་སྒོ། གསོ་སྐྱོང་གི་འགག་སྒོ། སྒྱུར་བཅོས་ཀྱི་འགག་སྒོ། སྤྱོད་གཙང་གི་འགག་སྒོ། ལྟ་སྐུལ་གྱི་འགག་སྒོ། འགན་འཁྲིའི་འགག་སྒོ་བཅས་ནན་པོ་བསྲུངས་ཏེ་ལས་བྱེད་པ་གདམ་གསེས་བེད་སྤྱོད་ཀྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ཡོད། དེའང་གཅིག་ནས《ལས་བྱེད་པ་བེད་སྤྱོད་སྲོལ་ཡིག》ལག་ལེན་ནན་པོ་བསྟར་ཞིང་། 《ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་གདམ་གསེས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞིབ་འཇུག་བྱས་ནས་བཟོས་ཏེ་ལས་བྱེད་པ་གདམ་གསེས་བེད་སྤྱོད་ཀྱི་ཚད་གཞིའི་ཆ་རྐྱེན་དང་། བརྒྱུད་རིམ་བྱ་ཐབས། སྒྲིག་ཁྲིམས་ལྟ་སྐུལ་སོགས་ཐད་བླང་བྱ་ཁ་གསལ་བཏོན་པ་དང་། 《ས་ཁུལ་དང་གྲོང་ཨུད་ཁག་གི“མི་ལྔའི་ཚོགས་ཆུང”གི་ཚོགས་འདུའི་ཐོག་ལས་བྱེད་པའི་གོ་གནས་བསྐོ་འཐེན་དོན་གནད་ལ་ནང་གྲོས་བྱ་རྒྱུ་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཟོས་ནས་བཀྲམས་ཏེ་ལས་བྱེད་པའི་འཕྲལ་འདོན་བསམ་འཆར་འདོན་ཡུལ་དང་། འཕྲལ་འདོན་བསམ་འཆར་འདོན་པའི་བརྒྱུད་རིམ། འཕྲལ་འདོན་བསམ་འཆར་གྱི་རྩ་དོན་བཅས་ཁ་གསལ་བཟོས་པ། 《བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དམངས་གཙོའི་འོས་སྦྱོར་བྱ་ཐབས》བཟོས་ནས་རྩ་འཛུགས་ཀྱིས་འོས་སྦྱོར་དང་མི་སྒེར་གྱིས་འོས་སྦྱོར་བྱ་རྒྱུ་ཟུང་འབྲེལ་དང་ཚོགས་འདུས་འོས་སྦྱོར་དང་མི་སྒེར་དང་གླེང་མོལ་བྱས་ནས་འོས་སྦྱོར་བྱ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་དམངས་གཙོའི་འོས་སྦྱོར་བྱས་འབྲས་དེ་རྟོག་ཞིབ་བྱ་ཡུལ་འོས་མིའི་གལ་ཆེའི་དཔྱད་གཞིར་འཛིན་པ་དང་། 《བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་བྱེད་པར་དོ་དམ་བྱེད་པའི་འོས་མིའི་རྟོག་ཞིབ་བྱ་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་སྙན་ཞུར་འཐེན་བཤེར་ཞིབ་དཔྱད་ལས་དོན་གྱི་ལག་བསྟར་བྱ་ཐབས་ཀྱི་བསམ་འཆར》བཟོས་ནས་ལས་བྱེད་པ་གནས་སྤོར་བེད་སྤྱོད་ཀྱི་རྟོག་ཞིབ་ནང་དོན་དང་། རྟོག་ཞིབ་བྱེད་སྟངས། རྟོག་ཞིབ་འགན་འཁྲི་བཅས་དང་དེ་བཞིན་མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་སྙན་ཞུའི་ཐད་གཏན་འབེབས་ཁ་གསལ་བཟོས་ཏེ་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་ལས་བྱེད་པ་34དང་ས་ཁུལ་དང་གྲོང་ཁྱེར་དང་ལྗོངས་ཐད་གཏོགས་ཚན་པས་དོ་དམ་བྱེད་པའི་ལས་བྱེད་པ་212ཀྱི་མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་སྙན་ཞུར་འཐེན་བཤེར་ཞིབ་དཔྱད་བྱས་པ། 《བོད་རང་སྐྱོང་ལྗོངས་ཀྱི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པའི་གོ་གནས་མ་ཁུར་གོང་གི་སྤྱི་བསྒྲགས་བྱ་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་གོ་གནས་འཁུར་བའི་ཚོད་ལྟའི་དུས་ཡུན་གྱི་གཏན་འབེབས》འཐུས་ཚང་དུ་བཏང་ནས་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་གོ་གནས་སྤོར་བའམ་ཡང་ན་འགོ་ཁྲིད་མིན་པའི་གོ་གནས་དང་། འགོ་ཁྲིད་མིན་པའི་གོ་གནས་ནས་རིམ་པ་གཅིག་མཚུངས་ཀྱི་འགོ་ཁྲིད་ཀྱི་གོ་གནས་འཁུར་དུ་བཅུག་པ། རིམ་པ་གཅིག་མཚུངས་ནས་གལ་ཆེའི་གོ་གནས་ལ་སྤོར་བའི་འོས་མི་ཡོངས་རྫོགས་ལ་གོ་གནས་མ་ཁུར་གོང་གི་སྤྱི་བསྒྲགས་བྱས་པ་དང་གོ་གནས་སྤོར་བའམ་ཡང་ན་གོ་གནས་གཞན་སྒྱུར་བྱེད་མཁན་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དང་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བ་ཚང་མར་ཚོད་ལྟ་བེད་སྤྱོད་དུས་ཡུན་གྱི་ལམ་ལུགས་ལག་ལེན་བསྟར་ཡོད། གཉིས་ནས་ལས་བྱེད་པར་ལྟ་སྐུལ་བྱ་ཤུགས་ཆེ་རུ་ཏན་ཏིག་བཏང་ཞིང་། ལས་བྱེད་པ་གདམ་གསེས་བེད་སྤྱོད་ཀྱི་འབྲེལ་ཡོད་ལས་ཀའི་སྙན་ཞུའི་སྒྲིག་ལམ་ནན་དུ་བཏང་ནས《རྩ་འཛུགས་ལས་དོན་གྱི་གལ་ཆེའི་གནས་ཚུལ་སྙན་ཞུའི་ལམ་ལུགས་སྐོར་གྱི་བརྡ་ཐོ》འགྲེམས་སྤེལ་བྱས་ནས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་རིམ་པ་དང་པོའི་གཞུང་ཁོངས་ཁེ་ལས་18ལ་ལས་བྱེད་པ་གདམ་གསེས་བེད་སྤྱོད་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་གནས་ཚུལ་ཐད་གཅིག་སྡུད་ཞིབ་བཤེར་བྱས་པ་དང་།“སྙན་ཞུ་གཅིག་དང་དཔྱད་མོལ་གཉིས”ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་ལྗོངས་ཐད་གཏོགས་སྡེ་ཚན་དང་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་ཁེ་ལས་ཡོངས་རྫོགས“སྙན་ཞུ་གཅིག་དང་དཔྱད་མོལ་གཉིས”ཀྱི་ཁྱབ་ཁོངས་ནང་བཅུག་པ་དང་འབྲེལ་ས་ཁུལ་དང་གྲོང་ཁྱེར་གྱི་ཐད་གཏོགས་ཚན་པའི་བར་རྒྱ་ཆེར་བཏང་བས་མི་སྤྱོད་དབང་ཆ་ཡོད་པའི་ཚན་པ་ཡོངས་རྫོགས་ལ་ཁྱབ་པ། གྲོང་ཁྱེར་དང་རྫོང་ཨུད་ཧྲུའུ་ཅི་གོ་གནས་འཁུར་མཚམས་འཇོག་པའི་དུས་སུ་ཞིབ་བཤེར་བྱ་རྒྱུ་རྒྱུན་གཏན་ཅན་དུ་འགྱུར་བ་བྱས་ནས་གནས་སྤོར་བེད་སྤྱོད་དང་། རིམ་མཚུངས་སྤེལ་རེས། རྒན་ཡོལ་ལོ་ཚད་ལ་སླེབས་པ། བོད་སྐྱོར་དུས་ཡུན་ཐིམ་པ་སོགས་ཀྱིས་རྐྱེན་པས་གོ་གནས་འཁུར་མཚམས་བཞག་པའི་གྲོང་ཁྱེར་དང་རྫོང་ཨུད་ཀྱི་ཧྲུའུ་ཅིར་གོ་གནས་འཁུར་མཚམས་མ་བཞག་གོང་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་དང་སྦྲགས་ས་ཁུལ་དང་གྲོང་ཨུད་ཀྱི་རྩ་འཛུགས་པུའུ་ཀྲང་བར་རྒྱ་ཆེར་བཏང་བ། ལས་བྱེད་པའི་མི་དོན་ཡིག་ཚགས་ལ་ཞིབ་བཤེར་གཏན་འབེབས་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ་ལྗོངས་ཡོངས་སུ་ལས་བྱེད་པའི་ཡིག་ཚགས་ལ་ཆེད་དོན་ཞིབ་བཤེར་བྱེད་པའི་ལས་དོན་བཀོད་སྒྲིག་དང་སྤེལ་ཏེ“སུས་དོ་དམ་བྱས་ཚེ་དེས་འགག་སྒོ་སྲུང་བ་དང་། སུས་ཞིབ་བཤེར་གཏན་འབེབས་བྱས་ཚེ་དེས་འགན་འཁུར་དགོས་པའི”རྩ་དོན་མཐའ་འཁྱོངས་བྱས་ནས“ལོ་ན་གསུམ་དང་། བརྒྱུད་རིམ་གཉིས། ཐོབ་ཐང་གཅིག”ལ་ཞིབ་བཤེར་ནན་ཏན་བྱས་པ་དང་ཡིག་ཚགས་ཁག་787ལ་ཞིབ་བཤེར་གཏན་འབེབས་དང་བསམ་འཆར་ཁག་4355དོན་འཁྱོལ་དང་བཟོ་བཅོས་བརྒྱབ་པ། སྒྲིག་འགལ་ངང་མི་སྤྱོད་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་གཙོ་གནད་ཐོག་2013ལོའི་ཟླ་3པ་ཚུན་དུ་གནས་སྤོར་བྱས་པའི་ཤང་གི་ཁོའོ་རིམ་པ་གཞོན་པའི་གོ་གནས་འཁུར་མཁན་ལས་བྱེད་པ་གདམ་གསེས་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ལ་ལྡོག་བཤེར་བྱས་པ། འགོ་ཁྲིད་ལས་བྱེད་པས་ཁེ་ལས་སུ་གོ་གནས་གཅིག་ལྕོགས་འཁུར་བའི་གནད་དོན་ལ་ཞིབ་བཤེར་བྱས་ནས་ཁེ་ལས་སུ་གོ་གནས་གཅིག་ལྕོགས་འཁུར་མཁན་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་96ཚང་མར་གཙང་བཤེར་ལེགས་སྒྲིག་བྱས་ཡོད། གསུམ་ནས་གོ་གནས་གྲངས་འབོར་བཞིན་ལས་བྱེད་པ་བཀོད་སྒྲིག་བྱས་ཤིང་། ཀྲུང་དབྱང་གིས་ཚོད་འཛིན་ནན་པོ་བྱས་པའི་གོ་གནས་གྲངས་འབོར་གྱི་བླང་བྱ་མཐའ་འཁྱོངས་ཀྱིས“རེའུ་མིག་བཞི་གཅིག་ཏུ་འདུས་པའི”(ལས་བྱེད་པའི་མིང་ཐོ་དང་། སྒྲིག་ཁོངས་ལག་དེབ། གླ་ཕོགས་ཞིབ་མཆན་རེའུ་མིག གླ་ཕོགས་སྤྲོད་པའི་རེའུ་མིག)ཞིབ་བཤེར་བྱ་ཐབས་སྤྱད་དེ་ལྗོངས་ཡོངས་སུ་ལས་བྱེད་པ་བཀོད་སྒྲིག་བྱེད་ཚུལ་ཐད་ཞིབ་བཤེར་གཏིང་ཟབ་བྱས་ཡོད། ལས་ཁུངས་ཀྱི་འགན་ནུས་བཀོད་སྒྲིག་ཚད་ལྡན་དུ་བཏང་ནས་སྒྲིག་ཁོངས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་བཏང་སྟེ《ལས་ཁུངས་ཀྱི་སྒྲིག་ཁོངས་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཟོས་ནས་འགྲེམས་སྤེལ་བྱས་ཏེ་སྲིད་གཞུང་གི་སྡེ་ཚན་དང་སྒྲིག་གཞི་ཁག་གཅིག་གི་སྒྱུར་བཅོས་དང་འགན་ནུས་གཞན་སྒྱུར་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་གཞིས་རྩེ་དང་ཆབ་མདོ་གྲོང་ཁྱེར་དུ་སྒྱུར་བའི་སྒྲིག་གཞི་བཟོ་འགོད་ལས་དོན་ནན་ཏན་ངང་ལེགས་པར་བསྒྲུབས་ཡོད།

    (ལྔ)ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་གནད་དོན་གྱི་ཁུངས་སྣེ་དང་ཡིག་བསྐུར་ངོ་བཅར་ལས་དོན་བསྒྲུབས་ཚུལ།

    ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་གནད་དོན་གྱི་ཁུངས་སྣེ་དང་ཡིག་བསྐུར་ངོ་བཅར་གྱི་ལས་དོན་ཁག་551ལ་དམིགས་ནས་བདེན་མིན་ཞིབ་དཔྱད་དང་ནན་བཤེར་ནན་སྒྲུབ་བྱས་པ་དང་མིག་སྔར་ལས་དོན་ཁག་324བསྒྲུབས་པ་དང་ཐག་གཅོད་བྱས་པ་དང་ཁག་14གྱོད་ཁོངས་སུ་བཅུག་པའི་ཁར་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཐིང་གི་སྐོར་ཞིབ་པ་གཞོན་པ་ཀྲུའུ་ཐའེ་ཀྲུང་གི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་ཀྲུའུ་ཐའེ་ཀྲུང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱས་པ་དང་གཞུང་གི་གོ་གནས་ལས་གནས་དབྱུང་བཏང་བའི་ཆད་པ་བཅད་པ་དང་ཁོ་པ་དང་འབྲེལ་བ་ཡོད་པའི་ཉེས་གསོག་གནད་དོན་དང་འབྲེལ་ཡོད་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་རྒྱུར་རྩིས་སྤྲད་པ་དང་གནད་དོན་གྱི་ཁུངས་སྣེ་གཞན་དང་ཡིག་བསྐུར་ངོ་བཅར་གྱི་ཐད་དུས་ཚོད་དམ་འཛིན་གྱིས་ཞིབ་དཔྱད་དང་སྒྲིག་ཁྲིམས་དང་ཁྲིམས་ལྟར་ཐག་གཅོད་བྱེད་བཞིན་ཡོད།

    གསུམ་པ། བློ་བརྟན་འགྱུར་མེད་དང་རྒྱུན་སྲིང་ལྷོད་མེད་ངང་དག་ཐེར་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་བ།

    ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུ་ཚར་བའི་དུས་མེད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཚར་བའི་དུས་མེད་པས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ་ཏང་ནན་པོ་སྐྱོང་བ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། སྐོར་གཟིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་ཧྲུའུ་ཅི་ཝང་ཆི་ཧྲན་གྱི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་སྐོར་གཟིགས་ཚུར་ལན་གྱི་གནད་དོན་དང་གྲོས་འགོར་ནན་པོར་གཞིགས་ཏེ་དག་ཐེར་དོན་འཁྱོལ་ལས་འགན་ཆད་ལུས་མེད་པར་སྒྲུབ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཡུན་རིང་དང་གཏིང་ཟབ་སྤེལ་དགོས།

    (གཅིག)ཏང་ཨུད་ཀྱི་འགན་འཁྲི་གཙོ་བོ་དང་སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་བདའ་འདེད་དོན་འཁྱོལ་ནན་པོ་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་མུ་མཐུད་དོན་འཁྱོལ་ནན་པོ་བྱས་ནས་ལྗོངས་ཏང་ཨུད་ཀྱི《ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཏང་ཨུད་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བསམ་འཆར》དང《ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་སྒྲིག་ཨུད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བསམ་འཆར》དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ལྗོངས་ཏང་ཨུད་རྒྱུན་ཨུད་ཚན་ཁག་གིས་སྣེ་ཁྲིད་དེ་འགན་འཁྲི་གཙང་སྒྲུབ་བྱས་ཏེ་གཅིག་གྱུར་འགོ་ཁྲིད་དང་། ཐད་ཀར་དམ་འཛིན། ཁྱོན་ཡོངས་དོན་འཁྱོལ་བཅས་ཀྱི་འགན་འཁྲི་ཁུར་ཡོད། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁྲི་གཙོ་བོར་ཤུགས་སྣོན་རྒྱག་པ་དང་ཏང་ཨུད(ཏང་ཙུའུ)ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི“འགན་འཁྲི་ཨང་དང་པོ་འཁུར་མཁན”གྱི་འགན་འཁྲི་ཁུར་ཤུགས་ཆེ་རུ་བཏང་ནས་ཚན་ཁག་གི་ཁོངས་མི་གཞན་དག་གིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་ལམ་ལུགས་དོན་འཁྱོལ་བྱས་ཏེ་དུས་ཐོག་ཏུ་ཞིབ་འཇུག་དང་། བཀོད་སྒྲིག ཞིབ་བཤེར་བཅས་བྱས་ནས་རང་གི་འགན་འཁུར་ཁྱབ་ཁོངས་ནང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་སྡེ་ཚན་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་དུས་བཀག་བཞིན་རིམ་པ་གོང་མའི་སྒྲིག་ཨུད་ལ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་སྙན་སེང་ཞུ་བ་དང་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་དུས་བཀག་བཞིན་རིམ་པ་གོང་མའི་སྒྲིག་ཨུད་ལ་སྤྱོད་གཙང་སྲིད་སྒྲུབ་བྱས་ཚུལ་གྱི་ལམ་ལུགས་སྙན་སེང་ཞུ་དགོས། རིམ་ཁག་སྒྲིག་ཨུད་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་ནན་པོ་ཁུར་བ་དང་ལྟ་སྐུལ་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་སྟེ་སྒྲིག་ཁྲིམས་ནན་པོ་ལག་བསྟར་བྱེད་པ་དང་། འགན་འཁྲི་བདའ་འདེད་ཡག་པོ་གཏོང་བ། འགག་སྒོ་ནན་པོ་སྲུང་བ་བཅས་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་ཀའི་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་འགོ་ཁྲིད་བྱ་ཤུགས་མི་འདང་བས་རྩ་འཛུགས་ཟབ་ཟོབ་དུ་གྱུར་བ་དང་། སྒྲིག་ཁྲིམས་ལྷོད་པོར་གྱུར་བ། “སྤྱོད་ཚུལ་བཞིའི”གནད་དོན་མཆེད་པ། ཚབས་ཆེའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཐོན་པའམ་ཡང་ན་ཚབས་ཆེའི་རུལ་སུངས་གནད་དོན་ཐོན་རིགས་བཀག་འགོག་མི་བྱེད་པ་དང་། ཞིབ་བཤེར་ཐག་གཅོད་མི་བྱེད་པ། སྙན་སེང་མི་ཞུ་བ་བཅས་ཀྱི་རིགས་ལ“གྱོད་གཞི་གཅིག་ལ་ཞིབ་བཤེར་ཐེངས་གཉིས”བྱེད་པའི་ལམ་ལུགས་ལག་ལེན་བསྟར་ཏེ་ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བ་གཙོ་བོ་དང་སྒྲིག་ཨུད(སྒྲིག་བཤེར་ཚོགས་ཆུང)ཀྱི་འགན་འཁུར་བ་གཙོ་བོའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།

    (གཉིས)འབད་བརྩོན་ལྷོད་མེད་ངང་རྗེས་མཐུད་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ་གྲུབ་འབྲས་དངོས་ཀྱི་ཐོག་ནས་མི་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས། དག་ཐེར་དོན་འཁྱོལ་བྱས་ཚུལ་ལ“ཕྱིར་མིག་བལྟས”ཏེ་ལེགས་གྲུབ་ཟིན་པའི་དག་ཐེར་ལས་འགན་ཐད་གྲུབ་འབྲས་ཟམ་མི་ཆད་པར་བརྟན་དུ་དང་རྒྱ་ཆེར་གཏོང་བ་དང་སྤྱོད་ཚུལ་ངན་པ་བསྐྱར་དུ་ཐོན་རྒྱུ་སྔོན་འགོག་བྱེད་དགོས། དམིགས་ཚད་མི་འགྱུར་བ་དང་། བྱེད་ཐབས་ལྷུག་ཏུ་མི་འགྲོ་བ། ཤུགས་ཚད་ཆུང་དུ་མི་འགྲོ་བ་བཅས་མཐའ་འཁྱོངས་ཀྱིས་དག་ཐེར་གྱི་འགན་འཁྲི་ཁུར་མཁན་དང་དག་ཐེར་དོན་འཁྱོལ་གྱི་དུས་ཚོད་རེའུ་མིག་གསལ་པོ་བཟོས་ཐོག་དག་ཐེར་བླང་བྱ་གཞིར་བཟུང་གནས་ཚུལ་གསལ་བཤད་བྱེད་དགོས་ངེས་ལ་གསལ་བཤད་བྱེད་པ་དང་། གཏམ་གླེང་སློབ་གསོ་རྒྱག་དགོས་ངེས་ལ་ཁ་ཏ་བསླབ་འདོམས་བྱེད་དགོས་པ། སྒྲིག་ཁྲིམས་ལས་འགལ་བར་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པ། ཁྲིམས་འགལ་ཉེས་གསོག་བྱེད་མཁན་ཁྲིམས་འཛིན་ལས་ཁུངས་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་པ་བཅས་དང་ལྟ་སྲུང་ནན་པོ་བྱེད་པ་དང་མཐའ་གཅིག་ཏུ་དམ་འཛིན་བྱས་ནས་གནད་དོན་ཚང་མ་རྩད་ཆོད་ཐུབ་པ་དང་གནད་དོན་ཚང་མར་ཨ་ལན་སློག་ཐུབ་པ་བྱེད་དགོས།

    (གསུམ)རུལ་སུངས་ལ་ཆད་གཅོད་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་རུལ་སུངས་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། རུལ་སུངས་ཐད“དམིགས་བསལ་ཁུལ”མེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད“བཀག་སྡོམ་ཁུལ”མེད་པ་མཐའ་འཁྱོངས་བྱེད་པ་དང་བོད་ཀྱི་ས་བབ་མཐོ་ལ་བླང་བྱའང་དེ་བས་མཐོ་བ་ཡོད།

    “སྟག་སྦྲང་མཉམ་རྡུང”བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རུལ་སུངས་ཐོན་ཚེ་ངེས་པར་དུ་ངོ་རྒོལ་བྱེད་པ་དང་ངན་རིགས་ཤུལ་མེད་བཟོས་ཐོག་བཟོད་སྒོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་རུལ་སུངས་ལ་ཆད་གཅོད་བྱེད་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་མཚམས་མི་འཇོག་པ་དང་གཞན་གྱིས་གང་བཤད་ཇི་མི་སྙམ་པར་སྔ་སྲོལ་རང་བཞག་གིས་བཀག་རྒྱ་ཡོད་ཀྱང་སྒྲིག་ཁྲིམས་ལས་འགལ་མཁན་དང་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་ལ་ཚུན་ལན་བྱས་པའི་མངོན་གསལ་དོད་པའི་གནད་དོན་དང་རྩིས་སྤྲོད་བྱས་པའི་གནད་དོན་གྱི་ཁུངས་སྣེ་དང་ཁྱབ་ཁོངས་ཁག་ཁྲོད་ཐོན་པའི་ཁྲིམས་འགལ་སྒྲིག་འགལ་གྱོད་གཞི་མཐའ་གཅིག་ཏུ་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་ལ་སྙིང་རྗེ་སྤུ་ཙམ་ཡང་བྱེད་མི་རུང་།

    (བཞི)“སྤྱོད་ཚུལ་བཞི”ཡོ་བསྲང་གཏིང་ཟབ་དང་རྒྱུན་མཐུད་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་བཙན་ཞིང་དམ་པའི་སྒྲིག་ཁྲིམས་དང“བཙན་ཞིང་དམ་པའི་སྒྲིག་ཁྲིམས་བརྒྱད”དུ་བྱས་ཏེ་ལག་ལེན་ནན་པོ་བསྟར་བ་དང་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པའི་སྣང་ཚུལ་མུ་མཐུད་བཅོས་སྒྲིག་བྱེད་པ་དང་། གཞུང་དོན་སྣེ་ལེན་དང་འགོ་ཁྲིད་ལས་བྱེད་པའི་རྒྱས་སྤྲོས་ཆུད་ཟོས་བཅོས་སྒྲིག་བྱེད་པ། གཞུང་དངུལ་སྤྱད་དེ་བཟའ་འཐུང་བྱེད་པ་དང་གཞུང་དངུལ་སྤྱད་དེ་ལག་བཏགས་སྤྲོད་རྒྱུ་བཅོས་སྒྲིག་བྱེད་པ། སྒྲིག་འགལ་ངང་གཞུང་འཁོར་སྤྱོད་པའི་བྱ་སྤྱོད་བཅོས་སྒྲིག་བྱེད་པ། ཐོག་ཁང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱ་རྒྱུ་བཅོས་སྒྲིག་བྱེད་པ། གཞུང་དོན་ཁང་དང་ལས་བྱེད་པའི་སྡོད་ཁང་བཅོས་སྒྲིག་དང་གཙང་བཤེར་བྱེད་པ། ཏང་སྲིད་ལས་ཁུངས་ཀྱིས་རང་དགར“དངུལ་སྦས་ཁུང”དང་ཁོངས་མིའི་གཱ་བཟོ་རྒྱུ་བཅོས་སྒྲིག་བྱེད་པ། རིགས་ཁག་གི་འདུ་གནས་དང་གསོ་སྦྱོང་ལྟེ་གནས་ཀྱི་རུལ་སུངས་སྦས་འགེབས་བྱ་སྤྱོད་བཅོས་སྒྲིག་བྱེད་པ། འགོ་ཁྲིད་ལས་བྱེད་པ་རིགས་ཁག་གི་དུས་སྟོན་བྱེད་སྒོར་ཞུགས་རྒྱུ་བཅོས་སྒྲིག་བྱེད་པ། འགོ་ཁྲིད་ལས་བྱེད་པ་རང་སྐྱོང་ལྗོངས་དང་རྒྱལ་ཁབ(ས་མཚམས)ལས་ཕྱིར་ཐོན་ཏེ་རྟོག་ཞིབ་བྱ་རྒྱུ་བཅོས་སྒྲིག་བྱེད་པ། “དུས་ཆེན་གྱི་སྣང་ཚུལ་ངན་པ”དང་ངོ་སྲུང་འཛད་སྤྱོད་བྱ་རྒྱུ་བཅོས་སྒྲིག་བྱེད་པ། འགན་ཁུར་མི་ཕོད་པ་དང་ཡར་བརྩོན་གྱི་སྙིང་སྟོབས་ཞན་པ་དང་སྤྱོད་ཚུལ་སྒྱིད་ལུག་སོགས་ཀྱི་སྣང་ཚུལ་བཅོས་སྒྲིག་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ་དང་། སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་དང་། དམར་འདོན་ཡོངས་བསྒྲགས་དང་། ཆད་གཅོད་བསླབ་འདོམས་འགན་འཁྲི་བདའ་འདེད་གཏོང་ཤུགས་བཅས་ཆེ་རུ་བཏང་ཐོག“སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་དུ་ཐོན་རྒྱུ་མཐའ་གཅིག་ཏུ་སྔོན་འགོག་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་རྩ་བ་ཚུགས་པ་དང་རྒྱུན་རྣམ་གསར་པ་ཞིག་ཏུ་འགྱུར་བ་བྱེད་དགོས།

    (ལྔ)སྐོར་གཟིགས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱེད་དགོས། སྐོར་གཟིགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་བླང་བྱ་གསར་པ་གཞིར་བཟུང“ཤུགས་རྒྱག་ས་བཞི”ལ་དམ་པོར་དམིགས་ཏེ་ལྗོངས་ཡོངས་ཀྱི་སྐོར་གཟིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་སྐོར་གཟིགས་ལས་དོན་ཡོངས་ཁྱབ་ཐུབ་པ་བྱས་ཐོག་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་ཁུངས་སྣེ་དང་མངོན་གསལ་དོད་པའི་གནད་དོན་ཐད་ཞིབ་བཤེར་ཐག་གཅོད་བྱེད་དགོས་ངེས་ལ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་དག་ཐེར་བྱེད་དགོས་ངེས་ལ་དུས་ཐོག་ཏུ་དག་ཐེར་བྱས་ནས་ཟིལ་གནོན་དང་བརྒྱུད་མཆེད་ཀྱི་གནོན་ཤུགས་ཆགས་པ་བྱས་ཏེ་སྐོར་གཟིགས་ལས་དོན་ཐད་སྔར་བས་དབང་གྲགས་དང་ཟིལ་ཤུགས་ལྡན་པའི་འགན་ལེན་བྱེད་དགོས།

    (དྲུག)ལམ་ལུགས་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱས་ཏེ་རུལ་རྒོལ་གཙང་སྤེལ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་དགོས། འགག་སྒོ་མདུན་སྤོ་དང་རྩ་ལག་མཉམ་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ《རུལ་སུངས་ཆད་གཅོད་དང་། སྔོན་འགོག་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་2013—2017ལོའི་ལས་ཀའི་འཆར་འགོད》དོན་འཁྱོལ་ནན་ཏན་བྱེད་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པའི་རུལ་སུངས་ཆད་གཅོད་དང་སྔོན་འགོག་གི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ཐོག་བཙན་ཞིང་ནན་པའི་ལམ་ལུགས་ལ་བརྟེན་ནས་གཅུན་འདོམས་དང་ལམ་ལུགས་ནན་པོར་བརྟེན་ནས་ལག་ལེན་བསྟར་ཏེ་ལམ་ལུགས་ཐོག་ནས་མི་དོ་དམ་དང་། དབང་ཆ་དོ་དམ། དངུལ་དོ་དམ། དངོས་རྫས་དོ་དམ། བྱ་བ་དོ་དམ་བཅས་ཐུབ་པའི་འགན་ལེན་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་སེམས་མེད་པ་བཅས་ཀྱི་ལམ་སྲོལ་ནུས་ལྡན་འཚོལ་ཞིབ་བྱས་ནས་འཛུགས་དགོས།

    (བདུན)སྐོར་གཟིགས་དག་ཐེར་གྲུབ་འབྲས་ཏན་ཏིག་ངང་ཡག་པོ་སྤྱད་དེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས། སྐོར་གཟིགས་དག་ཐེར་བྱ་རྒྱུ་དེ་ལས་དོན་ལེགས་སུ་དང་སྐུལ་འདེད་གཏོང་བའི་ཐོབ་དཀའ་བའི་གོ་སྐབས་ཤིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་དག་ཐེར་དོན་འཁྱོལ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་རུལ་རྒོལ་འཐབ་རྩོད་བྱ་རྒྱུ་སྒུལ་ཤུགས་སུ་བྱས་ཐོག་གངས་ལྗོངས་ས་མཐོའི་སྲོལ་རྒྱུན་བཟང་བའི་ཆབ་སྲིད་རྣམ་པ་ཧུར་ཐག་བཏོད་ནས་དཔལ་འབྱོར་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱེད་པ། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་དང་། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་བཟང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བ་བཅས་ལ་སྐུལ་འདེད་གཏོང་བ། བོད་དེ་ཉིད་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་སུ་ཕྱིན་པ། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་པ། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་གསར་པ་ཞིག་ཏུ་ཧུར་ཐག་ངང་བཏོད་ཐོག་བྱ་སྤྱོད་ངོ་མའི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་བྱེད་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས།

    རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་སྐོར་གཟིགས་དག་ཐེར་དོན་འཁྱོལ་བྱས་ཚུལ་ཐད་ལྟ་སྐུལ་བྱ་རྒྱུར་དགའ་བསུ་ཞུ། གལ་ཏེ་བསམ་འཆར་དང་གྲོས་འགོ་ཡོད་ཚེ་དུས་ཐོག་ཏུ་ང་ཚོར་འབྲེལ་གཏུག་ཡོད་པ་ཞུ། འབྲེལ་གཏུག་བྱ་ཐབས། ཁ་པར་ཨང་གྲངས། (0891)6338111—8802དང་། སྦྲག་སྲིད་ཡིག་སྒམ། 850000 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འཁར་སྣ་གདོང་སྒོ་རྟགས་དང་པོ་ལྗོངས་ཏང་ཨུད་གཞུང་དོན་ཐིང་ལྗོངས་ཏང་ཨུད་ལྟ་ཞིབ་ཁང་། གློག་རྡུལ་སྦྲག་སྒམ། duchashi@xi—zang.govcn

    ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་།

    2015ལོའི་ཟླ་1ཚེས་31ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།