དབུ་ཤོག>ཆེད་སྒྲིག>དུས་རབས་གསར་པ། འཕེལ་རྒྱས་གསར་པ། འགྱུར་ལྡོག་གསར་པ། འཚོ་བ་གསར་པ།>ནང་དོན་གསར་འགྱུར།
  • གྲོང་གསེབ་མཛེས། ཐོན་ལས་དར། མང་ཚོགས་ཕྱུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དཀོན་མཆོག་སྒྲོལ་མ། ཟླ་བ་ཚེ་རིང་། བསོད་ནམས་ཆོས་སྒྲོན།   |     སྤེལ་དུས།  2023-08-21

    ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཀར་ཏོག

    འདི་ནི་ཆང་ཁྱིམ་གྲོང་ཚོའི་གླིང་ཁ་ཡིན་པ།

    འདི་ནི་ཆང་ཁྱིམ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་ཡིན་པ།

    འདི་ནི་ཆང་ཁྱིམ་གྲོང་ཚོའི་ཇ་ཁང་གི་གྱང་ངོས་སུ་བཀལ་བའི《ཇ་ཁང་ནང་དུ་ཏང་གི་བཀའ་དྲིན་གླེང་བ》ཞེས་པའི་པར་རིས་ལེ་ཚན་ཡིན་པ།

    འདི་ནི་ཆང་ཁྱིམ་གྲོང་ཚོའི་ཇ་ཁང་ཡིན་པ།

    འདི་ནི་ཆང་ཁྱིམ་གྲོང་ཚོའི་ནས་ཆང་གི་འཇིམ་བརྐོས་ཡིན་པ།

    “ཆང་ཁྱིམ་གྲོང་ཚོར་འདི་ནས་ཕེབས”ཅེས་འཁོད་པའི་བྱང་བུ་དེ་ལམ་སྟོན་སྒྲོན་མེ་བཞིན་དུ་གསར་འགོད་པའི་མིག་ལམ་དུ་ལྷང་ངེར་འཆར། གྲོང་གསེབ་ཀྱི་ཨར་འདམ་ལམ་བུ་བརྒྱུད་ཡ་མཚན་དང་རེ་སྒུག་གིས་ཁེངས་བཞིན་ཆང་ཁྱིམ་གྲོང་ཚོའི་ཕྱོགས་སུ་བསྐྱོད།

    ཆང་ཁྱིམ་གྲོང་ཚོ་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་དུ་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3800ཟིན་ཡོད། ཡུལ་དེའི་ཡངས་ཤིང་རྒྱ་ཆེ་ལ་གཙང་སྦྲ་དོད་པའི་གྲོང་ཚོའི་འགྲོ་ལམ་དང་། གྲལ་སྟར་འགྲིག་པའི་བོད་བཟོའི་སྡོད་ཁང་། སུམ་རྩེན་མི་ཡུལ་དུ་འཕོས་འདྲའི་ཡུལ་ལྗོངས་བཅས་ལས་གསར་འགོད་པའི་ཡིད་ཀྱི་དབང་པོ་རབ་ཏུ་འཕྲོག གྲོང་ཚོ་འདིར་སྔ་རྗེས་སུ་སྲོལ་རྒྱུན་གྲོང་ཚོ་དང་། ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ། རང་སྐྱོང་ལྗོངས་རིམ་པའི་ཤེས་དཔལ་གྲོང་ཚོ་བཅས་ཀྱི་མཚན་སྙན་ཐོབ་མྱོང་ཡོད།

    བདུད་རྩི་ཆང་གི་ཐོན་ལས་དར། མི་རྣམས་དགའ་བདེའི་དཔལ་ལ་རོལ།

    ཆང་ཁྱིམ་གྲོང་ཚོའི་ཁྱིམ་ཚང་མང་ཆེ་བ་ནས་ཆང་སྙོལ་བའི་གོམས་སྲོལ་ཡོད། ལོ་རྒྱུས་ཡུན་རིང་ལྡན་པའི་གོམས་སྲོལ་འདི་ལས་ཆང་ཁྱིམ་གྲོང་ཚོ་ཉེ་རིང་གང་སར་སྐད་གྲགས་ཆོད་ནས། ནས་ཆང་གི་ཕ་ཡུལ་ཞེས་སུ་གྲགས། ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས་ཆང་ཁྱིམ་གྲོང་ཚོའི་ནས་ཆང་གི་ལོ་རྒྱུས་འབྱུང་ཁུངས་དང་རིག་གནས་ལ་བརྟེན་ནས་ནས་ཆང་གི་ཐོན་ལས་ཁྱད་ལྡན་ཅན་དང་སྤུས་རྟགས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བས། ཡུལ་དེ་ག་ནས་ཐོན་པའི་རོ་བཅུད་ཆེ་ལ་ལུས་ཁམས་ལ་ཕན་པའི“ཆང་ཁྱིམ་ནས་ཆང”གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི“གསེར་བྱང”ལྟ་བུར་གྱུར་ཡོད།

    2016ལོའི་ཟླ་7པར། ཆང་ཁྱིམ་གྲོང་ཚོས“ཆང་ཁྱིམ”རྟགས་ཅན་གྱི་ཚོང་རྟགས་གྲུབ་འབྲས་ཐོབ་པའི་ངང་ཐོ་བཀོད་པ་དང་། 2020ལོར་ཁྱོན་མ་དངུལ་སྒོར་ཁྲི་747.6བཏང་བའི་ནས་ཆང་གཞིས་ཀའི་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད། དུད་ཚང་དབུལ་པོའི་མི་26ལ་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་10000ལྷག་ཙམ་དང་། མང་ཚོགས་ཀྱི་ས་ནས་རྒྱུ་ཆ་ཉོ་བ་སོགས་ཀྱི་བྱ་ཐབས་བརྒྱུད་དུད་ཚང་110ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་20000ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ཅིང་། དུས་མཇུག་ཏུ་གཉེར་སྐྱོང་བྱ་ཐབས་ལ་གཞིགས་ནས་ལོ་ལྟར་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད།

    སླད་ཕྱིན་ཆང་ཁྱིམ་གྲོང་ཚོས་མུ་མཐུད་ནས་ཆང་གི་རིག་གནས་དར་སྤེལ་དང་ནས་ཆང་གི་སྤུས་རྟགས་སྟོབས་ཆེར་བཏང་སྟེ་མཛེས་སྡུག་ལྡན་པའི་གྲོང་ཚོར་བདུད་རྩི་ནས་ཆང་གི་དྲི་ཞིམ་འཐུལ་བར་བྱེད་རྩིས་ཡོད།

    སྤུས་རྟགས་ཁྱིམ་ཚང་མགྲོན་ཁང་བཏོད། ཕྱུག་འགྱུར་ལམ་བུ་དེ་བས་ཡངས།

    2020ལོར་ཆང་ཁྱིམ་གྲོང་ཚོས་བེད་མེད་དུ་བཞག་པའི་ཞིང་པའི་སྡོད་ཁང་གང་འགབ་ཅི་འོས་སུ་སྤྱད་པ་བརྒྱུད“གྲོང་གསེབ་ཡུལ་སྐོར་དང་དམངས་སྡོད་ཟུང་འབྲེལ”གྱི་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་བཏང་ཞིང་། ལས་དོན་པའི་འཁྲིད་རོགས་འོག་གསར་འགོད་པ་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་ཐོག་ཁང་ཞིག་གི་མདུན་དུ་སླེབས། ཞིབ་པར་བལྟས་པས་སྒོ་ཐོད་དུ་ཚོགས་ཆུང་གཉིས་པའི་བསྟན་འཛིན་དབང་མོ་ཞེས་བྲིས་འདུག ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་ཁང་པ་རྒྱ་ཆེ་ཡང་རྒྱུན་དུ་བསྟན་འཛིན་དབང་མོ་མ་སྨད་གཉིས་ལས་སྡོད་མཁན་མེད་སྟབས། 2020ལོར་གྲོང་ཚོའི་ལས་བྱེད་པའི་སྐུལ་ལྕག་འོག་ཁོང་གིས་ཁང་པར་མཛེས་བཟོ་བྱས་ནས་ཁྱིམ་ཚང་མགྲོན་ཁང་གཉེར་བ་རེད། གྲོང་ཚོ་དེར་ཁྱིམ་ཚང་མགྲོན་ཁང་གཉེར་ནས་འབབ་འཕར་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་དུད་ཚང་མང་པོ་ཡོད་ཅིང་། བསྟན་འཛིན་དབང་མོ་ནི་དེའི་གྲས་ཤིག་རེད། “ལོ་ན་མཐོ་བའི་ཨ་མར་ལྟ་རྟོག་བྱེད་དགོས་པས། ཞིང་ཞོར་ལ་ཁྱིམ་གྱི་སྒོ་རྩར་ཡོང་འབབ་འདི་འདྲ་གསོག་ཐུབ་པ་བསམ་པའི་ཡུལ་ལའང་མེད། ད་བར་ཡུལ་སྐོར་བ་400ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བྱུང”ཞེས་བསྟན་འཛིན་དབང་མོས་ཡིད་དགའ་དགའ་དང་བློ་ཡིད་ཚིམ་ཚིམ་བྱེད་བཞིན་བརྗོད།

    སྣ་མང་ཡུལ་སྐོར་ཞབས་འདེགས་བཏོད། མང་ཚོགས་ལས་ཞུགས་སེམས་ཁྲལ་མེད།

    2020ལོར་གྲོང་གསེབ་ཀྱི་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། མཉམ་ལས་ཁང་བཙུགས་ནས་གྲོང་ཚོ་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་ཐོན་རྫས། ཡུལ་སྐོར་ཞབས་འདེགས་སོགས་ཐོན་ཁུངས་བསྡུ་སྒྲིལ་དང་ཁྱབ་གདལ་བཏང་ནས་གཅིག་སྡུད་གཅིག་གྱུར་གྱི་དོ་དམ་སྒྲིག་སྲོལ་བཟོས་པ་དང་། འགྲུལ་ཁུངས་བགོ་བཤའ་དང་མ་རྐང་ལ་ཞུགས་ནས་ཁེ་སྤོགས་བགོ་བའི་ལམ་ལུགས་སོགས་འཐུས་སྒོ་ཚང་དུ་བཏང་བ་རེད།

    གྲོང་ཚོ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་ཞབས་འདེགས་སྤུས་ལེགས་ལ་ཡུལ་སྐོར་བའི་བསྔགས་བརྗོད་ཐོབ་ཆེད། ཆང་ཁྱིམ་གྲོང་ཚོས་མཉམ་ལས་ཁང་ལ་དོ་དམ་གཅིག་གྱུར་བྱས་ནས་ཁྱིམ་ཚང་ཁག་གི་མང་ཚོགས་བསྐོངས་ཏེ་སྣེ་ཤན་ཚོགས་ཆུང་དང་། མགྲོན་བསུ་ཚོགས་ཆུང་། བཟའ་བཏུང་ཚོགས་ཆུང་། ཁྱད་ལྡན་ཐོན་རྫས་ཚོགས་ཆུང་། ཡུལ་སྐོར་ཐོ་འགོད་ཚོགས་ཆུང་། མེ་ཕུང་དགོང་ཚོགས་ཚོགས་ཆུང་སོགས་ཆེད་མངགས་བཙུགས་པ་མ་ཟད། ཆེད་མིས་འགན་འཁུར་བ་དང་ཞབས་འདེགས་སྣ་མང་ཞུས་ཏེ་ཡུལ་སྐོར་བ་ཚང་མར་ཁྱིམ་ཚང་གཅིག་ལྟ་བུའི་དྲོ་སྐྱིད་ཚོར་དུ་འཇུག་གི་ཡོད།

    གྲོང་གསེབ་ཀྱི་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་ལས་དར་སྤེལ་གཏོང་བ་ཕུད། ཆང་ཁྱིམ་གྲོང་ཚོས་སྔ་ཕྱི་བར་གསུམ་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་སེལ་དང་། ཁོར་ཡུག་མཛེས་བཟོ། གཞུང་ལམ་ཤར་གཏོང་། ནུས་གཙང་ཁྱབ་གདལ། གསང་སྤྱོད་གསར་བརྗེ་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བས། ད་ཆ་གྲོང་ཚོའི་ཁོར་ཡུག་གཙང་ལ་གྲལ་སྟར་བསྒྲིགས་པ་དང་། འགྲིམ་འགྲུལ་སྟབས་བདེ་བ། སྒྲིག་བཀོད་ཆ་ཚང་བ་བཅས་ལས་གང་སར་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་རྐྱང་ཞིག་མངོན་ཡོད།

    ད་ཆ། ཆང་ཁྱིམ་གྲོང་ཚོའི“ཀྲུང་གོའི་བག་ཕེབས་གྲོང་གསེབ་མཛེས་ཤོས”ཀྱི་མཚན་སྙན་ལྗོངས་ཕྱི་ནང་དུ་རིམ་གྱིས་ཁྱབ་ནས། གྲོང་གསེབ་ཀྱི་ཡུལ་སྐོར་བྱ་ཡུལ་གལ་ཆེན་དུ་གྱུར་པ་དང་། ཡུལ་སྐོར་བ་མང་པོ་ཞིག་དེར་སླེབས་དུས་མཛེས་པའི་ཆང་ཁྱིམ་མིང་དོན་མཚུངས་པ་ཞིག་རེད་འདུག་ཅེས་དབང་མེད་དུ་བརྗོད་ཀྱི་ཡོད། ཏང་གི་སྲིད་ཇུས་བཟང་པོའི་དྲོ་སྐྱིད་ཉི་འོད་ལས། བོད་ཀྱི་གྲོང་གསེབ་མང་པོ་ཞིག་ཆང་ཁྱིམ་གྲོང་ཚོ་དང་འདྲ་བར་མཛེས་པའི་རང་བྱུང་ཁོར་ཡུག་དང་ཆ་ཚང་བའི་སྒྲིག་བཀོད་ལ་བརྟེན་ནས་མི་རྣམས་ཀྱི་གྲོང་གསེབ་ལ་མྱོང་རོལ་བྱེད་པའི་རེ་འདོད་བསྐངས་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།