དབུ་ཤོག>ཆེད་སྒྲིག>དུས་རབས་གསར་པ། འཕེལ་རྒྱས་གསར་པ། འགྱུར་ལྡོག་གསར་པ། འཚོ་བ་གསར་པ།>ནང་དོན་གསར་འགྱུར།
  • ནོར་ཤའི་ཧན་བག་བྲོ་བ་ཞིམ། ལས་གཏོད་ལམ་བུར་རེ་བས་ཁེངས།

    རྟ་མགྲིན་གྱི་ལས་གཏོད་ལམ་བུའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལྷག་པ་ཚེ་རིང་། བསྟན་འཛིན། བསྟན་འཛིན་ཆོས་གྲགས།   |     སྤེལ་དུས།  2023-08-21

    འདི་ནི་རྟ་མགྲིན་གྱིས་བཟོས་ཟིན་པའི་ཧན་བག་ཡིན་པ།

    འདི་ནི་རྟ་མགྲིན་གྱིས་ཧན་བག་བཟོ་བཞིན་པ།

    ཉེ་ཆར། མིང་ལ་རྟ་མགྲིན་ཟེར་བའི་ཨ་མདོའི་ཕོ་གསར་ཞིག་གིས་རྟག་ཏུ་ཁྱུག་དབྱིངས་ཀྱི་ཐད་གཏོང་བརྒྱུད་རང་ཉིད་ཀྱིས་བཟོས་པའི་ནོར་ཤའི་ཧན་བག་འཚོང་བཞིན་ཡོད་ལ། མི་མི་ཉུང་བ་ཞིག་གིས་ཧན་བག་མངགས་ཉོ་བྱེད་པ་དང་སྦྲགས། དེ་ཞིམ་པོ་ཡོད་ལུགས་དང་གཙང་མ་ཡོད་ལུགས་བརྗོད་བཞིན་འདུག་པས། གསར་འགོད་པས་འབྲེལ་གཏུག་ཨང་གྲངས་བླངས་ཏེ་ཆེད་མངགས་ཁོང་གི་ལས་གཏོད་ལམ་བུའི་སྐོར་ལ་བཅར་འདྲིར་བསྐྱོད་པ་ཡིན།

    གསར་འགོད་པ་ཁོང་གི་ཧན་བག་འཚོང་སའི་ཁྲོམ་སྟེགས་མདུན་དུ་སླེབས་སྐབས། རྟ་མགྲིན་ཁྱུག་དབྱིངས་ཐད་གཏོང་བྱེད་བཞིན་འདུག་ལ་ཧན་བག་ཡང་མི་ཉུང་བ་ཞིག་བྲིན་ཟིན་འདུག ང་ཚོ་ཕན་ཚུན་དབར་ངོ་ཐུག་གི་ལབ་གླེང་འགའ་བྱས་རྗེས་ཁོང་གི་ལས་གཏོད་བརྒྱུད་རིམ་ལ་བཅར་འདྲི་བྱེད་འགོ་ཚུགས།

    2019ལོར་ཀན་ལྷོ་མི་རིགས་དགེ་འོས་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་རྟ་མགྲིན་གྱི་ཕ་ཡུལ་ནི་ཨ་མདོ་བླ་བྲང་ནས་རེད་འདུག

    སློབ་ཆེན་འགྲིམ་པའི་དུས་སུ་ཁོང་ཚོང་ཙག་ཙིག་རྒྱག་པར་ཧ་ཅང་དགའ་པོ་ཡོད་ཅིང་། སྐད་འཕྲིན་ནས་རྒྱུན་མཁོའི་ཅ་དངོས་བཙོངས་ཏེ་རང་ཉིད་ཀྱི་འཚོ་བའི་འགྲོ་གྲོན་གསོག་ཐབས་བྱེད་པ་དེ་སློབ་ཆེན་འགྲིམ་རིང་ཁོང་གི་རྒྱུན་གཏན་གྱི་གོམས་གཤིས་སུ་གྱུར་ཡོད། སློབ་གྲྭའི་ནང་ཚོང་རྒྱག་པའི་བྲེལ་འཚུབ་དང་དེ་ལས་བྱུང་བའི་སྤྲོ་སྣང་ལས་རྟ་མགྲིན་ལ་སྔར་བྱུང་མྱོང་མེད་པའི་ཚོར་སྣང་ཞིག་སྦྱིན་པ་དང་། སླད་སློབ་མཐར་ཕྱིན་རྗེས་ཚོང་ལས་གཉེར་བར་རེ་བའི་ས་བོན་ཞིག་ཀྱང་བཏབ། དེས་ན། སློབ་ཆེན་སྐབས་ནས་ཁོང་གིས་ལས་གཏོད་ཀྱི་ཁ་ཕྱོགས་དང་ཁོར་ཡུག་ལ་དབྱེ་ཞིབ་ཟམ་མི་ཆད་པར་བྱེད་ཀྱི་ཡོད་པ་དང་། ཚོང་ལས་དང་འབྲེལ་བའི་དཔེ་དེབ་མང་པོ་བཀླགས་ཏེ་ཚོང་གཉེར་ཤེས་བྱ་ཧུར་ཐག་སྦྱངས།

    “ངས་སློབ་ཆེན་འགྲིམ་རིང་རྒྱུན་མཁོའི་ཅ་དངོས་མང་པོ་འཚོང་མྱོང་། དེ་དུས་ཚོང་རྒྱག་པར་སློབ་གསེང་གི་དུས་ཚོད་ཁོ་ན་ལས་མེད་པས་བྲེལ་འཚུབ་ཤིན་ཏུ་ཆེ། ད་དུང་སྐབས་རེ་ཚོང་འཐེན་དུས་ཅ་དངོས་རྫུན་མའང་རག་པས། སློབ་མ་གཅིག་གི་ངོས་ནས་བརྗོད་ན་ང་ལ་ཕོག་ཐུག་ཆེན་པོ་བྱུང་། འོན་ཀྱང་། ཚོང་རྒྱག་སྐབས་ཀྱི་སྤྲོ་སྣང་དེ་མངོན་མེད་ཀྱི་སྟོབས་ཤུགས་ཤིག་དང་འདྲ་བར་ང་རང་དཀའ་ངལ་ལས་རྣམ་པར་རྒྱལ་བའི་སྒུལ་ཤུགས་སྦྱིན་བཞིན་མཆིས། ང་རང་ཚོར་སྣང་དེར་ཧ་ཅང་དགའ་པོ་ཡོད། བྱས་ཙང་། ངས་ཚོང་རྒྱག་རྒྱུ་དེ་རང་ཉིད་སློབ་མཐར་ཕྱིན་རྗེས་ཀྱི་ཕུགས་བསམ་ཉག་ཅིག་ལ་བརྩི་གི་ཡོད”ཅེས་རྟ་མགྲིན་གྱིས་བརྗོད། སློབ་ཆེན་ཐོན་རྗེས། རྟ་མགྲིན་གྱིས་གཞུང་ཞབས་པའི་ཡིག་ཚད་གཏོང་བའི་གོ་སྐབས་བློས་བཏང་སྟེ། ཚོང་ལས་གཉེར་བའི་ལས་གཏོད་ལམ་བུ་གདམ་ག་བྱས། ལམ་བུ་དེ་དེ་བས་ཡངས་བ་དང་དེ་བས་ལམ་འགྲོ་ཡོང་ཆེད། རྟ་མགྲིན་གྱིས་ཧྲང་ཧའེ་རུ་ཚོང་གཉེར་སློབ་སྦྱོང་དང་སྤྱི་ཚོགས་ཀྱི་ཉམས་མྱོང་གསོག་པའི་ལམ་ལ་ཆས།

    ཧྲང་ཧའེ་རུ་སླེབས་རྗེས། རྟ་མགྲིན་ཕྱི་ལུགས་ཀྱི་ཟ་ཁང་ཆེ་གྲས་ཤིག་ནང་ཞབས་ཞུ་བ་བྱས་ཏེ་བསྡད་པ་དང་། ཟ་ཁང་གི་ལས་སྒོ་ཁག་ལ་སློབ་སྦྱོང་ཡག་པོ་བྱེད་པ་མ་ཟད། ལྷག་པར་དུ་བཏུང་བྱ་སྦྱོར་རྟ་དང་ཧན་བག་བཟོ་སྟངས་སོགས་ལ་དེ་བས་ནན་ཏན་བྱེད་ཀྱི་ཡོད། དེའི་རིང་། རྟ་མགྲིན་དེ་གའི་ཞིམ་ཟས་དང་བཏུང་བྱ་བཟོ་བར་དབྱིངས་ཚུད་ཅིང་། ཡུན་རིང་མ་སོང་བར་དེའི་ལག་རྩལ་མང་ཆེ་བའང་ཁོང་དུ་ཆུད། དེ་བས། ལས་ཐག་བཅད་རྗེས་ཚོང་ལས་དང་འབྲེལ་བའི་དཔེ་དེབ་ལྟ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅིང་། དེ་ཡང་རྟ་མགྲིན་གྱི་དགའ་ཕྱོགས་གཞན་ཞིག་ཏུ་གྱུར་ཡོད། ཧྲང་ཧའེ་རུ་ལོ་གཅིག་ལྷག་ཙམ་སློབ་སྦྱོང་བྱས་རྗེས། རྟ་མགྲིན་ཕ་ཡུལ་དུ་ལོག་པ་དང་ཕ་མར་རང་ཉིད་ལྷ་སར་ཚོང་རྒྱག་པར་འགྲོ་འདོད་པའི་བསམ་ཚུལ་གླེང་། ནང་མི་དང་གྲོས་བསྡུར་བྱས་མཐར་རྟ་མགྲིན་2021ལོར་ལྷ་སར་འོངས་ཏེ་ཚོང་གཉེར་ལམ་བུར་སྐྱོད་འགོ་ཚུགས།

    འོན་ཀྱང་། ལས་གཏོད་ནི་དེ་འདྲའི་སྟབས་བདེ་དང་ལས་སླ་པོ་ཞིག་ག་ནས་ཡིན། ལྷ་སར་སླེབས་མ་ཐག་པའི་རྟ་མགྲིན་གྱི་ངོས་ནས་བརྗོད་ན་དེ་བས་ཀྱང་དེ་ལྟར་ཡིན་ཏེ། གཅིག་ནས་རང་ཉིད་ཀྱི་འཚོ་སྡོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ། གཉིས་ནས་གྲོང་ཁྱེར་དེར་སྤྱིའི་རྒྱུས་ལོན་ཞིག་ཀྱང་བྱེད་དགོས། དེར་བརྟེན། རྟ་མགྲིན་གྱིས་རང་ཉིད་ཀྱི་ཧན་བག་འཚོང་ས་འཛུགས་པར་བྲེལ་འཚུབ་མ་བྱས་པར། ལྷ་སར་སླེབས་པ་ནས་2022ལོའི་རིམས་ནད་མ་ཐོན་གོང་དུ་ཁོང་གིས་མངག་སྐྱེལ་བ་ཞིག་བྱས་ནས་རང་ཉིད་ཀྱི་རྒྱུན་གཏན་འཚོ་བའི་འགྲོ་གྲོན་གསོག་པ་དང་ཆབས་ཅིག ལྷ་སའི་སྤྱིའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་མ་འོངས་ཀྱི་ལས་གཏོད་ལམ་བུར་རྨང་གཞི་བརྟན་པོ་ཞིག་བཏིངས།

    “ང་ཚོའི་ཕ་ཡུལ་དུ་མི་མང་པོ་དེ་ཙམ་མེད་པའི་ཁར་གནམ་གཤིས་གྲང་མོ་ཡོད་པས། ཧན་བག་གི་ཚོང་ཡག་པོ་དེ་ཙམ་ཡོང་མི་སྲིད། བྱས་ཙང་། ལྷ་སར་ཡོང་ནས་ལས་གཏོད་བྱེད་པའི་བསམ་བློ་འཁོར་བྱུང་། དེས་མ་ཚད། ལྷ་ས་ནི་ང་རང་གི་སེམས་གཏིང་གི་དག་ཞིང་ཡིན་པ་དང་ནང་མི་ཚང་མ་ལྷ་སར་དགའ་པོ་ཡོད་པས། གལ་སྲིད་ང་རང་ལ་འདི་ནས་གྲུབ་འབྲས་ཡག་པོ་ཐོབ་ནས་གཞིས་ཆགས་པ་ཡིན་ན་ངའི་ཕུགས་བསམ་མངོན་འགྱུར་ཐུབ་སྲིད”ཅེས་རྟ་མགྲིན་གྱིས་རེ་བས་ཁེངས་བཞིན་བརྗོད། རིམས་ནད་ཀྱི་བཀག་རྒྱ་གློད་རྗེས། རྟ་མགྲིན་གྱིས་ཧན་བག་བཟོ་བའི་ཡོ་བྱད་ཉོས་ནས། པེ་ཅིང་ལམ་དང་བར་སྐོར་ཚོང་གྲོང་སོགས་མི་ཅུང་མང་སར་ཁྲོམ་སྟེགས་བཙུགས་ཏེ་ཚོང་བརྒྱབ། འོན་ཀྱང་། སྐབས་དེ་དུས་མི་རྣམས་ཀྱིས་ཁོང་གི་ཧན་བག་ལ་རྒྱུས་མངའ་དེ་ཙམ་མེད་པས་ཚོང་ཡག་པོ་དེ་འདྲ་མེད་པ་དང་། མཚམས་རེ་ཉིན་གཅིག་ལ་ཧན་བག་རེ་གཉིས་ལས་བྲིན་གྱི་མེད། ཉིན་རེར་གྲ་སྒྲིག་བྱས་པའི་ཧན་བག་བཟོ་བྱེད་ཀྱི་སྔོ་ཚལ་སོས་པ་སོགས་ཉིན་དེ་རང་ལ་མ་བྲིན་ན་སྐྱུར་འགྲོ་གི་ཡོད་པས། ཚོང་རྒྱག་འགོ་ཚུགས་མ་ཐག་པའི་རྟ་མགྲིན་གྱི་ངོས་ན་བརྗོད་ཚེ་དཀའ་གནད་ཆེན་པོ་ཞིག་རེད། ཡིན་ནའང་། རྟ་མགྲིན་གྱིས་སེམས་ཤུགས་མི་ཆག་པར་ཁྲོམ་སྟེགས་དེ་ཕར་འགྲོ་ཚུར་འོང་བྱེད་མཁན་ཅུང་ཉུང་བའི་ལྷ་ཞབས་གླིང་ཕྲན་དུ་སྤོས་ཏེ་ཁྱུག་དབྱིངས་ནས་ཐད་གཏོང་བྱས་ནས། མི་དེ་བས་མང་བས་རང་ཉིད་དང་ནོར་ཤའི་ཧན་བག་ལ་རྒྱུས་མངའ་ལོན་ཐུབ་རེ་བྱས།

    ཁྱུག་དབྱིངས་ནས་ཐད་གཏོང་བྱས་པ་ནས་བཟུང་། རྟ་མགྲིན་གྱི་ཧན་བག་ཉོ་མཁན་ཡང་སྔར་བས་མང་དུ་སོང་ཡོད། ཁོང་གིས་མཚན་མོ་རང་ཉིད་ཀྱི་ཧན་བག་ངོ་སྤྲོད་དང་བཅས་ཐད་གཏོང་ལྟ་མཁན་དང་སྤེལ་རེས་སོགས་བྱས་ནས་ཉིན་གཉིས་པའི་ཐད་གཏོང་གི་ཚོང་ལ་གྲ་སྒྲིག་ཨང་བསར་བྱེད་ཀྱི་ཡོད། དེ་ལྟར། ཉིན་རེའི་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་བཟུང་། ཉིན་དེའི་ཚོང་གི་རྒྱུ་ཆ་ཉོ་བ་དང་། སྔོ་ཚལ་བཀྲུ་བ། བྲོ་བ་འདོན་བྱེད་སྦྱོར་རྟ་སོགས་བྱས་ནས། ཉིན་དགུང་ཆུ་ཚོད་དང་པོ་ཙམ་ལ་ཐད་གཏོང་བྱེད་འགོ་བཙུགས་པ་དེ་རྟ་མགྲིན་གྱི་རྒྱུན་གཏན་གྱི་ལས་ཀ་ཞིག་ཏུ་གྱུར། རྟ་མགྲིན་གྱིས། མ་གཞི་ང་རང་ལ་ཚོགས་པ་མེད་ཅིང་། རང་ཉིད་གཅིག་པུ་ཡིན་སྟབས་ཚོང་ག་དུས་རྒྱག་ནའང་ཆོག འོན་ཀྱང་། ངས་ཐད་གཏོང་མ་བྱས་ན་ཚོང་ཡག་ཏུ་འགྲོ་རྒྱུ་ལྟ་ཞོག ད་ལྟའི་སྐུ་མགྲོན་ཚོས་ཀྱང་ངའི་ཁྲོམ་སྟེགས་གང་དུ་ཡོད་མེད་བརྗེད་སྲིད། དེར་བརྟེན། ངས་ཟླ་བ་རེར་རང་ཉིད་ལ་ངལ་གསོ་ཉིན་གཅིག་གཉིས་ལས་འཇོག་གི་མེད་ཅེས་བརྗོད་ཅིང་། ཁོང་གིས་གསར་འགོད་པར་དེའི་སྐོར་གླེང་སྐབས། རྟ་མགྲིན་གྱི་ངོ་གདོང་ལས་མངོན་པ་ནི་དཀའ་སྡུག་དང་ངལ་དུབ་མིན་པར། དེ་ལས་ལྡོག་སྟེ་དགའ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་འགྱུར་མེད་ཀྱི་སྤྲོ་སེམས་ཤིག་དང་མ་འོངས་ཀྱི་འཚོ་བར་བཅངས་པའི་རེ་འདོད་ཁོ་ན་ལགས།

    སློབ་ཆེན་འགྲིམ་སྐབས་ཚོང་འཐེན་དུས་རྟ་མགྲིན་ལ་ཅ་དངོས་རྫུན་མ་རག་སྟེ་ཚོང་ལས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས། དེ་ནི་ཁོང་གི་སེམས་དབུས་ཀྱི་རྨ་ཁ་དང་བློ་ཕམ་ཞིག་ཏུ་གྱུར། དེར་བརྟེན་དུས་དེ་ནས་བཟུང་ཁོང་གིས་ཅ་དངོས་ཀྱི་སྤུས་ཚད་ལ་དང་དོད་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ངེས་པར་དུ་ཚད་ལོན་གྱི་རྒྱུ་ཆ་བེད་སྤྱོད་བྱེད་དགོས་པ་དེ་ཁོང་གིས་ཚོང་རྒྱག་པའི་རྩ་དོན་ལ་འཛིན་གྱི་ཡོད། ད་ལྟ་ཁོང་གིས་ཧན་བག་བཟོ་བྱེད་ཀྱི་ནོར་ཤའི་སྤུས་ཚད་ལ་བརྟག་དཔྱད་ཡག་པོ་བྱེད་པ་དང་། སྔོ་ཚལ་ཞག་པོ་ལུས་ཚེ་སོས་པ་བསྡད་ཀྱང་བེད་སྤྱོད་བྱེད་ཀྱི་མེད་པས། འཛད་སྤྱོད་པས་དེར་དགའ་པོ་བྱེད་ལ་གདེང་འཇོག་ཀྱང་ཡག་པོ་ཐོབ། དེ་བས་ཁྱུག་དབྱིངས་ཀྱི་ཐད་གཏོང་ནང་མི་རྣམས་ཀྱིས་དེ་གའི་གཙང་སྦྲ་དང་བྲོ་བར་མོས་རྟགས་མང་པོ་སྦྱིན་གྱི་ཡོད་པ་རེད།

    དུས་ད་ཆ། རེས་གཟའ་ཟླ་བ་ནས་པ་སངས་བར་རྟ་མགྲིན་གྱིས་ཉིན་རེར་ཆ་སྙོམས་བྱས་ན་ཧན་བག་30ཙམ་དང་། གཟའ་མཇུག་ལ་ཉིན་རེར་40ལྷག་ཙམ་འཚོང་ཐུབ་ཀྱི་ཡོད། དེའི་ནང་ནས་མང་ཆེ་བ་ནི་ཧན་བག་གི་བྲོ་བ་ཡག་པས་རྟག་ཏུ་ཉོ་བར་ཡོང་མཁན་གྱི་ཚོང་ཤག་རྙིང་པ་དང་ཁྱུག་དབྱིངས་ཀྱི་ཐད་གཏོང་ནས་མངགས་ཉོ་བྱེད་མཁན་ཡིན་པས། མཚམས་རེ་ཧན་བག་བྲིན་ཁ་རྒྱུག་པོ་བྱུང་སྟེ་ལས་མཚམས་སྔ་པོ་འཇོག་གི་ཡོད། རྟ་མགྲིན་གྱིས་ཐད་གཏོང་ལྟ་མཁན་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག དེ་ཉིན་ཧན་བག་ཉོ་མི་ཐུབ་མཁན་རྣམས་ལ་དགོངས་དག་ཞུས་ཏེ། སང་ཉིན་གྱི་ཧན་བག་མངགས་ཉོ་བྱེད་ལུགས་དང་ལམ་ཞོར་འཁེལ་ཚེ་ཁོ་པ་རང་ཉིད་ཀྱིས་སྐྱེལ་ཆོག་ལུགས་སོགས་བརྗོད་དེ་ངང་རྒྱུད་རིང་པོས་ཞབས་འདེགས་ཞུ་གི་ཡོད།

    “ཁྱུག་དབྱིངས་ནས་ཐད་གཏོང་བྱས་རྗེས། ངའི་ཧན་བག་གི་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག ངའི་ཁྲོམ་སྟེགས་གནས་ངེས་མེད་ཡིན་པས་དེ་སྔོན་ཉོ་མཁན་མང་པོས་སླར་ཉོ་དགོས་བསམས་ཀྱང་རྙེད་ཁག་པོ་ཡོད་སྟབས། ཐད་གཏོང་ནས་དེ་དག་ལ་འགྲེལ་བཤད་བརྒྱབ་ན་ལས་སླ་པོ་འདུག ད་ལྟ་ཚོང་གི་གཞི་རྒྱ་ཆུང་ཆུང་ཡིན་ནའང་། སྔོན་མ་དང་བསྡུར་ན་ཧ་ཅང་ཡག་ཏུ་ཕྱིན་ཡོད། དེས་ན། ང་རང་གིས་བྱས་ན། དུས་རབས་དང་བསྟུན་ནས་ཚོང་ལས་རྣམ་པར་འགྱུར་ལྡོག་གཏོང་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དང་། ལྷག་པར་དུ་གཞོན་ནུ་ཞིག་གི་ངོས་ནས་བརྗོད་ན་ལས་རིགས་གང་ཞིག་ཡིན་རུང་སྨྱན་སྦྱོར་གསར་པའི་ཤེས་བྱར་སློབ་སྦྱོང་བྱེད་རྒྱུ་དེ་དངོས་གནས་ཁ་ཚ་དགོས་གཏུགས་རེད་འདུག་ལ། དེའི་སྐོར་གྱི་དཔེ་དེབ་ལྟ་རྒྱུ་ཡང་རྒྱུན་འཁྱོངས་བྱེད་དགོས་ཀྱི་འདུག”ཅེས་རྟ་མགྲིན་གྱིས་བརྗོད།

    བྱ་བ་གང་འདྲ་ཞིག་བྱས་ཀྱང་། བསམ་པ་དཀར་པོ་དུང་འདྲ་འདྲ་དང་ཡིད་སེམས་དྲོང་པོ་མདའ་འདྲ་འདྲ་དགོས་གལ་ཤིན་ཏུ་ཆེ། དེ་འདྲ་མ་བྱས་ཚེ་གནས་སྐབས་ལམ་འགྲོ་རྒྱུག་ཀྱང་མཐའ་མར་མཇུག་འབྲས་ཡག་པོ་ཞིག་ཐོབ་མི་སྲིད། རྟ་མགྲིན་གྱིས་གནས་ལུགས་འདི་ཚོང་རྒྱག་པའི་རྩ་དོན་གལ་ཆེན་ཞིག་ལ་བརྩི་གི་ཡོད་དེ། ཧན་བག་བཟོ་བྱེད་ཀྱི་ནོར་ཤ་དང་། སྔོ་ཚལ། སྨན་སྣ་སོགས་ཀྱི་སྤུས་ཚད་ལ་དང་དོད་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། གཙང་སྦྲར་དེ་བས་དོ་སྣང་བྱེད་ཀྱི་ཡོད། “མི་གཤིས་དང་ཀུན་སྤྱོད་ཡག་པོ་ཞིག་དགོས་པ་ནི་བྱ་བ་སྒྲུབ་པའི་རྨང་གཞི་རེད་བསམས་ཀྱི་འདུག དེ་འདྲ་བྱུང་ཚེ་ལས་རིགས་གང་ཞིག་ཏུའང་ལམ་འགྲོ་རྒྱུག་ངེས་རེད། ངའི་ཧན་བག་ལ་རྒྱུས་མངའ་ཡོད་མཁན་སྔར་བས་མང་དུ་འགྲོ་བཞིན་འདུག ཚོང་ཤག་འགའ་ཤས་ལྷ་ཞབས་གླིང་ཕྲན་རྒྱུད་ལ་སྡོད་ཀྱི་མེད་ཀྱང་མཚམས་རེ་རླངས་འཁོར་དང་གློག་སྒུལ་སྦག་སྦག་བཏང་ནས་ཆེད་མངགས་ཉོ་བར་ཡོང་གི་འདུག བྱས་ཙང་། ངས་ཧན་བག་གི་སྤུས་ཚད་དང་གཙང་སྦྲ་སོགས་ལ་དེ་བས་དང་དོད་བྱེད་ཀྱི་ཡོད། ཕྱིས་སུ་ཧན་བག་དང་བཏུང་བྱ་སྣ་ཚོགས་ཡོད་པའི་ཚོང་ཁང་ཞིག་འཛུགས་ཐུབ་པ་བྱེད་ཀྱི་ཡིན”ཞེས་རྟ་མགྲིན་གྱིས་ཡིད་ཆེས་ཆེན་པོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།