དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་བོད་ཀྱི་ནོར་སྲིད་ལས་དོན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-31

    ཟླ་1ཚེས་28ཉིན་ལྗོངས་ཡོངས་ཀྱི་ནོར་སྲིད་ལས་དོན་ཚོགས་འདུ་འཚོགས་པ་རེད།ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་།ཁོང་གིས་ལྗོངས་ཡོངས་ཀྱི་ནོར་སྲིད་ལས་དོན་ལ་རྒྱུན་རྣམ་གསར་པ་འཕྲད་ཡོད་ལ་དམིགས་སའི་རང་བཞིན་ཡང་གནས་ཡོད།བསྡོམས་འབོར་ཁ་ཚང་བ་དང་།གསོག་ཚད་གང་འགབ་ཅི་སྤྱོད།གཙོ་གནད་འགན་ལེན།སྤྱིར་བཏང་ཉུང་འཕྲི་བཅས་བྱས་ནས་དམངས་ཆེད་ལ་རྒྱུ་དངུལ་བདག་གཉེར་དང་།ཁྲིམས་ལྟར་རྒྱུ་དངུལ་བདག་གཉེར།ཚན་རིག་དང་མཐུན་པའི་ངང་རྒྱུ་དངུལ་བདག་གཉེར་རྒྱུན་འཁྱོངས་ཀྱིས་ནོར་སྲིད་ཀྱི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་རྒྱུར་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཀྲེང་ཤིའུ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅིན་ཧྲི་ཤུན་ཚོགས་འདུར་ཕེབས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་འདས་པའི་ལོ་གཅིག་ནང་ལྗོངས་ཡོངས་ཀྱི་ནོར་སྲིད་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ“663”གྱི་སྲིད་གཞུང་གི་ལས་དོན་བསམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁྱོན་ཡོངས་ལ་ཞབས་ཞུ་ཧུར་ཐག་ཞུས་ནས་འགན་ནུས་ཆེར་གཏོང་དང་།ཆུ་ཚད་མཐོར་གཏོང་།སྙོམས་སྒྲིག་དམ་འཛིན།འགན་ལེན་མཐོང་ཆེན་གྱིས་ནུས་པ་མངོན་གསལ་དང་གྲུབ་འབྲས་འབུར་དུ་ཐོན་པའི་ཐོག་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་འདེགས་སྐྱོར་ནུས་ལྡན་ཐུབ་པ་དང་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་གསུངས་པ་རེད།ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་།སྲིད་གཞུང་།མི་དམངས་འཐུས་ཚོགས་བཅས་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བཟོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་དུས་བབ་གསར་པ་དང་།ལམ་སྲོལ་གསར་པ།བླང་བྱ་གསར་པ་བཅས་ཀྱི་མདུན་དུ་ནོར་སྲིད་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད།སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ་དང་བྱ་ཐབས་གསར་པ་དོན་གཉེར་ཞིབ་ཚགས་བྱས་ནས་ནུས་ཤུགས་ཡོད་རྒུས་དཔེ་དམག་ཡག་པོ་ཞིག་བྱས་ཏེ་གཙོ་གནད་མངོན་གསལ་དོད་པོ་དང་རང་འགུལ་ངང་བྱས་རྗེས་བཞག་ནས་ནོར་སྲིད་ལས་དོན་གྱིས་སྒྱུར་འཕེལ་བརྟན་གསུམ་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་དགོས།རང་ལྗོངས་ཀྱི་གནས་ཚུལ་གསལ་པོ་ཤེས་པ་དང་བོད་ཀྱི་ནོར་སྲིད་ཀྱི་ནུས་པ་ཞན་པ་དང་།འགན་ལེན་གྱི་ལས་འགན་ལྕི་བ།ཁྱབ་རྒྱ་ཆེ་བ།ཚད་གཞི་མཐོ་བ་བཅས་ཀྱི་དམིགས་བསལ་ཁྱད་ཆོས་འཕྱུགས་མེད་ཁོང་དུ་ཆུད་པ་བྱེད་དགོས།ཞིབ་འཇུག་ནན་ཏན་དང་ཚོར་བ་རྣོ་པོས་སྟངས་འཛིན་བྱས་ནས་ཀྲུང་དབྱང་གི་དམིགས་བསལ་ནོར་ཁྲལ་སྲིད་ཇུས་མུ་མཐུད་བརྩོན་ལེན་གང་ལེགས་བྱེད་དགོས།ཐབས་ཇུས་ཧུར་ཐག་འདིང་བ་དང་བསྡུ་སྒྲིལ་གང་འགབ་ཅི་སྤྱོད་བྱས་ཏེ་མ་འཇོག་འཛད་སྤྱོད་དང་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཐད་ཀྱི་ནོར་སྲིད་ཀྱི་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱེད་དགོས།“དངུལ་བེད་སྤྱོད་ཡག་པོ”བྱས་ཏེ་མ་དངུལ་བགོ་བཤའི་ཐད“འགན་ལེན་དང་སྟངས་འཛིན”ཡོད་པ་དང་།མ་དངུལ་བེད་སྤྱོད་ཐད“གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག”ཡོད་པ།མ་དངུལ་དོན་འཁྱོལ་གཙང་མ་ཡོང་བའི་ཐོག་ནས་དངུལ་སྐར་ལི་ཙམ་ཡང་གནད་སྨིན་ཡོང་བ་བྱས་ནས་དེའི་ཕན་འབྲས་དངོས་དངོས་རྗེན་རྗེན་ཐོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པ་དང་།སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ།ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཅས་བྱ་རྒྱུ་གཅིག་འདོམས་ཐོག་བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་བྱ་ཐབས་གསར་གཏོད་ཀྱིས་ནོར་སྲིད་དོ་དམ་གྱི་སྒྱུར་བཅོས་ཐད་འབད་འབུངས་ཡར་བརྩོན་དང་དངོས་ཕན་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ།གཅིག་ནས་ནོར་ཁྲལ་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།གཉིས་ནས་སྔོན་རྩིས་ཀྱི་གཅུན་སྡོམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་།གསུམ་ནས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ།བཞི་ནས་ནོར་སྲིད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས་པ།ལྔ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕན་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲུང་བྱ་རྣམ་གསུམ།ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”བཅས་ལག་ལེན་ནན་པོ་བསྟར་རྒྱུའི་སྣེ་ཁྲིད་དེ་རུལ་རྒོལ་གཙང་སྤེལ་གྱི་གཏན་འབེབས་ཁག་ལག་ལེན་ནན་པོ་བསྟར་ནས་སྤྱོད་བཟང་གཞུང་དྲང་མི་ལྷོད་པ་བྱས་ཏེ་ཕུལ་དུ་བྱུང་བའི་སྤྱོད་ཚུལ་དང་།རབ་ཏུ་འཕེལ་བའི་སྤྲོ་སྣང་།ཞུམ་པ་མེད་པའི་ངར་ཤུགས།དམངས་ལ་ཞབས་ཞུ་སྒྲུབ་པའི་བརྩེ་སེམས།དངོས་སྒྲུབ་ཀྱི་ལས་ཀ་བྱེད་སྟངས་ཐོག་ནས་རང་ལྗོངས་ཀྱི་ནོར་སྲིད་ལས་དོན་དེ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་མ་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།