ཕུགས་བསམ་དོན་དུ་གཉེར། མི་ཚེའི་རིན་ཐང་མངོན།
ངག་དབང་དང་ཁོང་གི་སྐྲ་བཞར་གཏམ་རྒྱུད།
འདི་ནི་སྦྱིན་བདག་ངག་དབང་གིས་སྐྲ་གཞར་བཞིན་པ།
འདི་ནི་སྐྲ་ཁང་གི་སྐྲ་འཁྲུད་ས་ཡིན་པ།
འདི་ནི་སྐྲ་གཞར་མཁན་ཚོས་བྲེལ་བྲེལ་འཚུབ་འཚུབ་ངང་སྐྲ་གཞར་བཞིན་པ།
ཉེ་བའི་ལོ་ཤས་རིང་། དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི་ཚ་རླབས་གངས་ལྗོངས་ས་མཐོར་འཕྱུར་བའི་དུས་བཟང་འདི་ལ། སློབ་ཐོན་སློབ་མའམ་སྤྱི་ཚོགས་སྟེང་གི་ན་གཞོན་ཚང་མར་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་བའི་གོ་སྐབས་འཕྲད་བཞིན་ཡོད། ལས་གཏོད་པ་མང་པོ་ཞིག་གིས་རང་ཉིད་ཀྱི་དགའ་ཕྱོགས་དེ་ལྟོ་གོས་འཚོལ་བའི་ལག་ཆར་འགྱུར་བར་བྱས་ནས་འབད་བརྩོན་བྱས་དང་བྱེད་མུས་ལགས། ངག་དབང་ཡང་ཁོ་ཚོའི་ཁྲོད་ཀྱི་གྲས་ཤིག་ཡིན་ཏེ། ཁོང་གིས་གནས་མཆོག་ལྷ་སར་རང་ཉིད་ཀྱི་དགའ་བའི་ལས་རིགས་ཤིག་དོན་དུ་གཉེར་གྱིན་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་བཞིན་ཡོད།
1991ལོར་སྐྱེས་པའི་ངག་དབང་ནི་ཕ་ཡུལ་སྣ་དཀར་རྩེ་རྫོང་ནས་ཡིན་པ་དང་། ལས་རིགས་མཐོ་རིམ་སློབ་འབྲིང་འགྲིམ་པའི་དུས་སུ་སློབ་གྲོགས་ཁ་ཤས་དཔེ་དེབ་ལྟ་རྒྱུར་དགའ་བ་དང་ཁ་ཤས་ལུས་རྩལ་ལ་དགའ་པོ་ཡོད། ངག་དབང་ལ་དགའ་ཕྱོགས་གཅིག་རང་ཡོད་པ་དེ་ནི་སྐྲ་བཞར་རྒྱུ་དེ་རེད། དེ་ཕྱིར་ཉལ་ཁང་གཅིག་པའི་སློབ་གྲོགས་ཀྱི་སྐྲ་བཞར་རོགས་བྱེད་པ་དེ་ཁོང་གི་སློབ་གསེང་གི་སྤྲོ་སྣང་ཞིག་ཏུ་གྱུར་ཡོད།
མཐོ་འབྲིང་ཐོན་རྗེས། ཁོང་ལ་སློབ་གྲྭ་ཆེ་མོ་འགྲིམ་པའི་གོ་སྐབས་བྱུང་ཡང་། ཁྱིམ་ཚང་གི་འཁོས་བབ་ལེགས་སུ་གཏོང་ཆེད་དང་སེམས་ཁོང་གི་ལས་གཏོད་ཕུགས་བསམ་མངོན་འགྱུར་བྱ་ཆེད། ཁོང་གིས་སློབ་གྲྭ་ཐོན་པའི་ལོ་དེ་རང་ལ་ལྷོ་ཁའི་སྐྲ་ཁང་ཞིག་ཏུ་ལས་ཀ་བྱེད་པར་བསྐྱོད། ལོ་ལྔ་ཙམ་རིང་དེ་གར་སྐྲ་བཀྲུས་ནས་བསྡད་པ་དང་རྣམ་ཀུན་སེམས་ཆུང་ངང་ལས་རོགས་ས་ནས་སྐྲ་བཞར་སྟངས་སྦྱོང་གི་ཡོད་པས། སྐྲ་ཁང་གི་སྦྱིན་བདག་གིས་ཀྱང་ཁོང་གི་ལས་ཀའི་རྣམ་འགྱུར་དང་ལག་རྩལ་སྦྱོང་བའི་སྙིང་རུས་ལ་ཡིད་ཤིན་ཏུ་མགུ་པོ་བྱུང་སྟེ། རིམ་བཞིན་ཁོང་ལ་སྐྲ་ཚོས་རྒྱག་སྟངས་དང་སུ་ལུ་བཟོ་སྟངས་སོགས་བསླབས།
2015ལོ་ནི་ངག་དབང་གི་ངོས་ནས་བརྗོད་ཚེ། ཆེས་བརྗེད་པར་དཀའ་བ་དང་ལས་དབང་ལ་ཁ་ལོ་སྒྱུར་འགོ་བརྩམས་པའི་ལོ་ཞིག་རེད། རྣམ་ཀུན་ནས་ལས་ཀར་ནན་ཏན་དང་ཁེངས་སྐྱུང་ཆེན་པོས་ལག་རྩལ་སྦྱོང་བའི་དབང་གིས། སྦྱིན་བདག་གིས་ཁོང་ལ་མདུན་ལམ་དེ་བས་ཡག་པ་ཡོང་ཆེད་ལྷ་སའི་སྐྲ་ཁང་ཆེ་གྲས་ཤིག་ལ་ངོ་སྤྲོད་བྱས། ལྷ་སར་སླེབས་རྗེས། ཁོང་གིས་དེ་རང་ཉིད་ཀྱི་མི་ཚེའི་ཁ་ལོ་སྒྱུར་བའི་གོ་སྐབས་ཤིག་ལ་བརྩིས་ནས། རྒྱུན་དུ་ནང་སའི་ས་ཆ་ཁག་ཏུ་སྐྲ་བཞར་ལག་རྩལ་སྦྱོང་དུ་འགྲོ་བའི་གོ་སྐབས་ལ་གཅེས་འཛིན་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་ཁོང་གི་སྐྲ་བཞར་ལག་རྩལ་ཡང་དབྱར་མཚོ་རྒྱས་པ་ལྟར་ཡར་རྒྱས་ཆེན་པོ་བྱུང་མོས། འོན་ཀྱང་། དེའི་དུས་ལྷ་སར་བོད་རིགས་སྐྲ་བཞར་བ་ཉུང་བ་དང་སྐུ་མགྲོན་ཚོས་ཀྱང་ངག་དབང་འདྲ་བའི་ལས་མིའི་སྐྲ་བཞར་ལག་རྩལ་ལ་ཡིད་ཆེས་དེ་ཙམ་བྱེད་ཀྱི་མེད། དེ་ཕྱིར་ལག་རྩལ་དེ་བས་མཐར་ཕྱིན་པར་སྦྱངས་ཏེ་རང་ཉིད་ལ་དབང་བའི་སྐྲ་ཁང་ཞིག་བཙུགས་ནས་བོད་རིགས་ཀྱི་སྐྲ་བཞར་བ་རྩེ་གྲ་ཞིག་ཏུ་འགྱུར་བའི་ཁོང་གི་ཆོད་སེམས་སྔར་བས་བརྟན་དུ་སོང་ཡོད། “དེ་དུས་ལོ་ལྟར་ནང་སར་སློབ་སྦྱོང་བྱེད་པའི་གོ་སྐབས་ཡོད་ནའང་སློབ་ཡོན་ཚང་མ་སོ་སོས་སྤྲོད་དགོས། འོན་ཀྱང་སྐྲ་བཞར་བའི་ལག་རྩལ་སྔར་བས་ཡག་ཏུ་འགྲོ་ཆེད་དང་རང་ཉིད་ཀྱི་སྐྲ་ཁང་དེ་བས་མགྱོགས་པ་འཛུགས་ཆེད། ངས་བརྩོན་ལེན་གང་ཐུབ་བྱེད་ཀྱི་ཡོད་ལ་སྦྱིན་བདག་གིས་ཀྱང་གོ་སྐབས་གནང་གི་འདུག”ཅེས་ངག་དབང་གིས་ཕྱིར་དྲན་བྱེད་བཞིན་བརྗོད།
སྐྲ་ཁང་དེར་ལོ་ཤས་ལས་ཀ་དང་སློབ་སྦྱོང་བྱས་པས། ངག་དབང་གིས་སྐྲ་བཞར་བའི་ལག་རྩལ་ཕལ་ཆེ་བ་ཁོང་དུ་ཆུད་པ་དང་དེ་གའི་སྦྱིན་བདག་གིས་ཀྱང་ཁོང་ལ་སྐྲ་ཁང་འཛུགས་པའི་ཉམས་མྱོང་མང་པོ་བསླབས། མཐར་ཕ་མ་སྤུན་མཆེད་དང་གྲོགས་པོའི་རོགས་རམ་འོག 2017ལོའི་ཟླ་2པར་མ་དངུལ་སྒོར་ཁྲི་30བཏང་ནས་གཙང་རལ་ལམ་དུ་རང་ཉིད་ཀྱི་སྐྲ་ཁང་དངོས་སུ་བཙུགས་ལ་ཅོག་ངག་དབང་གི་དབུ་སྐྲ་མཛེས་བཟོ་ཁང་ཞེས་མིང་བཏགས། སྐྲ་ཁང་བཙུགས་རྗེས། ཁོང་གིས་སྔ་རྗེས་སུ་ལས་མི་ལྔ་དྲུག་བསྡུས། ཁོ་ཚོར་རང་ཉིད་ཀྱི་སྐྲ་བཞར་གྱི་ལག་རྩལ་བུམ་པ་གང་བྱོལ་ཚུལ་གྱིས་སློབ་ཀྱི་ཡོད་ལ། ཁོ་ཚོའི་འཚོ་བར་ཡང་ལྟ་རྟོག་གང་ལེགས་བྱེད་ཀྱི་ཡོད།
རྣམ་ཀུན་ངག་དབང་གིས་ཁེངས་སྐྱུང་ཆེན་པོས་ཁོ་ཚོ་དང་མཉམ་དུ་སྐྲ་བཞར་གྱི་ལག་རྩལ་གསར་པ་དང་ཚོང་གཉེར་བྱེད་སྟངས་ཐད་གྲོས་བསྡུར་འཁྲུག་པོ་བྱེད་ཀྱི་ཡོད་པ་མ་ཟད། རང་ཉིད་ནས་འགོ་བརྩམས་ཏེ་དུས་རབས་ཀྱི་འཕེལ་རྒྱས་དང་སྐུ་མགྲོན་གྱི་དགའ་ཕྱོགས་དང་བསྟུན་ཏེ་སྐྲའི་བཟོ་ལྟ་གསར་པ་སོགས་ལ་དམིགས་སུ་བཀར་ནས་སློབ་སྦྱོང་དང་ཞིབ་འཇུག་བྱེད་ལ། སྒེར་གྱིས་མ་དངུལ་བཏང་ནས་ལས་མི་དང་མཉམ་དུ་རྒྱལ་ནང་གི་ས་ཆ་ཁག་ཏུ་སྐྲ་བཞར་གྱི་སྔོན་ཐོན་ལག་རྩལ་སྦྱོང་བར་འགྲོ་གི་ཡོད། ཁོང་གིས་སྔར་སོང་གི་ལས་གཏོད་གཏམ་རྒྱུད་གླེང་སྐབས། གསར་འགོད་པས་ཀྱང་ཁོང་གིས་སྐྲ་བཞར་བ་རྩེ་གྲ་ཞིག་ཏུ་འགྱུར་ཆེད་འབད་བརྩོན་དེ་ལྟ་བུ་བྱེད་པར་ཡིད་ཤིན་ཏུ་རངས་ཤིང་། རང་ཉིད་ཀྱི་དགའ་ཕྱོགས་དེ་ལྟོ་གོས་སྐྱོང་བའི་ཐབས་ལམ་བཟང་པོ་ཞིག་ཏུ་འགྱུར་བར་ཡང་ཡིད་སྨོན་ཆེན་པོ་སྐྱེས་བྱུང་།
དེང་གི་ཆར་མི་མང་པོ་ཞིག་གིས་ཁོམ་པ་བྱུང་མ་ཐག་ལག་ཐོགས་ཁ་པར་གྲོགས་སུ་བསྟེན་བཞིན་ཡོད་པས་ན། ཁོང་གིས་སྐད་འཕྲིན་གྲོགས་ཚོགས་དང་ཁྱུག་དབྱིངས་སོགས་སུ་རང་ཉིད་ཀྱི་སྐྲ་ཁང་དྲིལ་བསྒྲགས་དང་སྐྲ་བཞར་བའི་བརྙན་ཐུང་མི་ཉུང་བ་ཞིག་བསྐུར་བ་དེར་གཞན་གྱི་དགའ་རྟགས་མང་པོ་ཐོབ་ཡོད་ལ་གདེང་འཇོག་ཀྱང་ཧ་ཅང་བཟང་པོ་བྱེད་ཀྱི་ཡོད་པས། སྐྲ་ཁང་གི་ཚོང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད་ལ། གཟའ་མཇུག་སོགས་ལ་སྔོན་མངགས་ཀྱང་བྱེད་དགོས་ཀྱི་ཡོད། སྐུ་མགྲོན་ཉིན་རེ་བཞིན་མང་དུ་འགྲོ་བའི་དབང་གིས། ངག་དབང་གིས་ཡན་ལག་སྐྲ་ཁང་ཞིག་མ་བཙུགས་རང་བཙུགས་བྱུང་། དེར་བརྟེན། 2021ལོའི་ཟླ་11ལ་མ་དངུལ་སྒོར་ཁྲི་80ཙམ་བཏང་ནས་རྔ་ཆེན་ལམ་དུ་ཡན་ལག་སྐྲ་ཁང་ཞིག་བཙུཌ་པ་རེད།
སྐྲ་ཁང་དེ་བཙུགས་རྗེས། ངག་དབང་གིས་སྔར་རྒྱུན་བཞིན་ལས་ཀར་ཧུར་བརྩོན་ཆེན་པོ་བྱེད་ཀྱི་ཡོད་པའི་ཁར། ལས་རིགས་གཅིག་པའི་ལག་རྩལ་གསར་པ་སྦྱོང་བའི་གོ་སྐབས་ཡེ་ནས་བསྒྱུར་མེད་དེ། ལོ་ལྟར་རང་ཉིད་ནང་སར་སློབ་སྦྱོང་བྱེད་པར་སྐྱོད་པ་དང་སྦྲགས། སྐྲ་ཁང་འདི་གཉིས་ཀྱི་ཁྱོན་ལས་མི་27གྱི་སྐྲ་བཞར་ལག་རྩལ་གོང་མཐོར་གཏོང་ཆེད། ཕྱི་ནས་དགེ་རྒན་གདན་དྲངས་ཏེ་གཟའ་འཁོར་རེའི་རེས་གཟའ་ལྷག་པར་ལས་ཐག་བཅད་རྗེས་གཅིག་སྡུད་ལག་རྩལ་སློབ་ཚན་འཚོག་གི་ཡོད་ཅིང་། ཁོ་ཚོར་ཡང་ནང་སར་ལག་རྩལ་སྦྱོང་བར་འགྲོ་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་པ་མ་ཟད། དུས་ཡུན་རིང་པོ་སྐྲ་ཁང་དེར་ལས་ཀ་བྱེད་མཁན་རྣམས་ལ་སློབ་ཡོན་སྤྲོད་རོགས་བྱེད་ཀྱི་ཡོད།
དེ་བས། ངག་དབང་ནི་སེམས་རྩ་འཁོལ་བའི་མི་ཞིག་རེད། ཁོང་གིས་རང་གིས་ཤེས་པའི་ལག་རྩལ་ཡོད་ཚད་སྦ་གསང་མེད་པར་ལས་མི་ཚོར་སློབ་ཀྱི་ཡོད་པ་དང་། ལས་མི་སོ་སོས་རང་གི་སྐྲ་ཁང་འཛུགས་འདོད་པར་ཡང་རྒྱབ་སྐྱོར་གང་ཐུབ་བྱེད་ཀྱི་ཡོད། དེ་སྔོན་སྐྲ་ཁང་དུ་དབྱི་རིགས་ཀྱི་ལས་མི་ཞིག་ཡོད་པ་དང་། ཐོག་མར་ལྷ་སར་སླེབས་སྐབས་སྡོད་གནས་ཀྱང་མེད་པ་རེད། ངག་དབང་གིས་གནས་ཚུལ་དེ་ཤེས་རྗེས་ལས་མི་དེ་རང་གི་རོགས་པའི་སར་གནས་སྐབས་སྡོད་དུ་བཅུག་པ་དང་ཟླ་གསུམ་ཁང་གླ་བླངས་མེད། ལོ་གཉིས་རིང་ངག་དབང་གི་སྐྲ་ཁང་དུ་ལས་ཀ་བྱས་རྗེས་སྐྲ་བཞར་ལག་རྩལ་ཕལ་ཆེ་བ་ཁོང་དུ་ཆུད་ཅིང་། མཐར་རང་ཉིད་ཀྱི་སྐྲ་ཁང་འཛུགས་འདོད་པའི་བསམ་ཚུལ་བརྗོད་པས། ངག་དབང་ཡིད་ཤིན་ཏུ་མགུ་པོ་བྱུང་ཞིང་ཁོང་ལ་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས་པ་མ་ཟད། སྒོར་ཁྲི་7རི་བའི་ཚོང་ཁང་ནང་གི་ཅ་དངོས་ཚང་མ་སྟེར་ནས་སྐྲ་ཁང་འཛུགས་པར་རྒྱབ་སྐྱོར་བྱས། དེ་བཞིན་དགེ་ཕྲུག་བསྟན་ནོར་གྱི་ཨ་མ་ནད་ཀྱིས་མནར་ནས་སྨན་ཁང་དུ་ལུས་པའི་དབང་གིས། ཟླ་འགའ་རིང་དུས་ཐོག་ཏུ་ལས་ཀར་སླེབས་ཐུབ་མེད། ངག་དབང་གིས་བསྟན་ནོར་གྱི་གླ་ཆ་བཅག་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་སེམས་ཁུར་དང་ལྟ་རྟོག་ཆེན་པོ་བྱས་ཡོད་པ་རེད། ད་ལྟ་ངག་དབང་གི་དགེ་ཕྲུག་གིས་གཞིས་རྩེ་དང་། ལྷོ་ཁ། ནག་ཆུ་སོགས་སུ་སྐྲ་ཁང་བཙུགས་ཡོད་པ་དང་། ཁོ་ཚོས་ཀྱང་ངག་དབང་གི་རོགས་རམ་སེམས་ལ་བཅངས་ཤིང་། ལྷ་སར་སླེབས་རིམ་བཞིན་ངག་དབང་གྱི་སར་འཚམས་འདྲིར་ཡོང་གི་ཡོད་ལ། བཀའ་དྲིན་མཚོན་བྱེད་དུ་གོས་དར་ཀྱང་སྤྲད་ཡོད་པ་རེད།
“དེ་སྔོན་སྐྲ་ཁང་གཞན་དུ་ལས་ཀ་བྱེད་ཀྱི་ཡོད། འོན་ཀྱང་དེ་ནས་སྐྲ་འཁྲུ་རུ་འཇུག་པ་ཙམ་ལས་དེ་མིན་གྱི་ལག་རྩལ་གང་ཡང་སློབ་ཀྱི་མི་འདུག ཕྱིས་སུ་རོགས་པའི་ངོ་སྤྲོད་འོག་དེར་ལས་ཀར་ཡོང་བ་ཡིན། རྒན་ངག་དབང་གིས་ང་ཚོར་སྐྲ་འཁྲུ་བ་ཙམ་མ་ཟད་དེ་མིན་གྱི་ལག་རྩལ་རིམ་པས་སྦྱོང་དགོས་པའི་སྐུལ་མ་བྱེད་ལ། འཚོ་བའི་ཐད་ལའང་ལྟ་རྟོག་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག ང་ལ་ད་ལྟ་གླ་ཆ་སྒོར་ཁྲི་གཅིག་ལྷག་ལེན་རྒྱུ་ཡོད་པས་ཁང་པ་ཡང་ཉོས་ཚར་བ་ཡིན། རྗེས་སུ་ངས་ཀྱང་སྐྲ་ཁང་ཞིག་འཛུགས་དགོས་བསམས་བྱུང་། རྒན་ལགས་ཀྱིས་དེར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག ངའི་ཡོད་ཚད་རྒན་ལགས་ཀྱི་བཀའ་དྲིན་རེད”ཅེས་ཕ་ཡུལ་གཞིས་རྩེ་ནས་ཡིན་པའི་ལས་མི་ཟླ་བ་ལྷ་མོས་སེམས་འགུལ་ཐེབས་བཞིན་བརྗོད།
ངག་དབང་སྐྲ་ཁང་གི་ལས་མིའི་ལག་རྩལ་ཡག་པ་དང་། ཞབས་ཞུའི་རྣམ་འགྱུར་ལེགས་པ་སོགས་ཀྱི་རྐྱེན་པས། སྐྲ་ཁང་དུ་སྐྲ་བཞར་བ་དང་བཟོ་ལྟ་འདོན་པར་ཡོང་མཁན་བུང་བའི་ཚོགས་བཞིན་འཁོར་ཡོང་གི་ཡོད། གསར་འགོད་པ་བཅར་འདྲིར་ཡོང་བའི་ཉིན་དེར་ཞོགས་པའི་ཆུ་ཚོད་11ཡོལ་ཙམ་ཡིན་ཡང་སྐྲ་ཁང་ནང་སྐུ་མགྲོན་མང་པོ་སླེབས་ཟིན་ལ་མི་ཉུང་བ་ཞིག་བང་བསྒྲིགས་ནས་བསྡད་འདུག གོང་དཀར་དུ་ཕྱག་ལས་གནང་བཞིན་པའི་གྲོང་མི་འཇིགས་མེད་ཀྱིས“ཁོ་ཚོའི་སྐྲ་ཁང་དེ་གཙང་རལ་ལམ་དུ་ཡོད་དུས་ནས་བཟུང་། ང་དང་བཟའ་ཟླ་གཟའ་འཁོར་རེ་གཉིས་ནས་ཆེད་མངགས་དེར་སྐྲ་བཞར་བར་འགྲོ་གི་ཡོད། ཁོ་ཚོའི་སྐྲ་བཞར་ལག་རྩལ་དང་ཞབས་ཞུ་ཚང་མ་ཧ་ཅང་ཡག་པོ་འདུག”ཅེས་དགའ་ཚོར་ཆེན་པོས་བརྗོད།
སླད་ཕྱིན། ངས་རང་ཉིད་དང་ལས་མིའི་སྐྲ་བཞར་ལག་རྩལ་ཐད་དེ་བས་ཤུགས་རྒྱག་གི་ཡིན་ལ། ལས་རིགས་དེར་དགའ་ཞེན་ཡོད་པའི་བོད་རིགས་གཞོན་ནུ་དེ་བས་མང་བ་གསོ་སྐྱོང་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་སྦྱིན་བདག་ངག་དབང་གིས་ཡིད་ཆེས་ཆེན་པོས་བརྗོད།