དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-31

    ཚེས་22ཉིན་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་གྲོལ་ཞིང་།ཚེས་23ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་དང་སྲིད་གྲོས་སྐབས་བཅུ་པའི་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ནང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྲིད་གཞུང་གི་ལས་དོན་ལ་གྲོས་ཞིབ་དང་ཞིབ་འཇུག་བྱས་ནས་བཏོན་པའི་བསམ་འཆར་དང་གྲོས་འགོར་གྲོས་བསྡུར་བྱས་ནས་2015ལོའི་གཙོ་གནད་ལས་དོན་ལས་བགོས་ཞིབ་ཚགས་བྱས་པ་རེད།

    ཚོགས་འདུའི་ཐོག་གྲོལ་མ་ཐག་པའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་རིང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་དངོས་ཐོག་བདེན་འཚོལ་དང་།དམངས་འཚོར་དོ་ཁུར།དམངས་འདོད་ལ་སྣང་ཆེན།ལག་ལེན་བསྟར་ཆོག་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་མ་ཟད།ན་ནིང་གི་སྲིད་གཞུང་ལས་དོན་ལ་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་ཀྱང་གནང་བ་དང་2015ལོའི་སྲིད་གཞུང་ལས་དོན་གྱི་སྤྱི་ཡོངས་བླང་བྱ་དང་།དམིགས་ཚད་གཙོ་བོ།གཙོ་གནད་ལས་དོན་བཅས་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་དེས་ང་ཚོར་སྐུལ་ལྕག་ཆེན་པོ་བྱུང་།ཚོགས་འདུ་གཉིས་འཚོགས་རིང་རང་སྐྱོང་ལྗོངས་སྲིད་གཞུང་གིས་འཐུས་མི་དང་ཨུ་ཡོན་ཚོའི་གྲོས་ཞིབ་དང་གྲོས་བསྡུར་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཆེད་མངགས་ལས་དོན་མི་སྣ་མངགས་ནས་ཚོགས་ཆུང་ཁག་ཏུ་མི་དང་དོན་ཚན་རེ་རེ་བཞིན་བསམ་འཆར་དང་གྲོས་འགོ་ཐོ་འགོད་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བཏོན་པའི་བཟོ་བཅོས་བསམ་འཆར་ཁྱོན་28དང་སྲིད་གཞུང་གི་ལས་དོན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་ཁྱོན་130ལེགས་སྒྲིག་ཕྱོགས་བསྡུས་བྱས་ཡོད་པ་རེད།

    ཚོགས་འདུས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཚོགས་འདུ་དང་དེ་བཞིན་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ལས་འགན་ཁག་བགོས་ཞིབ་ཚགས་བྱས་པ་དང་འདི་ལོའི་སྲིད་གཞུང་ལས་དོན་གྱི་གཙོ་གནད་ལས་འགན་152གཏན་འཁེལ་བྱས་པ་མ་ཟད་སྲིད་གཞུང་གི་སྡེ་ཚན་དང་ཚན་པ་ཁག་ལ་ཁག་བགོས་ཀྱང་བྱས་ཡོད།ཚོགས་འདུའི་ཐོག་2015ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཞིག་དང་།སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་ཞིགཁྲིམས་ལྟར་བོད་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགོ་ཚུགས་ལོ་ཞིག་བཅས་ཡིན།འདི་ལོའི་ལས་དོན་ཡག་པོ་བསྒྲུབ་པར་སྤྱི་ཡོངས་ལ་སྐུལ་འདེད་གཏོང་དགོས་པ་མ་ཟད་གཙོ་གནད་མངོན་གསལ་དོད་པ་དང་།དོ་གནད་དམ་འཛིན།གནད་འཕིགས་ཤུགས་རྒྱག་བཅས་དེ་བས་ཀྱང་བྱེད་དགོས།ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་དང་ཚན་པ་ཁག་གིས་ཞིབ་འཇུག་ནན་ཏན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་གཙོ་གནད་ལས་དོན་གྱི་ལས་འགན་དོན་འཁྱོལ་བྱེད་པའི་ལག་བསྟར་ཇུས་གཞི་བཟོ་རྒྱུར་དམ་འཛིན་བྱས་ཏེ་འགན་འཁྲི་ཁ་གསལ་དང་།བླང་བྱ་ཁ་གསལ།དམིགས་ཚད་ཁ་གསལ།དུས་བཀག་ཁ་གསལ་བཅས་ཡོང་བ་བྱས་ནས་གཟའ་འཁོར་ཚང་མར་འཕེལ་རྒྱས་ཡོང་བ་དང་ཟླ་བ་ཚང་མར་འགྱུར་ལྡོག་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

    ཚོགས་འདུའི་ཐོག་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོགས་ཆེན་ཐེངས་གཉིས་པའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བྱས་ཤིང་།ཚོགས་འདུའི་ཐོག་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོག་རྒྱུ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་རྟོགས་ངང་འཚམ་པ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་མྱུར་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན།ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས“གཤམ་གཏོང་ལྔ་དང་རྒྱབ་སྐྱོར་དྲུག”གི་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་ལག་ལེན་བསྟར་ཆོག་པའི་སྲིད་ཇུས་བྱ་ཐབས་ཞིབ་བཟོ་གཏིང་ཟབ་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།