དབུ་ཤོག>ཆེད་སྒྲིག>དུས་རབས་གསར་པ། འཕེལ་རྒྱས་གསར་པ། འགྱུར་ལྡོག་གསར་པ། འཚོ་བ་གསར་པ།>ནང་དོན་གསར་འགྱུར།
  • ཞིང་ལས་འཕྲུལ་ཆས་ཅན་ལ་གྱུར། དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ།

    ཆུ་ཁ་བྱང་གྲོང་ཚོས་ཞིང་འཕྲུལ་གྱི་མཉམ་ལས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྤེན་པ། དཔལ་མཆོག ཚེ་བརྟན་གཡུ་སྒྲོན།   |     སྤེལ་དུས།  2023-08-21

    འདི་ནི་མཉམ་ལས་ཁང་གི་ལས་མིས་རྨོ་འདེབས་གོང་འཕྲུལ་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།

    གྲོང་ཚོའི་མཉམ་ལས་ཁང་གི་ཁ་ལོ་བ་ཚོས་ཞིང་འཕྲུལ་ཉམས་བཟོ་བྱེད་བཞིན་པ།

    ཁ་ལོ་བ་ཚོས་ཞིང་འཕྲུལ་གྱི་ལྷུ་ལག་ཁག་ལ་ཞིབ་བཤེར་བྱེད་བཞིན་པ།

    ལྷ་ས་གྲོང་ཁྱེར་ནས་བྱང་ཤར་ཕྱོགས་སུ་དུས་ཡུན་ཆུ་ཚོད་གཉིས་ཙམ་བསྐྱོད་ཚེ། འཕན་པོ་ལྷུན་གྲུབ་རྫོང་གི་མངའ་ཁོངས་སུ་སླེབས། ལོ་རྒྱུས་ཐོག་འཁོད་པར་གཞིགས་ན། ཆོས་རྒྱལ་གནམ་རི་སྲོང་བཙན་གྱི་ཡར་སྔོན་དུ་ས་འདིར“ངས་པོ”ཞེས་འབོད། ཆོས་རྒྱལ་གནམ་རི་སྲོང་བཙན་ངས་པོའི་ཡུལ་དུ་ཕེབས་སྐབས་ས་ཆ་འདི་ས་རྒྱ་ཤིན་ཏུ་ཆེ་བ་ཤེས་པས། ཕྱིས་སུ་ཡུལ་འདི་རྒྱུད་ལ“ངས་པོ”ཞེས་མི་འབོད་པར་ཡུལ་འདིའི་མིང་ལ་འཕན་པོ་ཞེས་མིང་བསྒྱུར།

    ཁ་རྒྱུན་དུ་དཔྱིད་ཉི་རིང་པོ་གྲང་གསུམ་དྲོ་གསུམ་འབོད་པ་བཞིན། དཔྱིད་ཉི་རིང་པོ་གྲང་གསུམ་དྲོ་གསུམ་གྱི་དུས་སུ་ང་ཚོ་གསར་འགོད་པ་ཆུ་ཁ་བྱང་གྲོང་ཚོར་འགྲོ་བའི་ལམ་དུ་ཆས། ལམ་གཡས་གཡོན་གྱི་ཡངས་ཞིང་རྒྱ་ཆེ་བའི་ཞིང་ས་གཤིན་པོ་འདི་དག་དང་། ལས་ལ་བརྩོན་པའི་འཕན་ཡུལ་གྱི་སོ་ནམ་པ་རྣམས་མིག་ལམ་དུ་འཆར་དུས“འཕན་པོ་ནི་ལྷ་ས་གྲོང་ཁྱེར་གྱི་འབྲུ་མཛོད”ཅེས་པའི་སྐད་ཆ་དེར་དེ་བས་ངེས་ཤེས་སྐྱེས་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ཁ་བྱང་གྲོང་ཚོ་ནི་ལྷུན་གྲུབ་རྫོང་ཁོངས་བྱང་ཁ་ཤང་གི་ཁོངས་སུ་གཏོགས་པའི་རང་བྱུང་གྲོང་ཚོ་གསུམ་ལས་གྲུབ་པའི་སྲིད་འཛིན་གྲོང་ཚོ་ཞིག་རེད། གྲོང་ཚོ་འདི་ནི་འཕན་པོའི་ཁུལ་དུ་རྒྱུག་པའི་ཆུ་བོ“ངན་ཆུ”ཞེས་པའི་ཆུ་འདིའི་བྱང་ཕྱོགས་སུ་གནས་པས་ན་གྲོང་ཚོ་འདིར“ཆུ་ཁ་བྱང”ཞེས་པའི་མིང་འདི་ཐོགས་པ་རེད་ཅེས་ལས་རོགས་རྣམས་ཀྱི་ངག་ལས་ཐོས། གྲོང་ཚོ་འདིར་ཐེམ་གྲངས་ཁྱོན་162དང་། མི་འབོར་682ཡོད་ལ། ས་ཞིང་མུའུ་9100ལྷག་ཙམ་ཡོད། མུའུ་9100ལྷག་ཙམ་གྱི་ས་ཞིང་འདི་དག་ནི་ད་ཆ་གྲོང་ཚོ་འདིའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཞིག་ཏུ་གྱུར།

    གཙོ་བོ་ཞིང་ལས་ལ་བརྟེན་ནས་འཚོ་སྡོད་བྱེད་པའི་གྲོང་ཚོ་ཅིག་ལ་ཆ་མཚོན་ན། ས་རྒྱ་ཤིན་ཏུ་ཆེ་བའི་རྨོ་ཞིང་ཡོད་པ་ནི་ཧ་ཅང་དགའ་འོས་པའི་དོན་དག་ཅིག་ཡིན་མོད། འོན་ཀྱང་གཅིག་ནས་ས་ཞིང་རྒྱ་ཆེ་དྲགས་པ་དང་། གཉིས་ནས་ས་ཞིང་འདི་དག་མི་ཕྱུགས་གཉིས་ལ་བརྟེན་ནས་འདེབས་དགོས་པས། ཆུ་ཁ་བྱང་གྲོང་ཚོའི་ཡུལ་མི་རྣམས་ཀྱི་ངོས་ནས་བརྗོད་ན་འདི་ནི་སེམས་ཁྲལ་དང་དཀའ་ཚེགས་ཤིག་ཏུ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྲོལ་རྒྱུན་གྱི་མི་ཕྱུགས་ལ་བརྟེན་ནས་ཞིང་ལས་བྱེད་པའི་འདུ་ཤེས་དང་རྣམ་པར་འགྱུར་བ་གཏོང་ཆེད། གང་མགྱོགས་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བར་བྱེད་པ་དང་། འབྲུ་རིགས་ཐོན་འབབ་འཕར་སྣོན་ཡོང་བ་དེ“ཞིང་གསུམ”ལས་དོན་གྱི་དོན་ཆེན་ཞིག་ཏུ་བརྩིས་ཏེ། མ་དངུལ་གཏོང་བ་དང་། ཆེད་ལས་མི་སྣ་གསོ་སྐྱོང་སོགས་ལས་དོན་ཁག་ཏན་ཏིག་བསྒྲུབས་ཡོད་ལ། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཆེན་པོ་ཡང་ཐོབ་ཡོད།

    གྲོང་ཚོའི་ཀྲུའུ་རེན་ཆུང་ཆུང་ལགས་ཀྱིས་ང་ཚོར་ངོ་སྤྲོད་བྱས་དོན། ས་ཞིང་རྨོ་འདེབས་བྱ་ཆེད། ཆུ་ཁ་བྱང་གྲོང་ཚོས་2011ལོར་ལྷ་ས་གྲོང་ཁྱེར་ཞིང་ལས་དངུལ་ཁང་ནས་ཕེབས་པའི་གྲོང་སྡོད་ལས་དོན་རུ་ཁག་གིས་སྐུལ་སློང་དང་། མ་དངུལ་ཐད་རོགས་རམ་ཤུགས་ཆེན་སོགས་ལ་བརྟེན་ནས་ལོ་འདིར་འདྲུད་འཐེན་འཕྲུལ་འཁོར་གཅིག་ཉོས་པ་དེས། གྲོང་ཚོའི་ས་ཞིང་རྨོ་འདེབས་ལ་ཕན་ནུས་མི་དམན་པ་ཐོབ་ཡོད་ལ། གྲོང་ཚོ་འདི་ཉིད་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་འགོ་ཐོག་མ་དེ་ཡང་བརྩམས་ཡོད།

    ཕྱིས་སུ་གྲོང་ཚོ་དེས་འདྲུད་འཐེན་འཕྲུལ་འཁོར་དེའི་ཡོང་འབབ་ལ་བརྟེན་ནས། ཞིང་འཕྲུལ་གྱི་ཡོ་ཆས་འཐུས་སྒོ་ཇེ་ཚང་དུ་གཏོང་ཐུབ་ཡོད་ལ། འཕྲུལ་ཆས་དེ་བས་མང་བ་ཉོ་ཐུབ་པས། གྲོང་ཚོ་སྤྱི་དང་ཁྱིམ་ཚང་སྒེར་གྱི་དཔལ་འབྱོར་ཡོང་འབབ་དེ་བས་མང་དུ་ཕྱིན་ནས། 2017ལོར་དབུལ་པོའི་དུད་ཁྱིམ་གཅིག་ཀྱང་མ་ལུས་པར་གྲོང་ཚོ་འདི་ཉིད་ཀྱང་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ་ནི་མིག་སྔ་དང་སླད་ཕྱིན་གྱི་གཙོ་གནད་ལས་དོན་ཞིག་ཡིན་པས། ཆུ་ཁ་བྱང་གྲོང་ཚོས་གོང་རིམ་གྱི་སྲིད་ཇུས་བཟང་པོར་གཅེས་འཛིན་ལྡབ་བརྒྱ་དང་། ཤང་དང་གྲོང་ཚོའི་འགོ་ཁྲིད་ཀྱི་གཅིག་གྱུར་གྱི་མཛུབ་སྟོན། གྲོང་ཚོའི་ཏང་ཡོན་ཡོངས་ཀྱི་ཡང་དག་པའི་སྣེ་ཁྲིད། དེ་བཞིན་གྲོང་ཚོའི་དེ་སྔའི་འཕྲུལ་ཆས་ཀྱི་རྨང་གཞི་བཅས་ཀྱི་མཐུན་རྐྱེན་འོག 2018ལོར“ལྷུན་གྲུབ་ལོ་མ་ཚང་ཞིང་འཕྲུལ་མཉམ་ལས་ཁང”ཞེས་པའི་ཞིང་འཕྲུལ་གྱི་རྨོ་འདེབས་གཙོ་བོར་བྱེད་པའི་མཉམ་ལས་ཁང་ཞིག་བཙུགས་པ་རེད། མཉམ་ལས་ཁང་དེས་རྒྱུན་དུ་རང་གྲོང་ཚོའི་གྲོ་ནས་སྲན་གསུམ་འདེབས་པ་ཕུད། རྩྭ་རིགས་ཁག་འདེབས་འཛུགས་བྱེད་ཀྱི་ཡོད་ལ། མུའུ་རེར་བཏབ་གླ་སྒོར་50བྱས་ཏེ་གྲོང་ཚོ་གཞན་གྱི་འདེབས་འཛུགས་ལས་ཀ་ཡང་བྱེད་ཀྱི་ཡོད།

    མཉམ་ལས་ཁང་བཙུགས་ཚུན་ལོ་ཁ་ཤས་རིང་ཡོང་འབབ་མི་དམན་པ་ཞིག་བྱུང་ནའང་། ཡོང་འབབ་དེ་དག་གིས་འཕྲུལ་འཁོར་གྱི་སྣུམ་རིན་དང་ལས་མིའི་གླ་ཆ་སོགས་སྤྲོད་དགོས་པས། འཕྲུལ་ཆས་ཉོ་བ་དང་། མཉམ་ལས་ཁང་རྒྱ་སྐྱེད་གཏོང་བའི་མ་དངུལ་ད་དུང་འདང་གི་མེད།

    2022ལོར། ལྷུན་གྲུབ་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་སྲིད་ཇུས་དང་ལྷུན་གྲུབ་རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་འོག ཁྱོན་མ་དངུལ་སྒོར་ཁྲི་520ཙམ་བཏང་ནས། མཉམ་ལས་ཁང་ལ་ཞིང་ལས་ལ་མཁོ་བའི་ལྕགས་གཤོལ་དང་སོན་འདེབས་འཕྲུལ་ཆས་མང་དག་ཅིག་ཉོས་པ་ལས། མཉམ་ལས་ཁང་རྒྱ་ཇེ་ཆེ་དང་། འཐུས་སྒོ་ཇེ་ཚང་དུ་སོང་ནས། དངུལ་སྨར་གྱི་ཡོང་འབབ་ཀྱང་སྔར་དང་བསྡུར་ན་ཇེ་མང་དུ་ཕྱིན་ཡོད། ད་ཆ་མཉམ་ལས་ཁང་དེར་འདྲུད་འཐེན་འཕྲུལ་འཁོར་ཆེ་གྲས་26དང་། ལྕགས་གཤོལ། སོན་འདེབས་འཕྲུལ་འཁོར་སོགས་ཁྱོན་བསྡོམས་180ཙམ་ཡོད་པ་དང་། འཁོར་རིགས་ཁག་གི་ཁ་ལོ་བ་ཁྱོན་མི་གྲངས་29ཡོད། གྲོང་ཚོ་འདིའི་ས་ཞིང་རྨོ་འདེབས་དང་། ཞིང་སྨན་གཏོར་བ། ལོ་ཏོག་རྔ་བསྡུ་སོགས་ཕྱོགས་ཡོངས་ནས་འཕྲུལ་ཆས་ཅན་དུ་གྱུར་ཏེ་ལྷུན་གྲུབ་རྫོང་ཡོངས་ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་བའི་གྲོང་ཚོ་ཐོག་མ་དེར་གྱུར་པ་རེད།

    “2022ལོར་ཆ་བཞག་ན། མཉམ་ལས་ཁང་དེས་ས་ཞིང་རྨོས་གླ་དང་། རྩྭ་རིགས་ཁག་བཙོངས་པའི་ཡོང་འབབ་སོགས་ལོ་དེར་ཁྱོན་སྒོར་ཁྲི་130ཙམ་ཟིན་པ་དང་། དེའི་ནང་ནས་ལས་མིའི་གླ་ཆ་དང་། འཕྲུལ་འཁོར་གྱི་སྣུམ་རིན། འཁོར་སྐྱོད་ཀྱི་མ་རྩ་སོགས་ཕུད། ལོ་དེར་སྒོར་ཁྲི་72ཙམ་བེད་སྤྱད་ནས་དུད་ཁྱིམ་རེར་སྒོར་4800ཟིན་པའི་གློག་སྒུལ་འཁོར་གསུམ་སྦག་སྦག་རེ་སྤྲད་པ་དང་། གནས་སྤོས་དུད་ཁྱིམ་53ལ་ཟངས་ཆས་ལྟོ་སྣོད་སྤྲད་པ་ཡིན”ཞེས་གྲོང་ཚོའི་ཀྲུའུ་རེན་ཆུང་ཆུང་གིས་བརྗོད།

    མཉམ་ལས་ཁང་དེས་ལོ་གཅིག་གི་ཡོང་འབབ་རྣམས་མང་ཚོགས་ལ་བགོ་འགྲེམས་རྒྱག་གི་ཡོད་པ་མ་ཟད། འཚོ་བའི་ཆ་རྐྱེན་ཅུང་ཞན་པ་རྣམས་མཉམ་ལས་ཁང་གི་ལས་མིར་བཅུག་ནས་ཁོ་ཚོའི་ཡོང་འབབ་འཕར་སྣོན་ལ་མཐུན་རྐྱེན་ཡང་སྐྲུན་བཞིན་ཡོད་པས། མི་དམངས་མང་ཚོགས་ཀྱིས་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཟབ་ཏུ་ཕྱིན་པ་དང་ཕྱོགས་མཚུངས། ད་ལོའི་ལོ་སྟོད་བར་མཉམ་ལས་ཁང་གི་གཏན་འཇགས་མ་དངུལ་ཁྱོན་སྒོར་ཁྲི་1800ཙམ་ཟིན་གྱི་ཡོད།

    “སང་ཉིན་ནས་ང་ཚོ་ཆུ་ཁ་བྱང་གྲོང་ཚོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ཀ་འགོ་ཚུགས་ཀྱི་ཡོད་པས། དེ་རིང་མཉམ་ལས་ཁང་གི་ཁ་ལོ་བ་རྣམས་འཛོམས་ནས་འཕྲུལ་འཁོར་ཉམས་བཟོ་དང་སྣུམ་བླུག་པ་སོགས་ཀྱི་གྲ་སྒྲིག་ལས་ཀ་བྱེད་ཀྱིན་ཡོད”ཅེས་མཉམ་ལས་ཁང་གི་ཁ་ལོ་བ་བསྟན་འཛིན་གྱིས་གད་མོ་འཚེར་འཚེར་ངང་གསར་འགོད་པར་བཤད་བྱུང་།

    བསྟན་འཛིན་ནི“ལྷུན་གྲུབ་ལོ་མ་ཚང་ཞིང་འཕྲུལ་མཉམ་ལས་ཁང”གི་ཁ་ལོ་བ་ཞིག་ཡིན་པ་དང་། ལོ་གཅིག་ལ་གླ་ཆ་ཁྱོན་སྒོར་ཁྲི་གཉིས་ཙམ་ཡོད་པ་རེད། མཉམ་ལས་ཁང་འདིར་ཁ་ལོ་བ་ཁྱོན་29ཡོད་པ་དང་། ཁོ་ཚོ་ཚང་མ་གྲོང་ཚོ་ནས་ཁ་བྲལ་མི་དགོས་པར་ཕ་ཡུལ་ནས་ཡོང་འབབ་གསོག་ཐུབ་ཡོད།

    “སླད་ཕྱིན་གྲོང་ཚོའི་མཉམ་ལས་ཁང་འདི་ཉིད་གཉེར་སྐྱོང་ཡག་པོ་བྱས་ནས་གྲོང་ཚོའི་ཡོང་འབབ་དེ་བས་མང་བ་ཡོང་བར་མཐུན་རྐྱེན་བསྐྲུན་རྒྱུ་དང་། གྲོང་ཚོའི་མང་ཚོགས་རྣམས་འཚོ་བ་བདེ་ཞིང་སྐྱིད་པ་སྐྱེལ་ཐུབ་པའི་རེ་བ་ཆེན་པོ་རྒྱག་གི་ཡོད”ཅེས་གྲོང་ཚོའི་ཀྲུའུ་རེན་ཆུང་ཆུང་གིས་ཡིད་ཆེས་ཆེན་པོས་གསར་འགོད་པར་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།