དཀའ་བའི་ལ་ཞིག་མ་བརྒྱབ་ན། བདེ་མོའི་ཐང་ལ་སླེབས་མི་སྲིད།
བུ་རྫི་བ་ཞིག་ནས་སྦྱིན་བདག་ཏུ་གྱུར་པའི་ཆོས་འཛོམས་ཀྱི་སྐོར་བཀོད་པ།
ཕྲུ་གུའི་ཡིག་ཆས་ཚོང་ཁང་གི་སྦྱིན་བདག་ཆོས་འཛོམས།
སྣ་མང་ཕུན་སུམ་ཚོགས་པའི་ཕྲུ་གུའི་ཡིག་ཆས་ཚོང་ཁང་།
བདེ་སྐྱིད་ལྡན་པའི་འཚོ་བ་གང་ནས་བྱུང་བ་ཞིག་ཡིན་ནམ། དྲི་བ་འདིར་མི་སོ་སོའི་མྱོང་བ་དང་ཡོན་ཚད། ལྟ་སྣང་མཐོང་ཕྱོགས་སོགས་མི་འདྲ་བའི་དབང་གིས་ལན་ཡང་མི་འདྲ་བ་རེ་ཡོད་སྲིད།
ཉེ་ཆར། ལྷ་སར་ཕྲུ་གུའི་ཡིག་ཆས་འཚོང་བར་བྲེལ་བཞིན་པའི་ཆོས་འཛོམས་ཀྱི་ཚོང་གཉེར་གཏམ་རྒྱུད་ཉན་རྗེས། གསར་འགོད་པར་ཁོང་གི་ངལ་བ་ཁྱད་དུ་གསོད་ནུས་པའི་སྙིང་རུས་དང་གྲོང་ཁྱེར་ཆེན་པོ་འགྲིམ་ཕོད་པའི་བློ་སྟོབས་ལ་ཡི་རང་ཞུ་བའི་བློ་ཞིག་དབང་མེད་དུ་སྐྱེས་བྱུང་ལ། བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་།
སྐབས་དེར་ཆོས་འཛོམས་ཀྱི་ཨ་ནེས་ལྷ་ས་སློབ་ཆུང་ཞིག་གི་ཉེ་འཁོར་དུ་ཚོང་ཁང་ཆུང་ཆུང་ཞིག་བཟུང་སྟེ་ཡིག་ཆས་འཚོང་བཞིན་ཡོད་པས། རྣམ་ཀུན་ཨ་ནེར་ཡིག་ཆས་ཙག་ཙིག་འཚོང་རོགས་བྱེད་རིང་རིག་པ་རྣོ་བའི་ཆོས་འཛོམས་ཀྱིས་ཡིག་ཆས་མི་འདྲ་བའི་ཚོང་རྟགས་དང་སྤུས་ཚད་སོགས་ཤེས་པ་དང་སྦྲགས། ཚོང་རྒྱག་པའི་ཤེས་བྱ་མི་ཉུང་བ་ཞིག་ངང་གིས་རྟོགས། དེས་སླད་ཕྱིན་ཚོང་ཁང་འཛུགས་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
ཨ་ནེའི་ཁྱིམ་དུ་བུ་རྫི་བྱས་ནས་ལོ་9ཙམ་སོང་རྗེས། མུ་མཐུད་ལང་ཚོའི་དུས་བཟང་འདི་འདྲའི་ངང་དུ་སྐྱེལ་འདོད་མེད་པའི་ཁར། རང་སོ་སོས་ཚོང་ཁང་ཆུང་ཆུང་ཞིག་འཛུགས་ཐུབ་ན་སྙམ་པའི་འདུན་པ་དྲག་པོས་བསྐུལ་བའི་དབང་གིས། ཆོས་འཛོམས་ཀྱིས་སེམས་ཐག་ཆོད་པོས་ཨ་ནེའི་ཁྱིམ་ནས་དོན། སྐབས་དེར་ཆོས་འཛོམས་ལོ་21ལ་སླེབས་ཙམ་རེད།
སེམས་བསམ་པའི་བར་སྣང་དུ་རྟ་རྒྱུག་འདོད་ཀྱང་། རྒྱུ་དངོས་པོའི་སྦར་མཐིལ་ལ་སོ་མི་ཐེབས་པའི་དཔེ་ལྟར། ལོ་9ཙམ་བུ་རྫི་བྱས་པར་གླ་ཆ་སྒོར་བརྒྱ་ཙམ་ཡང་མ་རག་པའི་ཆོས་འཛོམས་ལ་མ་གཞི་ཚོང་ཁང་འཛུགས་པའི་འཆར་གཞིའམ་རེ་འདོད་ཆེན་པོ་ཡོད་ན་ཡང་མ་རྩས་དབུལ་བས་རེ་ཞིག་ཚོང་ཁང་ཆུང་ཆུང་ཞིག་འཛུགས་པའི་བློ་དེ་དོར་ནས་དངུལ་གསོག་པའི་ལམ་དུ་མི་སྐྱོད་ཀ་མེད་བྱུང་།
དེ་ནས་ལོ་གཅིག་ཙམ་རིང་ཆོས་འཛོམས་ཀྱིས་སྒོ་ངའི་བག་ལེབ་ཚོང་ཁང་ཞིག་ཏུ་ལས་མིར་ཕྱིན། ཚོང་ཁང་དེ་ནས་ཟ་མཁས་འཐུང་མཁས་ཀྱིས་སྒོར་ཁྲི་1ཙམ་བསགས་ཏེ་ཚོང་ཁང་འཛུགས་པའི་མ་རྩ་རགས་ཙམ་ལོན་རྗེས། ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཚོང་ཁང་དེ་ནས་དོན། དེའང་ནམ་རྒྱུན་ནས་ལས་ཀར་ཧུར་ཞིང་སྡུག་རུས་འཁྱོག་པས་ཚོང་ཁང་དེའི་སྦྱིན་བདག་གིས་མུ་མཐུད་སྡོད་རོགས་ཞེས་བཤད་ཀྱང་། ཆོས་འཛོམས་ཀྱིས་ཁས་བླངས་མེད། “ལྟོའི་བྲོ་བ་མྱངས་མྱོང་བ་ནང་བཞིན་ཆུང་དུས་ནས་ཚོང་བརྒྱབ་མྱོང་ཡོད་དུས། མི་གཞན་གྱི་ལས་ཀར་འགྲོ་འདོད་མི་འདུག”ཅེས་ཤོད་ཀྱི་འདུག
སྒོ་ངའི་བག་ལེབ་ཚོང་ཁང་དེ་ནས་དོན་རྗེས། ཆོས་འཛོམས་ཀྱིས་ཁྱིམ་ནས་གཡར་བའི་སྒོར་ཉིས་སྟོང་དང་རང་ཉིད་ཀྱིས་བསགས་བསགས་གྲུང་གྲུང་བྱས་པའི་སྒོར་ཁྲི་གཅིག་མ་རྩར་བཏང་ནས་ལྷ་སར་ཡིག་ཆས་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ཤིང་། དེ་སྔོན་ཡིག་ཆས་འཚོང་བའི་ཉམས་མྱོང་ཡོད་པའི་ཐོག ཁ་གསང་ཞིང་བསྟན་བཤིག་ཚ་ལ་དཀའ་བ་དང་དུ་ལེན་ནུས་པས། ཡིག་ཆས་ཚོང་ཁང་ལ་ཚོང་ཡག་པོ་བྱུང་ནས། ཚོང་ཁང་དུ་ཡིག་ཆས་ཉོ་བར་ཡོང་མཁན་མང་པོ་ཡོད། ལྷག་པར་དུ་སློབ་གྲྭ་ཚུགས་ལ་ཉེ་བ་དང་གྲོལ་རྗེས་ཚོང་ཁང་ཆུང་ཆུང་སློབ་གྲྭ་བ་དང་ཁྱིམ་བདག་གིས་ཁེངས་ནས་སྡོད་ཀྱི་ཡོད་པས། མི་མང་པོས་ཀྱང་ཁོང་གི་ཚོང་ཁང་ལ་ཐབ་ཆུང་ཆུང་མེ་ཚ་པོ་ཞེས་རྩེད་མོ་དང་སྦྲགས་བརྗོད་ཀྱི་ཡོད།
ཨ་ཕོས་ལ་བརྒྱབ་པ་མ་མཐོང་། ཐུད་ཟ་བ་མཐོང་། མི་མི་ཉུང་བ་ཞིག་གིས་ཆོས་འཛོམས་ལ་ཚོང་ཡག་པོ་བྱུང་བ་མཐོང་བ་ལས། ཁོང་གིས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དཀའ་ངལ་ཇི་ཙམ་ཁྱད་དུ་གསོད་ཀྱི་ཡོད་མེད་དེ་ཙམ་ཤེས་ཀྱི་མེད། དོན་དུ་དཔྱིད་ཐལ་བ་འཚུབ་འཚུབ་མ་བྱས་ན། སྟོན་སྣུམ་ཞག་ཚིལ་ཚིལ་ག་ནས་ཡོང་། ནམ་རྒྱུན་ཆོས་འཛོམས་ཀྱིས་ཞོགས་པ་ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་ནས་ལངས་ཏེ། ཉིན་མོའི་ཚོང་གི་གྲ་སྒྲིག་བྱེད་པ་དང་། དེ་ནས་ཉིན་གང་ཚོང་ཁང་དུ་ཚོང་བརྒྱབ་ནས་སྡོད་པའམ་ཡང་ན་ཕྱིར་ཚོང་འཐེན་དུ་འགྲོ་བ་དང་ཚོང་ཟོག་སྐྱེལ་དུ་འགྲོ་བ་སོགས་བྱས་ནས་དལ་དལ་ལྷོད་ལྷོད་སྡོད་པའི་ཁོམ་པ་མང་པོ་མེད་ལ། མཚམས་རེ་དགོང་མོ་ཆུ་ཚོད་བཅུ་གཅིག་དང་བཅུ་གཉིས་ལ་མ་གཏོགས་ཉལ་ལོང་ཡོང་གི་མེད།
“གྲོང་གསེབ་ནས་ཐོན་ཚར་བ་དང་གྲོང་ཁྱེར་དུ་གླ་ཆ་ཡང་ལེན་རྒྱུ་མེད་པས། དཀའ་ལས་ཁྲག་དྲི་ཁ་བ་རྒྱག་གི་ཡོད། བྱས་ཙང་། ང་ཚོའི་དཀའ་ལས་རྒྱག་སྟངས་ལ་མི་མང་པོ་ཞིག་ཧང་སངས་འགྲོ་གི་འདུག”ཅེས་དེ་ཉིན་ཆོས་འཛོམས་ཀྱིས་གསར་དུ་སྒོ་ཕྱེ་མ་ཐག་པའི་ཡན་ལག་ཚོང་ཁང་གི་ཟོག་སྒྲོམ་གྱི་སྟེང་དུ་སྨྱུ་གུ་དང་འབྲི་དེབ་སོགས་སྒྲིག་གིན་བཤད།
དེང་གི་ཆར་དེ་སྔོན་བརྒྱབ་པའི་ཁང་པ་ཉིས་ཐོག་དེ་མར་བཤིགས་ནས་གསུམ་ཐོག་ཅིག་རྒྱག་བཞིན་པའི་ཆོས་འཛོམས་ཀྱིས། རང་གི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་དུ་མི་ལ་སྨོན་མི་དགོས་པའི་འཚོ་བ་སྐྱེལ་བཞིན་ཡོད་ལ། ཁོང་གི་ཕ་མ་སྤུན་མཆེད་རྣམས་ཀྱང་ཁོང་གི་རོགས་རམ་འོག་དགའ་ཞིང་སྐྱིད་པའི་འཚོ་བར་རོལ་བཞིན་ཡོད།
ཕྱི་དངོས་པོའི་དཔལ་འབྱོར་གྱི་རྨང་གཞི་ངེས་ཅན་ཞིག་ཡོད་དུས། ཆོས་འཛོམས་ཀྱིས་ཚོང་ཁོ་ནར་མགོ་འཁོར་ནས་མ་བསྡད་པར་ཕྲུ་གུའི་སློབ་གསོར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། “ངའི་ཅོག་ལགས། དེ་སྔོན་ཡུལ་སྐོར་གྱི་མོ་ཊ་གཏོང་བར་འགྲོ་གི་ཡོད། ཐོན་ཐེངས་གཅིག་ལ་ཟླ་གཅིག་གཉིས་འགོར་གྱི་ཡོད་པས། ནང་ལ་ཕན་གཅིག་རྐྱང་ཐོགས་ཀྱི་མི་འདུག ཡོང་འབབ་དང་ཕྲུ་གུ་བྱས་ན། ཕྲུ་གུའི་སློབ་གསོ་གལ་ཆེ་བ་ཡོད། གལ་ཏེ་ཕྲུ་གུའི་སློབ་སྦྱོང་འཐུས་ཤོར་དུ་ཕྱིན་པ་ཡིན་ན། ཡོང་འབབ་བྱུང་ཡང་སྟོང་པ་རེད། མོ་ཊ་གཞན་ལ་བོགས་མར་བཏང་བ་ཡིན། ད་ཆ་ཅོག་གིས་ཁང་ཚོང་རྒྱག་ཞོར་སེམས་ནུས་མང་ཆེ་བ་ཕྲུ་གུར་གཏོང་གི་ཡོད”ཅེས་ཁོང་གིས་ཤོད་ཀྱི་འདུག་ལ། ངའི་བུ་མོ་ད་ལྟ་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་གྲྭར་འགྲོ་གི་ཡོད། བུ་མོ་ཧ་གཉིད་གོ་བའི་སྒང་ལ་སློབ་སྦྱོང་ཡང་ཡག་པོ་ཡོད། བུ་མོ་ཞིབ་འཇུག་སློབ་མར་འགྲོ་འདོད་བྱེད་ཀྱི་འདུག་ལ། ངས་ཀྱང་གཏོང་རྐྱང་ཡིན་ཞེས་བཤད།
དོན་དུ་ཆོས་འཛོམས་ནི་གྲོང་གསེབ་ནས་གྲོང་ཁྱེར་དུ་ལས་མིར་ཡོང་མཁན་མང་པོའི་བསྡུས་རིས་སམ་མཚོན་བྱེད་ལྟ་བུ་ཡིན་ཞིང་། ཁོང་ཚོས་སྒུག་རྟེན་སློང་གསུམ་གྱི་བསམ་པ་རིང་དུ་དོར་ཏེ། རང་གི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་རང་ཉིད་ཀྱི་ཕུགས་འདུན་སྒྲུབ་བཞིན་ཡོད་པ་མ་ཟད། བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད་པ་དང་སྦྲགས། ལྷ་ས་དེ་བས་བདེ་ཞིང་སྐྱིད་པ་ཞིག་ཡོང་ཆེད་སྤྱི་ཚོགས་ཀྱི་ཕྱོགས་མི་འདྲ་བ་ནས་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་དང་འབུལ་བཞིན་ཡོད།