དབང་པོ་སྐྱོན་ཅན་ཞིག་གི་ཕུགས་འདུན་ཆེན་པོ།
དིང་རི་རྫོང་སྒང་དཀར་གྲོང་རྡལ་དབང་པོ་སྐྱོན་ཅན་མི་རིགས་ལག་ཤེས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་བསྟན་འཛིན་དངོས་གྲུབ་ཀྱི་ལས་གཏོད་ལམ་བུ།
འདི་ནི་བསྟན་འཛིན་དངོས་གྲུབ་ཀྱིས་མཉམ་ལས་ཁང་གི་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།
འདི་ནི་དིང་རི་རྫོང་སྒང་དཀར་གྲོང་རྡལ་དབང་པོ་སྐྱོན་ཅན་མི་རིགས་ལག་ཤེས་ཆེད་ལས་མཉམ་ལས་ཁང་ཡིན་པ།
འདི་ནི་དབང་འདུས་ཀྱིས་མཉམ་ལས་ཁང་དུ་འཚེམ་བུ་རྒྱག་བཞིན་པ།
“ང་རང་དབང་པོ་སྐྱོན་ཅན་ཡིན་ཡང་ངའི་བསམ་པར་མི་ཚང་མ་འདྲ་མཉམ་དང་། མི་ཚང་མར་དབང་བའི་གོ་སྐབས་གཅིག་མཚུངས་རེད། ང་ཚོས་རང་གི་ཕུགས་འདུན་ལ་དམིགས་ནས་འབད་འབུངས་བྱས་ཚེ་ནམ་ཞིག་མངོན་འགྱུར་ཡོང་ངེས་རེད”འདི་ནི་བསྟན་འཛིན་དངོས་གྲུབ་ཀྱིས་གསར་འགོད་པར་བཤད་པའི་སྐད་ཆ་དང་པོ་དེ་རེད།
1982ལོར་དིང་རི་རྫོང་མཚོ་སྒོ་ཤང་དུ་སྐྱེས་པའི་ཕོ་གཞོན་བསྟན་འཛིན་དངོས་གྲུབ་ནི་སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་རང་འབད་དཔེ་བཟང་གི་འཐུས་མི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་མཇལ་འཕྲད་གནང་མྱོང་བའི་ལས་གཏོད་པ་ཞིག་རེད།
ཁོང་ལ་2015ལོར་རང་སྐྱོང་ལྗོངས་ཀྱི་དང་བླངས་པ་མཛེས་ཤོས་དང་། 2017ལོར་རྒྱལ་ཡོངས་གྲོང་གསེབ་ཀྱི་ན་གཞོན་ཕྱུག་འགྱུར་སྣེ་ཁྲིད་པ། 2019ལོར་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་བ། 2020ལོར་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གི་ཁ་དན་ཚིག་གནས་ཀྱི་མི་བཟང་སོགས་ཀྱི་མཚན་སྙན་དང་དཔེ་བཟང་མང་པོ་ཐོབ་ཡོད།
དེ་མིན་ཁོང་གིས་བཙུགས་པའི་དིང་རི་རྫོང་སྒང་དཀར་གྲོང་རྡལ་དབང་པོ་སྐྱོན་ཅན་མི་རིགས་ལག་ཤེས་ཆེད་ལས་མཉམ་ལས་ཁང་ལ་རྒྱལ་ཡོངས་ཡུལ་སྐོར་ཅུས་དང་། བོད་རང་སྐྱོང་ལྗོངས། གཞིས་རྩེ་གྲོང་ཁྱེར་སོགས་ཀྱི་དཔེ་བཟང་ཐོབ་ཡོད་པ་རེད།
དཀའ་ངལ་མི་སྐྲག་གདོང་གིས་བསུས། སེམས་ཤུགས་ཆེན་པོས་ལས་ལ་འབད།
བསྟན་འཛིན་དངོས་གྲུབ་ཀྱིས་དིང་རི་རྫོང་སྒང་དཀར་གྲོང་རྡལ་དབང་པོ་སྐྱོན་ཅན་མི་རིགས་ལག་ཤེས་ཆེད་ལས་མཉམ་ལས་ཁང་མ་བཙུགས་གོང་གི་ལོ་མང་རིང་ཞབས་ཞུ་བ་བྱེད་མྱོང་བ་དང་། མགྲོན་ཁང་གཉེར་མྱོང་བ། ཡུལ་སྐོར་དྲན་རྟེན་བཟོ་མྱོང་བ། མདོར་ན་ལས་རིགས་མི་འདྲ་བའི་ལས་ཀ་མང་པོ་བྱེད་མྱོང་ཡོད། མི་སུ་འདྲ་ཞིག་ཡིན་རུང་ལས་ཀ་གང་དང་གང་བྱས་ཀྱང་དཀའ་ངལ་འདྲ་མིན་སྣ་ཚོགས་འཕྲད་སྲིད་པས། བསྟན་འཛིན་དངོས་གྲུབ་ལ་མཚོན་ནའང་དེ་བས་ཤོད་མི་དགོས།
ཁོང་གིས་གསར་འགོད་པར“རང་ཉིད་ཀྱིས་བརྩོན་པའི་རྒྱུན་དང་ཡུན་རིང་འགྲོགས་ཁར། རོགས་སྐྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཁྲིམས་མཐུན་ངང་ལས་དོན་ཁག་གཉེར་སྐྱོང་བྱེད་ཀྱི་ཡོད་སྟབས། གཡུར་ཟའི་འབྲས་བཟང་མ་སྨིན་པའི་སེམས་ཁྲལ་གཏན་ནས་མི་འདུག”ཅེས་བཤད།
2000ལོའི་གོང་དུ་ཁོང་གིས་སྔ་རྗེས་སུ་གྲོང་ཚོའི་འཇོན་ཐང་ཅན་གྱི་རྗེས་སུ་འབྲངས་ནས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་སུ་གླ་པ་རྒྱུག་པར་འགྲོ་མྱོང་ཡོད། འོན་ཀྱང་སྐབས་དེ་དུས་ལོ་ན་ཆུང་བ་དང་དབང་པོ་སྐྱོན་ཅན་ཡིན་པས་ལས་ཀར་ཉར་མཁན་དཀོན་པོ་བྱུང་བ་དང་། ཕྱིས་སུ་ལས་ཀར་ཟླ་བ་གཅིག་ཙམ་བསྡད་པར་ཡང་གླ་ཆ་སྐར་མ་གཅིག་ཀྱང་རག་མེད་པས། ཐབས་ཤེས་སྤྱད་ནས་རོགས་པ་ཚོའི་ས་ནས་ལམ་དངུལ་གཡར་ཏེ་ནང་ལ་ལོག་དགོས་བྱུང་བ་རེད།
2000ལོ་ནི་བསྟན་འཛིན་དངོས་གྲུབ་ཀྱིས་བརྗེད་པར་དཀའ་བ་ཞིག་རེད། ལོ་དེར་དིང་རི་རྫོང་དམངས་སྲིད་ཅུས་སོགས་འབྲེལ་ཡོད་ཚན་པའི་ཐུགས་ཁུར་དང་རོགས་རམ་འོག་ཁོང་ལ་སྒང་དཀར་གྲོང་རྡལ་གྱི་ཆུ་ཚན་སྤྲོ་གསེང་གླིང་དུ་ཞབས་ཞུ་བ་བྱེད་པའི་གོ་སྐབས་བྱུང་བ་རེད། མ་གཞི་ཟླ་རེར་གླ་ཆ་སྒོར་150ལས་མེད་ཀྱང་། དེ་ནི་མི་ཚེ་འདིའི་གླ་ཆ་དང་པོ་ཡིན་པས་ཁོང་གི་སེམས་ལ་སྤྲོ་བ་རབ་ཏུ་འཕེལ་ཞིང་། རང་ཁ་རང་གསོ་ཐུབ་པའི་གདེང་ཚོད་ཀྱང་རྙེད།
བསྟན་འཛིན་དངོས་གྲུབ་ནི་ཞབས་ཞུ་བའི་ལས་ཀར་ཡིད་ཚིམས་ནས་སྡོད་མཁན་ཞིག་མིན་སྟབས། ཞབས་ཞུ་བ་བྱེད་པའི་ལོ་དྲུག་ནང་བསྟན་འཛིན་དངོས་གྲུབ་ཀྱིས་རང་འཁྲིའི་ལས་ཀ་བྱེད་པ་ཕུད། ཐབས་ཤེས་ཡོད་རྒུས་རིག་གནས་ཤེས་བྱ་སྦྱངས་པས། ཁོང་གིས་རིམ་བཞིན་བོད་ཡིག་དང་རྒྱ་ཡིག་གང་ཙམ་ཤེས། གལ་ཏེ་ལས་ཀ་དེ་མེད་ཚེ་བསྟན་འཛིན་དངོས་གྲུབ་ཀྱིས་རང་ཉིད་ཀྱི་ད་ལྟའི་འཚོ་བར་བསམ་ཚོད་བྱེད་པར་དཀའ། ཐོབ་པར་དཀའ་བའི་ལས་ཀ་དེས་ཁོང་གི་ལས་དབང་ལ་འགྱུར་ལྡོག་གཏོང་འགོ་ཚུགས་ཤིང་། 2006ལོར་ཁོང་གིས་དིང་རི་རྫོང་དམངས་སྲིད་ཅུས་ཀྱིས་གསར་དུ་བསྐྲུན་པའི་དམངས་ཕན་མགྲོན་ཁང་དེ་གཉེར་སྐྱོང་བྱེད་པའི་རེ་འདུན་ཞུས་པར་ཆོག་མཆན་ཐོབ་ནས་ལས་གཏོད་ཀྱི་ལམ་བུར་ཞུགས་ཡོད་པ་རེད།
2008ལོར། ཁོང་གིས་འཚེམ་བཟོའི་ལག་ཤེས་ཤེས་པའི་དབང་པོ་སྐྱོན་ཅན་མི་5སྒྲིག་འཛུགས་བྱས་ནས་དིང་རིའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་བཟོས་པ་དང་། དིང་རི་རྫོང་སྒང་དཀར་གྲོང་རྡལ་ཀུན་བདེ་ལྷ་ཁང་ཡུལ་སྐོར་ཐོན་རྫས་ཚོང་ཁང་བཙུགས་པ། དེ་མིན་སྦག་སྦག་བཟོ་ཤེས་མཁན་གྱི་དབང་པོ་སྐྱོན་ཅན་མི་2སྒྲིག་འཛུགས་བྱས་ནས་སྦག་སྦག་ཆེད་ཚོང་དང་ཉམས་གསོ་བྱེད་ས་བཙུགས་པ་རེད།
ཁོང་ནི་བློ་རིག་བཀྲ་ལ་འབད་བརྩོན་ཆེ་བའི་མི་ཞིག་རེད་འདུག ཁོང་གིས་རང་ཉིད་གཅིག་པུ་ཕྱུག་འགྱུར་ལམ་བུར་འགྲོ་བར་ཡིད་ཚིམས་ནས་མ་བསྡད་པར། རང་དང་འདྲ་བའི་དབང་པོ་སྐྱོན་ཅན་རྣམས་ལ་རོགས་རམ་དང་ཕྱུག་པོའི་ལམ་དུ་འཁྲིད་པ་ནི་རང་གི་ཕུགས་འདུན་ཞིག་ལ་ངོས་འཛིན་བྱེད་བཞིན་མཆིས།
ལོ་མང་དཀའ་སྤྱད་སྡུག་རུས་བྱས། མཉམ་ལས་ཁང་ལ་འབྲས་བཟང་སྨིན།
བསྟན་འཛིན་དངོས་གྲུབ་ཀྱིས་ལས་གཏོད་ཀྱི་ལམ་བུར་འབད་བརྩོན་གང་འདྲ་བྱེད་ཚུལ་དང་། དཀའ་ལས་ག་ཚོད་རྒྱག་ཚུལ། འབྲས་བུ་གང་འདྲ་འཐོབ་ཚུལ་བཅས་རིམ་ཁག་གི་འགོ་ཁྲིད་དང་སྡེ་ཚན་ཁག་གིས་ཤེས་གསལ་རེད། དེར་བརྟེན། 2015ལོར་གཞིས་རྩེ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་དིང་རི་རྫོང་དམངས་སྲིད་ཅུས། དེ་བཞིན་ཧྲང་ཧའེ་བོད་སྐྱོར་ལས་བྱེད་པ་ཐེངས་དྲུག་པའི་རོགས་རམ་འོག ཀུན་བདེ་ལྷ་ཁང་ཡུལ་སྐོར་ཐོན་རྫས་ཚོང་ཁང་གི་རྨང་གཞིའི་ཐོག དབང་པོ་སྐྱོན་ཅན་མི་རིགས་ལག་ཤེས་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས་པ་རེད།
དེ་ནས། ཁོང་གིས་མཉམ་ལས་ཁང་གི་འགན་ཆ་ཚང་ཁུར་བ་དང་དབང་པོ་སྐྱོན་ཅན་མི་15སྒྲིག་འཛུགས་བྱས་ཏེ་ཁོ་ཚོའི་ལས་ལ་བརྩོན་ཞིང་འཇོན་ཐང་ཆེ་བའི་ལེགས་ཆ་གང་ལེགས་བཏོན་པས། མཉམ་ལས་ཁང་དེ་གཉེར་སྐྱོང་ཡག་པོ་བྱུང་ཡོད། ལོ་ཤས་འབད་བརྩོན་བྱས་པ་བརྒྱུད། མཉམ་ལས་ཁང་དེ་སྔར་གྱི་བཟོ་ཁང་ཆུང་ཆུང་ཞིག་ནས་མཉམ་ལས་ཁང་ཆེ་གྲས་སུ་གྱུར་པ་དང་། གཏན་འཇགས་ཀྱི་རྒྱུ་ནོར་ཡང་ཐོག་མའི་སྒོར་ཁྲི་50ནས་སྒོར་ཁྲི་3000ལྷག་ཙམ་བར་མང་དུ་སོང་བ་དང་། ཕྱིར་ཚོང་ཡོང་འབབ་ཀྱང་སྒོར་ཁྲི་10ནས་སྒོར་ཁྲི་1000ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད།
ཁོང་གིས“ང་ཚོ་ཇོ་མོ་གླང་མའི་འདབས་སུ་གནས་པ་དང་འདིར་འཛམ་གླིང་ས་གནས་ཁག་གི་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད། དེ་ནི་ང་ཚོའི་མཉམ་ལས་ཁང་ལ་མཚོན་ན་གོ་སྐབས་བཟང་པོ་ཞིག་རེད། ངས་ཡུལ་སྐོར་ཁྲོམ་རར་ལྟ་ཞིབ་བྱས་པ་བརྒྱུད་ཇོ་མོ་གླང་མའི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྱི་དྲན་རྟེན་དངོས་པོ་ཧ་ལམ་མེད་པས། ང་ཚོས་ཇོ་མོ་གླང་མའི་རིག་གནས་ཁྱད་ཆོས་ལྡན་པའི་ཁུག་མ་དང་། དངུལ་ཁུག་སོགས་བཟོས་པས་ཁྲོམ་རར་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་འདུག གཞན་ཡང་2016ལོའི་ཟླ་11པར་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་ཡུལ་སྐོར་ཐོན་རྫས་གཙང་པའི་ཨོ་ལོར་ཇོ་མོ་གླང་མའི་ལག་བྱང་རིག་གནས་ཡུལ་སྐོར་གྱི་དྲན་རྟེན་དངོས་པོའི་བྱ་དགའ་ཨང་དང་པོ་ཐོབ་བྱུང”ཞེས་བཤད།
2017ལོ་ནི་མཉམ་ལས་ཁང་ལ་འགྱུར་ལྡོག་ཆེ་ཤོས་ཕྱིན་པའི་ལོ་རེད། རྫོང་གི་དབུལ་སྐྱོར་དངུལ་བུན་གྱི་རོགས་རམ་འོག མགྲོན་ཁང་དང་། འགྲེམས་ཁང་། སོ་ནམ་ཡོ་བྱད་བཟོ་བཅོས། ཞིང་ཞོར་ཐོན་རྫས་ལས་སྣོན། ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་ལས་སྣོན། ཤིང་ཆ་ལས་སྣོན་སོགས་ཀྱི་བཟོ་གྲྭར་བསྡོམས་མ་དངུལ་སྒོར་ཁྲི་1617བཏང་བ་རེད།
གཞན་ཕན་ལྷག་བསམ་རྣམ་པར་དག ཉེ་འཁོར་མང་ཚོགས་ལས་ཞུགས་བཟང་།
ད་ཆ་མཉམ་ལས་ཁང་གི་ལས་མི་116ལས་དབང་པོ་སྐྱོན་ཅན་64ཡོད་པ་རེད།
སུ་ཞིག་ཡིན་ཡང་དཀའ་སྤྱད་འབད་བརྩོན་བྱས་ན་གྲུབ་འབྲས་ཆེ་ཆུང་གང་ཡིན་ཡང་འཐོབ་ངེས་རེད། 2022ལོ་ནས་བཟུང་བསྟན་འཛིན་དངོས་གྲུབ་ཀྱིས་མཉམ་ལས་ཁང་གི་སྣེ་ཁྲིད་དེ། སྔར་ཡོད་ཀྱི་ལས་སྒོའི་རྨང་གཞིའི་ཐོག་ལག་ཤེས་བཟོ་ལས་མཉམ་ལས་ཁང་ལ་བརྟེན་ནས་མང་ཚོགས་ཀྱི་འབབ་འཕར་ལ་ནུས་ཤུགས་ཆེན་པོ་བཏོན་ཅིང་། ལོ་དེར་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་1200ལྷག་ཙམ་ཟིན་པ་དང་། ཉེ་འཁོར་གྱི་དུད་ཚང་100ལྷག་ཙམ་གྱི་མི་206ལ་སྐུལ་ཁྲིད་ཐུབ་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3.78བྱུང་ཡོད། མིག་སྔར་མཉམ་ལས་ཁང་དུ་དོ་དམ་པ་མི་15དང་། ལག་རྩལ་བ་25ཡོད་པའི་ཐོག་སློབ་ཆེན་སློབ་མ་2བཅས་བཀོད་སྒྲིག་བྱས་པ་དེས་མཉམ་ལས་ཁང་གི་ཤེས་ལྡན་པའི་ཤེས་བྱ་གསར་བརྗེས་དང་ལག་རྩལ་གསར་གཏོད་ལ་སྐུལ་མ་ཆེན་པོ་ཐེབས་ཡོད་པ་རེད།
ད་ལོ་ལོ་61ལ་སླེབས་པའི་དབང་པོ་སྐྱོན་ཅན་དབང་འདུས་ནི་དིང་རི་རྫོང་རྒྱ་མཚོ་ཤང་ནས་ཡིན་པ་དང་མཉམ་ལས་ཁང་དུ་ལས་ཀར་སླེབས་ནས་ལོ་5ཙམ་སོང་བ་རེད། “ང་རང་མཉམ་ལས་ཁང་དུ་ལས་ཀར་སླེབས་ཐུབ་པ་ནི་དགའ་འོས་པ་ཞིག་རེད། སྔོན་ཆད་རང་ཉིད་འབྲོག་པ་བྱས་ནས་ཡོང་འབབ་དེ་ཙམ་མེད་ལ་དབང་པོ་སྐྱོན་ཅན་ཡིན་པས་འཚོ་བའི་འཁོས་ཀ་ཞན་པོ་ཡོད། ཕྱིས་སུ་སྦྱིན་བདག་བསྟན་འཛིན་དངོས་གྲུབ་ལགས་ཀྱིས་ལས་ཀར་ཉར་བྱུང་། ད་ལྟ་ངའི་འཚོ་བར་སེམས་ཁྲལ་ཏིལ་འབྲུ་ཙམ་ཡང་མི་འདུག ཟླ་བ་རེར་གླ་ཆ་སྒོར་3500ཡོད་ལ་ཁ་ལག་དང་ཉལ་ཁང་ཚང་མ་རིན་མེད་མཁོ་འདོན་བྱེད་ཀྱི་འདུག་པས་དངོས་གནས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་བཞིན་འདུག” ཅེས་དབང་འདུས་ཀྱིས་གསར་འགོད་པར་བཤད། མཉམ་ལས་ཁང་གི་ལས་བཟོ་བ་ཚེ་རིང་ཉི་མས“ང་འདིར་སླེབས་ནས་ཟླ་བ་3ཕྱིན་སོང་། ང་རང་ལས་བཟོ་བ་གསར་པ་ཞིག་ཡིན། ངས་ལས་བཟོ་བ་རྙིང་པའི་ས་ནས་སྦྱིན་བདག་བསྟན་འཛིན་དངོས་གྲུབ་ལགས་ནི་འཇོན་ཐང་ཅན་དང་སེམས་བཟང་ཅན་གྱི་མི་སྣ་ཕུལ་བྱུང་ཞིག་ཡིན་པ་ཤེས་བྱུང་། ངའི་ནང་དང་མཉམ་ལས་ཁང་བར་ཐག་ཉེ་པོ་ཡོད་པས་ཁྱིམ་ལ་ལྟ་རྟོག་ཡང་བྱེད་བདེ་པོ་འདུག ད་ལྟ་གླ་ཆ་ཡག་པོ་ཡོད་པ་མ་ཟད་སྔ་དགོང་གཉིས་ལ་ཁྱིམ་དུ་ཡང་རོགས་པ་བྱེད་ཐུབ་ཀྱི་འདུག་པས། ངས་གོ་སྐབས་བཟང་པོ་འདིར་གཅེས་འཛིན་བྱེད་ཀྱི་ཡོད་ལ་ལས་ཀ་ཧུར་ཐག་བྱས་ནས་ལག་རྩལ་བ་ཞིག་ཏུ་འགྱུར་བའི་འབད་བརྩོན་བྱེད་ཀྱི་ཡོད”ཅེས་བཤད། ད་ཆ་སྒང་དཀར་གྲོང་རྡལ་དུ་སྐྱོད་སྐབས། བསྟན་འཛིན་དངོས་གྲུབ་དང་ཁོང་གི་མཉམ་ལས་ཁང་མི་ཤེས་མཁན་གཅིག་ཀྱང་མེད། དབང་པོ་སྐྱོན་ཅན་མང་དག་ཅིག་བསྟན་འཛིན་དངོས་གྲུབ་ཀྱི་སྣེ་ཁྲིད་འོག་ལས་ཞུགས་ཐུབ་པ་དང་། ལས་བཟོ་བ་ཚོས་ཁོང་དང་མཉམ་དུ་རང་འཁྲིའི་ལས་ལ་བརྩོན་པ་རྒྱ་ཆེར་བརྩམས་ནས་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་བཞིན་མཆིས།