དམངས་ཀྱི་བློ་སྒོ་ཕྱེ། ཕྱུག་འགྱུར་ལམ་སྣེ་འདྲེན།
—— ཁང་དམར་རྫོང་གནས་རྙིང་ཤང་འབྲུ་དཀར་གྲོང་ཚོའི་གྲོང་གསེབ་ཀྱི་ཚན་རྩལ་ཆེད་བསྐོས་ལས་བྱེད་པ་པད་མ་ནོར་རྒྱས་ཀྱི་སྐོར་བཀོད་པ།
འདི་ནི་ཁང་དམར་རྫོང་གནས་རྙིང་ཤང་འབྲུ་དཀར་གྲོང་ཚོ་ཨུ་ལྷན་གྱི་གྱང་ངོས་སུ་བཀལ་བའི་གཙོ་འཛིན་གྱི་སྐུ་པར་ཡིན་པ།
དེང་གི་ཆར། སློབ་ཆེན་ནས་སློབ་མཐར་ཕྱིན་པའི་སློབ་མ་མང་པོས་ཕ་ཡུལ་དུ་ལོག་སྟེ། “ཞིང་པ་གསར་པའི”རྗེས་སུ་འབྲངས་ནས་ཕ་ཡུལ་གྱི་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། སེམས་པ་གཅིག་སྦྲེལ་གྱིས་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་བྱ་གཞག་རླབས་པོ་ཆེའི་ཁྲོད་དུ་ཞུགས་བཞིན་ཡོད་པས། ཁོང་ཚོའང་རིམ་གྱིས་ཕ་ཡུལ་འཛུགས་སྐྲུན་བྱེད་མཁན་གྱི་སྟོབས་ཤུགས་གལ་ཆེན་དང་རྐང་འཛིན་མི་སྣར་འགྱུར་དང་འགྱུར་བཞིན་ཡོད།
ཁང་དམར་རྫོང་གི་ལས་གནས་ཁག་ཏུའང་ཐེམ་ཁོངས་རྫོང་དེ་རང་ནས་ཡིན་ཞིང་སློབ་ཆེན་གྱི་ཡོན་ཚད་ལྡན་པའི་སྐྱེ་བོ་མང་པོ་མཐོང་རྒྱུ་ཡོད། ཁོང་ཚོས་རང་ཉིད་སྐྱེ་ས་འཚར་སའི་ཕ་ཡུལ་གྱི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་གྲོང་གསེབ་དར་རྒྱས་ཡོང་ཆེད། རང་ཉིད་ཀྱིས་སྦྱངས་པའི་ཆེད་ལས་ཤེས་བྱ་དང་ལག་རྩལ་གང་ཡོད་སྤྱད་དེ། ལག་ལེན་དངོས་ནས་ཕ་ཡུལ་གྱི་དྲིན་གཟོ་བཞིན་ཡོད།
འདི་ནི་ཁང་དམར་རྫོང་གནས་རྙིང་ཤང་འབྲུ་དཀར་གྲོང་ཚོའི་གྲོང་གསེབ་ཀྱི་ཚན་རྩལ་ཆེད་བསྐོས་ལས་བྱེད་པ་པད་མ་ནོར་རྒྱས་ཡིན་པ།
པད་མ་ནོར་རྒྱས་ཀྱང་དེང་གི“ཞིང་པ་གསར་པ”དེ་དག་གི་གྲས་ཤིག་རེད། 2020ལོར་ཧེ་ལུང་ཅང་ཞིང་ལས་དཔལ་འབྱོར་ལག་རྩལ་སློབ་གླིང་ནས་སློབ་མཐར་བྱུང་རྗེས། པད་མ་ནོར་རྒྱས་ཀྱིས་ལྷ་སའི་ཀུང་སི་ཞིག་ཏུ་གླ་པ་རྒྱུག་སྟེ་རང་ཁ་རང་གསོ་ཐུབ་ཐབས་བྱས། ཀུང་སི་དེར་ཟླ་ཤས་ལས་ཀ་བྱེད་རིང་། ཁོང་ལ་ལས་ཀ་དེ་དང་རང་གི་ཆེད་ལས་མི་འཚམ་པའི་སྣང་བ་བྱུང་སྟེ། ངེས་པར་དུ་རང་གི་ཆེད་ལས་དང་འཚམ་པའི་ལས་ཀ་ཞིག་འཚོལ་རྒྱུའི་བསམ་བློ་འཁོར། སྟབས་ལེགས་པ་ཞིག་ལ་2020ལོའི་ཟླ་8པར། ཁོང་ལ་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་བསྡུ་བའི་ཡིག་རྒྱུགས་ལ་ཞུགས་པའི་གོ་སྐབས་བྱུང་བར་མ་ཟད། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཞིག་ཏུ་གྱུར། ཁོང་གིས། “ངས་སློབ་ཆེན་དུ་སྦྱངས་པ་ནི་ཕྱུགས་རིགས་སྨན་པ་དང་། ཞིང་ལས་ཚན་རྩལ་གྱི་ཤེས་བྱ་ཡིན་པས། གལ་ཏེ་རང་གིས་སྦྱངས་པའི་ཆེད་ལས་ཀྱི་ཤེས་བྱ་དག་ལག་ལེན་དངོས་སུ་བེད་སྤྱོད་མ་ཐུབ་ཚེ། སྦྱངས་པའི་ཡོན་ཏན་བེད་མེད་དུ་གྱུར་པ་དང་། ཤིང་བཟང་པགས་པའི་ཁོག་ཏུ་རུལ་ཉེན་ཡོད་པས། བྱས་པའི་ལས་ལ་རྗེས་མེད་པ་ལྟ་བུར་གྱུར་འགྲོ་ཡི་འདུག ད་ལྟ་གྲོང་ཚོའི་ཚན་རྩལ་ཆེད་བསྐོས་ལས་བྱེད་པར་གྱུར་པས། ང་ལ་དཔའ་རྩལ་ངོམ་སའི་གར་སྟེགས་ཤིག་རྙེད་པ་ལྟར་བྱུང”ཞེས་བརྗོད།
འདི་ནི་གཙང་ཞིང་རྒྱ་ཆེ་བའི་གནས་རྙིང་ཤང་འབྲུ་དཀར་གྲོང་ཚོའི་སྲང་ལམ་ཡིན་པ།
པད་མ་ནོར་རྒྱས་ཀྱིས་དེ་ལྟར་རེ་བ་དང་རྨི་ལམ་རུམ་གང་བསྣམས་ནས་ཕ་ཡུལ་དུ་ལོག འོན་ཀྱང་། ཕ་ཡུལ་དུ་ལོག་རྒྱུ་དེའང་ལས་སླ་པོ་ཞིག་མིན་ཏེ། ཕ་ཡུལ་དུ་ལོག་ནས་དུས་ཡུན་གང་ཙམ་རིང་ཁོང་ཡུལ་མིར་གདོང་སྟོན་མི་ནུས་པར་ཉམས་དམའ་པོ་བྱས་ནས་སྡོད་དགོས་བྱུང་། ཆུང་དུས་ཁོང་གི་ཕུགས་འདུན་ནི་སློབ་གྲྭར་སོང་སྟེ་རི་གྲོང་ལ་གྱེས་ཕྱག་ཕུལ་ནས་དེ་བས་ཡངས་པའི་ནམ་མཁར་ལང་ཚོའི་གཤོག་རྩལ་ངོམ་ཆེད་ཡིན་ཡང་། སྐོར་བ་མང་པོ་བརྒྱབ་རྗེས། སླར་ཡང་ཕ་ཡུལ་གྱི་པང་དུ་ལོག་དགོས་བྱུང་། ཁོང་གིས། “ཕ་ཡུལ་དུ་ལོག་ཙམ་ལ། ཡུལ་མི་མང་པོས་སློབ་ཆེན་སློབ་མས་ཞིང་ལས་སྒྱིད་ཀྱི་མ་རེད་ཅེས་ཤོད་ཀྱི་འདུག འོན་ཀྱང་། ང་རང་ནི་གྲོང་ཚོ་དེ་གར་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་ཡིན་པས། ཡུལ་དེར་རྒྱུས་མངའ་ཆེན་པོ་ཡོད། གལ་ཏེ་རང་གིས་ལས་ཀ་ཧུར་ཐག་བྱས་ན། ཡུལ་མི་ཚོའི་རྒྱབ་སྐྱོར་འཐོབ་ངེས་རེད་བསམས་ཏེ། སེམས་ནུས་ཡོད་རྒུས་ལས་དེར་འཇུག་འགོ་བརྩམས་པ་ཡིན”ཞེས་བརྗོད།
འདི་ནི་པད་མ་ནོར་རྒྱས་(གཡས)ཀྱིས་གྲོང་མིའི་ཁྱིམ་དུ་བསྐྱོད་ནས་མང་ཚོགས་ལ་ཕྱུགས་རིགས་གསོ་ཚགས་བྱེད་སྟངས་སློབ་བཞིན་པ།
ཁོང་གིས་དེ་ལྟར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་གྲོང་ཚོའི་མང་ཚོགས་ཚོར་ཚན་རིག་གི་ལམ་ནས་ཞིང་ཆུ་ཚད་རན་པོ་ཇི་ལྟར་གཏོང་དགོས་ཚུལ་དང་། ཞིང་ཁ་འདེབས་སྟངས། ཞིང་སྨན་རྒྱག་སྟངས་བསླབས་པར་མ་ཟད། གྲོང་ཚོའི་ཕྱུགས་རིགས་སྨན་པར་རོགས་པ་བྱས་ཏེ་དུད་ཚང་ཚང་མའི་ཕྱུགས་རིགས་ལ་སྔོན་འགོག་ཁབ་རྒྱག་ཏུ་འགྲོ་ཞོར། ཕྱུགས་རིགས་ཀྱི་ནད་ཡམས་སྔོན་འགོག་བྱེད་ཐབས་དང་། ཡུལ་མིར་ཕྱུགས་རིགས་གསོ་ཚགས་བྱེད་སྟངས་སློབ་བཞིན་ཡོད་ལ། ཁོམ་པ་བྱུང་རིམ་བཞིན་ཡུལ་མིར་དེང་གི་ཞིང་ལས་འབྲོག་ལས་སྐོར་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དང་། ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ། གྲོང་ཚོའི་ཚན་རྩལ་ཆེད་བསྐོས་ལས་བྱེད་པ་དང་གྲོང་སྡོད་རུ་མི་གཅིག་ལྕོགས་ཀྱིས། གྲོང་ཚོའི་ཏང་འཛུགས་སྐྱོང་གི་ལས་ཀ་དང་། མཉམ་ལས་ཁང་གི་བསྡོམས་རྩིས་པ་བྱས་ཏེ། གྲོང་གསེབ་དར་རྒྱས་དང་། ཕ་ཡུལ་གྱི་ཞིང་པ་རྣམས་ལ་འབབ་འཕར་ཕྱུག་འགྱུར་ཡོང་ཆེད། སྐྱ་རེངས་ལ་དབུ་ཁྱུད་འབྲི་བ་དང་སྨག་རུམ་ལ་རྫོགས་ཤད་འཐེན་ནས། ལག་ལེན་དངོས་ནས་ཡུལ་མི་ཚོར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་པས། ལོ་ཟླའི་གོམ་བགྲོད་དང་བསྟུན་ནས། ཁོང་ལ་ཡུལ་མི་ཚོའི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་པར་མ་ཟད། ཁོང་ཚོས་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མར་འཛིན་པའི་ལྟ་ཚུལ་ལའང་འགྱུར་ལྡོག་ཤུགས་ཆེན་བྱུང་ཡོད། གསར་འགོད་པས་ཁོང་ལ་ཕ་ཡུལ་དུ་ལོག་དོན་གང་ཡིན་འདྲི་སྐབས། ཁོང་གིས། “ང་རང་ས་ཆ་གང་དུ་སོང་ཡང་རུང་། ས་ཆ་གང་དུ་སླེབས་ཀྱང་རུང་། ངའི་རྩ་བ་ཕ་ཡུལ་དུ་ཡོད། ལྷག་པར་དུ། གྲོང་གསེབ་ནི་རང་གི་ཆེད་ལས་ཀྱི་ཤེས་བྱ་ངོམ་སའི་སྟེགས་བུ་དང་། ལང་ཚོའི་གཤོག་རྩལ་ངོམ་སའི་ནམ་མཁའ་ལྟ་བུ་ཡིན་པས། རང་གིས་སྦྱངས་པའི་ཆེད་ལས་ཀྱི་ཤེས་བྱར་བརྟེན་ནས། ཕ་ཡུལ་གྱི་མང་ཚོགས་ལ་ཕན་པ་ཕྲན་ཙམ་ཐོགས་ན། རང་གི་མི་ཚེར་ད་གཟོད་སྙིང་པོ་ཡོད་པའི་སྣང་བ་ཡོང་གི་འདུག”ཅེས་བརྗོད།
གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་གྱིས། “ཕྲུ་གུ་དེ་ག་བཏང་གོ་ཆོད་ཅན་ཞིག་ཡིན། ལས་ཀ་ཧུར་ལ་སེམས་ཆུང་བས། ད་ལྟ་ཡུལ་མི་ཚང་མས་ཁོང་ལ་དགའ་པོ་བྱེད་ཀྱི་ཡོད། ཚན་རིག་ལག་རྩལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ད་ལྟའི་དུས་འདིར། པད་མ་ནོར་རྒྱས་ལྟ་བུའི་ཞིང་འབྲོག་ལས་ཀྱི་ཆེད་ལས་ཤེས་བྱར་བྱང་ཆུབ་པའི་ཞིང་པ་གསར་པ་འདི་འདྲ་མཁོ་པོ་འདུག”ཅེས་བརྗོད།
འདི་ནི་པད་མ་ནོར་རྒྱས་ཀྱིས་ཕྱུགས་རིགས་ལ་སྔོན་འགོག་ཁབ་རྒྱག་བཞིན་པ།
ཁོང་གི་ལྷག་བསམ་དང་ཡ་རབས་གཞུང་དྲང་གི་གཤིས་ཀ དེ་མིན་ལས་ཀའི་འཇོན་ཐང་སོགས་ཀྱིས་ད་ལྟ་ཡུལ་མི་ཚོས་ཁོང་ལ་འཛིན་པའི་ལྟ་བ་འགྱུར་ཏེ། ཡུལ་མི་ཚོས། ཕྲུ་གུ་དེར་མ་གཞི་སློབ་གྲྭ་ཆེན་མོའི་ཡོན་ཚད་ལྡན་ཡང་གཏམ་འདོད་དང་སྤོབས་པ་གཏན་ནས་མེད་ལ། ང་ཚོ་ཞིང་པར་སྐྱུག་བྲོ་གཏན་ནས་བྱེད་ཀྱི་མེད། ང་ཚོ་དང་མཉམ་དུ་ཐལ་རྡུལ་འཚུབ་འཚུབ་ངང་ལས་ཀ་བྱེད་རྐྱང་རེད་ཅེས་གདེང་འཇོག་བྱེད་བཞིན་ཡོད།
2021ལོར་ཁོང་ལ་ཁང་དམར་རྫོང་ཞིང་འབྲོག་ཅུས་དང་གཞིས་རྩེ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་གཉེར་བའི་ཞིང་འབྲོག་ལས་གཉེར་སྟངས་ཐད་ཀྱི་གསོ་སྦྱོང་ལ་ཞུགས་པའི་གོ་སྐབས་བྱུང་ཞིང་། གསོ་སྦྱོང་ལ་ཞུགས་པ་བརྒྱུད། ཁོང་གི་ཆེད་ལས་ཤེས་བྱའི་ཆུ་ཚད་གོང་མཐོར་འགྲོ་བར་ཕན་པ་ཆེན་པོ་ཐོབ། ཁོང་གིས། “ད་ལྟ་བོད་ཀྱི་གྲོང་གསེབ་ཀྱི་རྣམ་པ་དང་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་ཤུགས་ཆེན་བྱུང་ཡོད་པས། ཁ་ཕྱིར་བསྐོར་ནས་གྲོང་གསེབ་ཏུ་ལོག་ན། འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཡག་པོ་ཡོད། ངས་ཕ་ཡུལ་དུ་ལོག་རྒྱུའི་གདམ་ག་བྱས་པ་དེའང་རྦད་དེ་ཡང་དག་པ་ཞིག་ཡིན་པའི་སྣང་བ་བྱུང་། སྔོན་ཆད་སློབ་ཆེན་སློབ་མས་ཞིང་པ་བྱས་ན་ཀུན་གྱིས་འཕྱ་སྨོད་བྱེད་ཡུལ་དུ་གྱུར་ཡང་། ད་ལྟ་འདུ་ཤེས་རྙིང་པར་རིམ་གྱིས་འགྱུར་ལྡོག་བྱུང་སྟེ། ཞིང་ལས་བྱས་ནས་རང་གི་ལྟོ་ཕོར་རང་གི་ལག་ཏུ་དམ་པོར་བཟུང་ནས་ཡོད། རྒྱལ་ཁབ་ནས་ཀྱང་ཞིང་ལས་ལ་མཐོང་ཆེན་བྱེད་ཤུགས་ཇེ་ཆེར་དང་། ཞིང་པར་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་གནང་ཡོད་པས། ཚན་རིག་ཤེས་བྱར་མངའ་བརྙེས་པ་དང་། ལག་རྩལ་བྱང་ཆུབ་ལ་མིག་རྒྱང་རིང་བའི་སློབ་ཆེན་སློབ་མ་མང་པོ་གྲོང་གསེབ་ཏུ་ལོག་ནས་རང་གི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་བཞིན་པའི་ཞིང་པ་གསར་པ་ཇེ་མང་ནས་ཇེ་མང་རེད། ཕྱིས་འབྱུང་ངས་མུ་མཐུད་དེ་རང་གི་ཆེད་ལས་ཀྱི་ཤེས་བྱར་འབད་བརྩོན་ལྷོད་མེད་བྱས་ཏེ། ཚན་རིག་གི་ལམ་ནས་ཕ་ཡུལ་གྱི་མང་ཚོགས་རྣམས་ལ་ཕན་དེ་བས་ཆེ་བ་འདོགས་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།
ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་དྲོ་ཞིང་འཇམ། གྲོང་ཚོའི་ཉེ་འགྲམ་གྱི་ལྗོན་ཤིང་ཚོགས་ཀྱིས་རླུང་བུའི་རམ་འདེགས་དང་བསྟུན་ནས་ཕར་གཡོ་ཚུར་གཡོ་བྱེད་པར་བལྟས་ན། པད་མ་ནོར་རྒྱས་ལྟ་བུའི“ཞིང་པ་གསར་པ”དེ་བས་མང་བ་ཡུལ་དེར་ཕེབས་བསུ་ཞུ་ཆེད་ལག་གཡབ་རྒྱག་པ་ལྟར་སྣང་།
དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།