དབུ་ཤོག>སྲིད་དོན།
  • ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-01-31

    《སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང《ཏང་གི་ཚོགས་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་པ།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཟླ་12ཚེས་29ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་2014ལོའི་ལས་དོན་སྙན་ཞུ་ཉན་པ་དང་2015ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་།《སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང་《ཏང་གི་ཚོགས་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་དང་གྲོས་འཆམ་བྱས་པ་རེད།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན།2014ལོར་ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཛ་དྲག་དང་རྙོག་འཛིང་ཆེ་བའི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་ནས་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་གི་མཐོ་ཚད་ལ་དམིགས་ཏེ་ཏང་གིས་ཏང་དོ་དམ་དང་ཏང་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས་དང་།སྨན་ནུས་ཆེན་པོས་གཅོང་ནད་སེལ་བ་དང་དཔའ་བོས་རང་ལག་གཅོད་ཕོད་པའི་ཆོད་སེམས་བཅངས་ནས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་དང་།རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས“སྤྱོད་ཚུལ་བཞི”ཡོ་བསྲང་།བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རུལ་སུངས་པར་ཆད་གཅོད་བཅས་བྱས་པས་ཕན་འབྲས་གསར་པ་ཐོན་པ་དང་།ཏང་སེམས་དང་དམངས་སེམས་ཐོབ་ཡོད།རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ནི་ཏང་དར་རྒྱལ་དར་གྱི་བྱེད་ཐབས་ཤིག་ཡིན་པ་དེར་རྒྱ་ཆེའི་ཏང་ཡོན་དང་།ལས་བྱེད་པ།མི་དམངས་མང་ཚོགས་བཅས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་ཡོད།ཀྲུང་དབྱང་སྒྲིག་ཨུད་དང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དོན་འཁྱོལ་དང་།རྣམ་འགྱུར་བློ་ཐག་ཆོད་པ་དང་བྱ་སྤྱོད་ནུས་ལྡན།ལྟེ་བའི་ལས་འགན་ལ་གཅིག་སྡུད།ལྟ་སྐུལ་དང་།སྒྲིག་ཁྲིམས་ལག་བསྟར།འགན་འཁྲི་བདའ་འདེད་བཅས་ལ་ཤུགས་སྣོན་རྒྱག་པ།ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཞིབ་གཅོད་ནན་པོ་བྱས་པ་དང་།རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་དམ་འཛིན་དང་།ཞིབ་ཕྲའི་གནད་དོན་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས།དམ་འཛིན་ཏན་ཏིག་དང་དམ་འཛིན་གནད་འཁེལ།སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་ཞིབ་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་རུལ་སུངས་ཀྱི་སྣང་ཚུལ་མཆེད་པའི་འཕེལ་ཕྱོགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཡོད།སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྒྲུབ་པ་དང་།རང་རང་སོ་སོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ།དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།ཀྲུང་དབྱང་གིས་སྤྲད་པའི་ལས་འགན་ཁག་ལེགས་སྒྲུབ་ཧ་ཅང་ཡག་པོ་བྱས་པ་བཅས་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན།མིག་སྔར“སྤྱོད་ཚུལ་བཞིའི”གནད་དོན་དང་རུལ་སུངས་ཀྱི་སྣང་ཚུལ་མཆེད་པའི་འཕེལ་ཕྱོགས་བཀག་འགོག་ངེས་ཅན་ཐུབ་ཡོད་མོད།འོན་ཀྱང་ཏང་ཡོངས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྔར་བཞིན་ཛ་དྲག་པ་དང་རྙོག་འཛིང་ཆེ་བའི་དུས་བབ་ལ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱེད་དགོས་པ་དང་།བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གིས་དུས་བབ་ལ་བརྡར་ཤ་བཅད་པ་དང་ལས་འགན་བཀོད་སྒྲིག་བྱས་པའི་ཐོག་གཅིག་གྱུར་བྱེད་པ།མཐོ་གནོན་གྱི་འཕེལ་ཕྱོགས་མཐའ་འཁྱོངས་བྱེད་པ།ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་སྣང་ཚུལ་མཆེད་པའི་འཕེལ་ཕྱོགས་མུ་མཐུད་བཀག་འགོག་བྱེད་པ།བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སང་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བཅས་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱིས་འཐབ་ས་བརྟན་སྲུང་དང་།གྲུབ་འབྲས་སྲ་བརྟན།རྒྱ་བསྐྱེད་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ་དང་།སྒྲིག་ཁྲིམས་ཀྱི་བཙན་ཞིང་ནན་པའི་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ།ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་ལུགས་སྲོལ་ནན་པོ་བཟོ་བ།ཏང་ནང་ཁུལ་དུ་ཁྱུ་ཤོག་སྒྲིག་པ་དང་།ཤོག་སྒྲིག་སྒེར་གཉེར།ངན་པ་ཤོག་སྒྲིག་བཅས་ལ་བཟོད་སྒོམ་གཏན་ནས་བྱེད་མི་རུང་།རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་།རྒྱུན་དུ་དམ་འཛིན་བྱེད་པའི་སེམས་ཤུགས་བརྟན་པོ་དང་རྒྱུན་དུ་དམ་འཛིན་བྱེད་པའི་ངང་རྒྱུད་མཐའ་འཁྱོངས་བྱེད་པ།རྒྱུན་དུ་དམ་འཛིན་བྱས་ནས་གོམས་གཤིས་འཇགས་པ་བྱེད་པ།ངང་རྒྱུད་རིང་པོས་དམ་འཛིན་བྱས་ནས་ཕུགས་ཀྱི་ཕན་འབྲས་ཐོན་པ་བཅས་བྱེད་དགོས།བཀག་རྒྱ་ཡོད་རུང་སྒྲིག་ཁྲིམས་ལས་འགལ་ཏེ“སྤྱོད་ཚུལ་བཞི”སྤེལ་མཁན་ཡིན་ཕྱིན་དེ་གར་ཞིབ་གཅོད་བྱེད་དགོས་ལ་འགོ་ཁྲིད་ཀྱི་འགན་འཁྲི་ཡང་བདའ་འདེད་བཏང་ནས“སྤྱོད་ཚུལ་བཞི”བསྐྱར་དུ་མི་ཐོན་པ་བྱེད་པ་དང་རོ་ལངས་གཏན་ནས་རྒྱག་ཏུ་འཇུག་མི་རུང་།མཐོ་གནོན་གྱི་འཕེལ་ཕྱོགས་མཐའ་འཁྱོངས་བྱ་རྒྱུར་ལྷོད་གཡེང་མ་བཏང་བར་རུལ་སུངས་ཀྱི་སྣང་ཚུལ་མཆེད་པའི་འཕེལ་ཕྱོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།ཏང་ཨུད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ནས་སྐོར་གཟིགས་ཀྱི་རལ་གྲི་རྣོ་པོ་ཡག་པོ་སྤྱོད་དགོས།རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལྟེ་བའི་ལས་འགན་དེར་གཅིག་སྡུད་བྱས་ཏེ་འགན་ཁུར་ཕོད་པ་དང་ལྟ་སྐུལ་བྱེད་ཕོད་པ་བྱས་ནས་ལྷག་བསམ་རྣམ་དག་དང་།འགན་ཁུར་ཕོད་པ།དྭངས་གཙང་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

    ཚོགས་འདུའི་ཐོག་སང་ལོའི་ཟླ་1་ཚེས་12ནས་ཚེས་14ཉིན་བར་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོག་རྒྱུའི་མོས་མཐུན་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན།སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱི་རླབས་ཆེན་གསར་གཏོད་ཅིག་དང་།ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཆབ་སྲིད་ལ་དམིགས་སུ་ཡོད་པའི་རྣམ་པ་དང་ཐུན་མོང་མ་ཡིན་པའི་ལེགས་ཆ་ཞིགཆབ་སྲིད་ཀྱི་ཁྱབ་ཁོངས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་བཅས་ཡིན་པས་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད།གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མང་ཚོགས་ཀྱིས་བཤད་པར་ཉན་པ་དང་།དམངས་ཀྱི་བློ་གྲོས་བསྡུ་བ།ཐུན་མོང་གི་ལྟ་སྟངས་ཆེ་རུ་གཏོང་བ།མཉམ་ཤུགས་ཆགས་པ།ཞི་མཐུན་སྐུལ་འདེད་བཅས་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་།ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དམངས་གཙོའི་ཐབས་ཇུས་འདིང་རྒྱུར་ཕན་ཐོགས་ཡོད་པ།མི་དམངས་ཀྱི་རང་ཐག་རང་གཅོད་ཀྱི་དབང་ཆ་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་ཡོང་རྒྱུར་ཕན་ཐོགས་ཡོད་པ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་།རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད།ལམ་ལུགས་ཀྱི་གདེང་ཚོད་བཅས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་བཅས་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན།གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་སྲིད་ཏང་གི་གྲོས་མོལ་དང་།སྲིད་གཞུང་གི་གྲོས་མོལ།སྲིད་གྲོས་ཀྱི་གྲོས་མོལ་བཅས་ལ་མུ་མཐུད་གཙོ་གནད་དུ་ཤུགས་སྣོན་རྒྱག་པ་དང་།མི་དམངས་འཐུས་ཚོགས་ཀྱི་གྲོས་མོལ་དང་།གཞི་རིམ་གྱི་གྲོས་མོལ།མི་དམངས་ཚོགས་པའི་གྲོས་མོལ་བཅས་ཧུར་ཐག་བྱས་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་གྲོས་མོལ་རིམ་བཞིན་འཚོལ་ཞིབ་བྱེད་དགོས།ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་གྲོས་མོལ་དམངས་གཙོར་སྐུལ་འདེད་བཏང་བ་བརྒྱུད་ཏང་གི་འགོ་ཁྲིད་ལེགས་སུ་གཏོང་བ་དང་།ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ།ཏང་གི་སྲིད་འཛིན་གནས་བབ་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས།ཧུར་བརྩོན་བརྟན་ལྷིང་དང་རིམ་བགྲོད་གོང་འཕེལ་གཏོང་བ་དང་།ཁ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ།ཏན་ཏན་ཏིག་ཏིག་ངང་ལས་ཀ་བྱེད་པ།སྒྲིག་འཛུགས་ཡོད་པའི་སྒོ་ནས་ལས་དོན་སྒྲུབ་པ།གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པ།འཆར་གཞི་ཡོད་པའི་སྒོ་ནས་ལས་དོན་སྒྲུབ་པ་བཅས་བྱེད་དགོས།ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བསམ་འཆར་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ལས་ཀར་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་དེ་ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན།ཚོགས་པའི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་དང་།ཏང་གི་ཚོགས་པའི་ལས་དོན་ནི་ཏང་གི་རྒྱལ་སྐྱོང་སྲིད་སྐྱོང་གི་རྒྱུན་གཏན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིགཏང་གིས་རྒྱ་ཆེའི་མི་དམངས་མང་ཚོགས་རྒྱ་ཁྱབ་ཏུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ལྟེ་བའི་ལས་འགན་ལེགས་སྒྲུབ་བྱ་ཆེད་འབད་འཐབ་བྱེད་པའི་མཆོག་ནོར་གལ་ཆེན་ཞིག་བཅས་ཡིན།དུས་བབ་གསར་པའི་འོག་ཏང་གི་ཚོགས་པའི་ལས་དོན་དེ་བས་གལ་ཆེ་བ་དང་ཁ་ཚ་དགོས་གཏུགས་ཤིག་ཡིན་པར་བརྟེན་ཤུགས་སྣོན་རྒྱག་དགོས་པ་ལས་ཉམས་ཞན་དུ་གཏོང་མི་རུང་བ་དང་ལེགས་སུ་དང་མཐོར་གཏོང་བྱེད་དགོས་པ་ལས་བེད་མེད་སོར་གནས་སུ་འཇོག་མི་རུང་།ངེས་པར་དུ་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་དང་།རྒྱ་ཆེའི་མི་དམངས་མང་ཚོགས་ཏང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ།“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་དྲང་ནུས་ཆེན་པོ་གཅིག་སྡུད་བཅས་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན།བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ཚོགས་པ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་།ཚོགས་པས་རང་རྟོགས་ངང་ཏང་གི་འགོ་ཁྲིད་དང་ལེན་དང་།འབྲེལ་བ་བྱེད་སའི་མང་ཚོགས་ལ་མཐུན་སྒྲིལ་བྱེད་པ་དང་ཞབས་འདེགས་ཞུ་བ།བཅའ་ཁྲིམས་དང་སྒྲིག་ཡིག་ལ་གཞིགས་ནས་ལས་དོན་བསྒྲུབ་རྒྱུ་ཚད་མཐོའི་གཅིག་གྱུར་བྱེད་པ།ཚོགས་པའི་རྩ་འཛུགས་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།ཆེས་རྒྱ་ཁྱབ་ཀྱི་སྒོ་ནས་མང་ཚོགས་སྒྲིག་འཛུགས་དང་།སྐུལ་སློང་།མཐུན་སྒྲིལ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་འབད་བརྩོན་ཆེན་པོས་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།རིམ་ཁག་ཏང་ཨུད་ཀྱིས་ངེས་པར་དུ་དུས་བབ་གསར་པའི་འོག་གི་ཏང་གི་ཚོགས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་།ཚོགས་པའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ།ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ།ནུས་ལྡན་ངང་རྒྱབ་སྐྱོར་དང་འགན་སྲུང་བྱེད་པ།ཏང་གི་ཚོགས་པའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱེད་དགོས།ཚོགས་པའི་རྩ་འཛུགས་ཀྱིས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་མདུན་ལམ་གཏོད་པ་དང་།སྒྱུར་བཅོས་དང་གསར་གཏོད་ལ་བརྟེན་ནས་གསོན་ཤུགས་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཕོད་པ་བྱེད་པ།སྣེ་ཁྲིད་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ།མང་ཚོགས་ཀྱི་སྐད་ཆ་ཉན་པ་དང་མང་ཚོགས་ཀྱི་བསམ་འདུན་མཚོན་པར་བྱེད་པ།མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བ།ཏང་གི་ཐབས་ཇུས་བཀོད་སྒྲིག་དེ་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་ལ་འགྱུར་བ་བྱེད་པ།རྒྱ་ཆེའི་མི་དམངས་མང་ཚོགས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བཅས་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་བྱ་བ་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།