སློབ་མ་ཚང་མ་རང་ཉིད་ཀྱི་ཕྲུ་གུ་ལྟར་གསོ་སྐྱོང་བྱེད་དགོས་པ།
ལྷ་སའི་དགེ་རྒན་བཟང་པོའི་སློབ་གསོ་ལྟེ་གནས་ཀྱི་སློབ་སྤྱི་གཡུ་འབྲུག་གི་སྐོར་བཀོད་པ།
གཡུ་འབྲུག་གིས་སློབ་མ་ཚོར་སློབ་ཚན་འཁྲིད་བཞིན་པ།
སློབ་མས་རི་མོ་བྲི་བཞིན་པ།
སློབ་མ་ཚོས་སྒྲ་སྙན་སྦྱོང་བཞིན་པ།
དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།
“དོ་ནན་ཆེན་པོ་མེད་པའི་དགེ་རྒན་ཡོད་པ་ལས། སློབ་མི་ཐུབ་པའི་སློབ་མ་གཅིག་ཀྱང་མེད” འདི་ནི་ལྷ་སའི་དགེ་རྒན་བཟང་པོའི་སློབ་གསོ་ལྟེ་གནས་ཀྱི་གདམ་ཚིག་རེད་ལ། འགན་འཁུར་བ་གཡུ་འབྲུག་གི་ཐོག་མའི་བསམ་འདུན་ཡང་རེད།
སློབ་ཆུང་འགྲིམ་པའི་དུས་སུ་ཁོ་པའི་ཁྱིམ་ཚང་གི་འཁོས་ཀ་དེ་ཙམ་ཡག་པོ་མེད་པ་དང་ངལ་རྩོལ་ནུས་ཤུགས་ཀྱང་པཱ་ལགས་གཅིག་པུ་ལས་མེད། ད་དུང་ཨ་མ་ལགས་སྐུ་གཟུགས་ཐང་པོ་མེད་པ་མ་ཟད། པཱ་ལགས་རྒྱུན་དུ་ཕྱིར་བདལ་གླ་རྒྱུག་པར་འགྲོ་དགོས་པས། ཁྱིམ་ཚང་གི་རྒྱུན་གཏན་ལས་ཀ་དང་ཨ་མར་ལྟ་རྟོག་བྱེད་མཁན་ཞིག་དགོས་ཀྱི་ཡོད། དེར་བརྟེན། སློབ་ཆུང་ཐོན་རྗེས་གཡུ་འབྲུག་ལ་མུ་མཐུད་སློབ་གྲྭར་སྐྱོད་པའི་བསྐལ་བ་ཐོབ་མེད། དེ་ལྟར། གཡུ་འབྲུག་གིས་ཉིན་མོ་ཨ་མར་ལྟ་རྟོག་དང་ཁྱིམ་ལས་བྱེད་པ་མ་ཟད། མཚན་མོ་རླངས་འཁོར་བཏང་ནས་བདལ་གླ་རྒྱུག་སྟེ་རང་ནུས་ཡོད་རྒུས་ཁྱིམ་ཚང་གི་དཀའ་ངལ་སེལ་གང་ཐུབ་བྱེད་ཀྱི་ཡོད་པ་རེད། སྐབས་དེར། གཡུ་འབྲུག་ལོ་15སླེབས་ཙམ་ཡིན་པ་རེད།
“ངའི་ཕུགས་བསམ་གང་རེད། ངས་ལས་ཀ་ཅི་ཞིག་བྱས་ན་ཡག་གམ། ངས་གང་འདྲ་བྱས་ན་འཚོ་བ་ཡག་ཏུ་འགྲོ་སྲིད་དམ”འདི་དང་འདི་འདྲ་བའི་དྲི་བར་ལོ་ན་ཆུང་བའི་གཡུ་འབྲུག་གིས་ཉིན་ལྟར་མནོ་བསམ་གཏོང་གི་ཡོད་ཅིང་། རང་ཉིད་འཚོ་སྡོད་བྱེད་སའི་གྲོང་ཚོ་ནས་ཁ་བྲལ་ཏེ་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་ལྟ་བར་འགྲོ་བའི་བསམ་བློ་གཏོང་མཚམས་འཇོག་མྱོང་མེད།
ཕལ་ཆེར་2006ལོའི་ཡས་མས་སུ། གཡུ་འབྲུག་ད་དུང་ཕ་ཡུལ་དུ་མོ་ཊ་བཏང་སྟེ་བདལ་གླ་རྒྱུག་མཁན་གྱི་ཁ་ལོ་བ་དཀྱུས་མ་ཞིག་རེད། གཅེན་པོའི་རོགས་པ་ཟི་ལིང་དུ་དབྱིན་ཡིག་སྦྱོང་མཁན་ཞིག་ཡོད་པ་དེས་ཉིན་ཞིག་ཕྱི་རྒྱལ་བ་འགའ་ཞིག་ཁྲིད་དེ་ཕ་ཡུལ་དུ་དུས་ཆེན་གཏོང་བར་ཡོང་སྐབས་གཡུ་འབྲུག་གི་མོ་ཊ་གླས། ཁོང་གིས་ཁོ་ཚོ་ཕན་ཚུན་དབྱིན་སྐད་ཐོག་ནས་གླེང་མོལ་བྱེད་པ་མཐོང་སྐབས། དེ་ནི་ཧ་ཅང་རྫིག་པོ་ཞིག་དང་ངོ་མཚར་ཆེ་བ་ཞིག་ཏུ་སྣང་བ་དང་ཁོ་པ་ཚོའི་གམ་ནས་རྒྱུན་སྤྱོད་དབྱིན་སྐད་ཚིག་འགའ་སྦྱངས་སྟབས། དེར་རྦད་དེ་དབྱིངས་ཚུད་ཅིང་སེམས་ནང་དུ་དེ་ནི་ངས་བྱེད་འདོད་པའི་ལས་ཀ་དེ་རེད་འདུག་བསམས་ཏེ། རང་ཉིད་ཕྱིར་དབྱིན་ཡིག་སྦྱོང་བར་འགྲོ་འདོད་པའི་བསམ་ཚུལ་ཕ་མར་བཤད། འོན་ཀྱང་ཁྱིམ་དུ་ཕྲུ་གུ་ཁོང་གཅིག་པུ་ལས་མེད་སྟབས་ཕ་མས་མོས་མཐུན་མ་བྱས་པར། ལོ་ཕྱེད་རིང་བསམ་ཚུལ་དེར་གྲོས་བསྡུར་ཐེངས་མང་བྱས་ཀྱང་རྒྱབ་སྐྱོར་ཐོབ་མེད།
དབྱིན་ཡིག་སྦྱངས་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་དང་འཚོ་བའི་ཆ་རྐྱེན་ཡག་ཏུ་གཏོང་ཆེད། མཐར་ཕ་མས་བཀག་འགོག་བྱས་པར་མ་ཉན་པར་ཕ་ཡུལ་ནས་ཁ་བྲལ་ཏེ་ཟི་ལིང་དུ་དབྱིན་ཡིག་སྦྱོང་བར་བསྐྱོད། དེ་དུས་ཀྱི་གཡུ་འབྲུག་གི་བྱེད་སྤྱོད་དེས་རང་ཉིད་ཀྱི་མི་ཚེར་ཁ་ལོ་སྒྱུར་ཐུབ་ཡོང་བསམས་པ་ཡེ་ནས་བྱུང་མེད། “འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ངས་ཁོང་ཚོ་དང་སྤྱིར་བཏང་གི་ཁ་བརྡ་བྱེད་ཐུབ་བྱུང་། གླེང་མོལ་བྱེད་སྐབས་ངས་རང་ཉིད་ཀྱི་མ་འོངས་མཐོང་བྱུང་ལ། འཚོ་བར་བཅངས་པའི་འདུན་པའང་མིག་ལམ་དུ་འཆར་གྱི་འདུག དུས་དེ་ནས་བཟུང་། ངས་ངེས་པར་དུ་དབྱིན་ཡིག་ཡག་པོ་སྦྱོང་དགོས་པའི་དམ་བཅའ་བཞག་པ་ཡིན”ཞེས་གཡུ་འབྲུག་གིས་ཕྱིར་དྲན་བྱེད་ཀྱིན་བརྗོད།
རོགས་པ་དང་མཉམ་དུ་ཟི་ལིང་དུ་འབྱོར་རྗེས། གཡུ་འབྲུག་སྒེར་གྱི་དབྱིན་ཡིག་སྦྱོང་ས་ཞིག་ཏུ་སླེབས་པ་དང་། སྐབས་དེར་གཡུ་འབྲུག་ལ་སྒོར་700ལས་མེད་པའི་ཁར་སློབ་ཡོན་སྒོར་500སྤྲོད་དགོས་ཀྱི་ཡོད་པས། ཁོང་གནས་སྐབས་རོགས་པའི་སར་སྡོད་དགོས་བྱུང་། རོགས་པའི་ངོ་སྤྲོད་འོག་ནང་མ་ཁང་དུ་ཞབས་བྲོ་འཁྲབ་པར་བསྐྱོད་ནས་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་བྱས་པ་དང་། དེ་ལྟར་ཉིན་མོ་དབྱིན་ཡིག་སྦྱོང་བར་འགྲོ་བ་དང་མཚན་མོ་ཞབས་བྲོ་འཁྲབ་པར་ཕྱིན་པའི་དུས་ཡུན་ལོ་གསུམ་གྱི་སློབ་སྦྱོང་དང་འཚོ་བ་འགོ་ཚུགས། ལོ་གསུམ་གྱི་རྗེས་མ་གཞི་ཁོང་གི་དབྱིན་ཡིག་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་མོད། འོན་ཀྱང་རྒྱུན་གཏན་གྱི་སློབ་ཁྲིད་ཙམ་ལས་རང་སྐྱ་འཕེར་ཏེ་རང་ཉིད་ཀྱི་འདུན་པ་ལྟར་གསོ་སྦྱོང་ལྟེ་གནས་ཤིག་འཛུགས་པའི་མཐུན་རྐྱེན་ད་དུང་འཛོམས་མེད།
2009ལོར། གཡུ་འབྲུག་ཕ་ཡུལ་དུ་ཕྱིར་ལོག་པ་དང་དེ་གའི་སློབ་གྲྭ་ཞིག་ཏུ་སློབ་དུས་གཅིག་གི་ཚབ་ཁྲིད་དགེ་རྒན་བྱས། དེའི་རིང་ཁོང་གིས་དར་མའི་མཐོ་རྒྱུགས་བཏང་ནས་སི་ཁྲོན་སློབ་གསོ་སློབ་གླིང་དུ་རྒྱུགས་འཕྲོད་ཅིང་། སློབ་སྦྱོང་ལོ་གཉིས་བྱས་མཐར་དབྱིན་ཡིག་ཆེད་ལས་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་རག་པ་རེད། དེས་མ་ཚད། ཁོང་ལ་ཀྲུང་གོ་མི་དམངས་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་འགྲོ་བའི་གོ་སྐབས་བཟང་པོ་ཐོབ་པས་དབྱིན་ཡིག་གི་བྱང་ཚད་ཀྱང་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན། ལོ་ཕྱེད་ཙམ་སོང་རྗེས། གཡུ་འབྲུག་ལ་པེ་ཅིང་དུ་ཁྱིམ་ཚང་དགེ་རྒན་ཞིག་བྱེད་པའམ་རང་ཉིད་ཀྱི་དབྱིན་ཡིག་གསོ་སྦྱོང་འཛིན་གྲྭ་ཞིག་གཉེར་འདོད་བྱུང་ནས། གང་སར་བསྒྲགས་ཡིག་བཀྲམ་ཡང་ཕྲུ་གུ་གཅིག་ཀྱང་སྐྱེལ་མཁན་བྱུང་མེད་པར་བརྟེན། གསོ་སྦྱོང་རྟེན་གཞི་ཞིག་ཏུ་དབྱིན་ཡིག་དགེ་རྒན་བྱེད་པར་མི་འགྲོ་ཀ་མེད་བྱུང་། དེའི་རིང་གཡུ་འབྲུག་དང་ཕ་ཡུལ་སྙེ་མོ་ནས་ཡིན་པའི་བུ་མོ་ཞིག་དབར་ལས་འགྲོའི་མདུད་པ་ཐེབས།
2013ལོར་བཟའ་ཟླ་དང་མཉམ་དུ་གཡུ་འབྲུག་ལྷ་སར་ཡོང་། སྐབས་དེར་ལྷ་སའི་སྒྲོན་མེ་སློབ་གསོས་དགེ་རྒན་བསྡུ་བའི་སྐབས་དང་འཁེལ་བས། བཟའ་ཟླའི་ངོ་སྤྲོད་འོག་ཁོང་དེ་གར་སློབ་གཉེར་གྱི་ལས་ལ་གཞོལ། ལོ་གཅིག་དང་ལོ་ཕྱེད་ལྷག་ཙམ་རིང་སློབ་ཁྲིད་བྱས་མཐར། ཁོང་གི་བྱང་ཚད་ལ་ལས་རོགས་ཚོའི་ཁས་ལེན་ཐོབ་པ་མ་ཟད་ཁྱིམ་བདག་གི་གདེང་འཇོག་ཀྱང་ཧ་ཅང་ཡག་པོ་ཐོབ། འོན་ཀྱང་། རྦད་དེ་དེར་དགེ་རྒན་དཀྱུས་མ་ཞིག་བྱས་ནས་བསྡད་ཚེ་རང་ཉིད་ཀྱི་དབྱིན་ཡིག་གསོ་སྦྱོང་ལྟེ་གནས་འཛུགས་པའི་བསམ་འདུན་མངོན་འགྱུར་ཡོང་ཐབས་བྲལ་བ་མ་ཟད། གླ་ཆ་ཁོ་ནར་བརྟེན་ཚེ་རང་ཉིད་དང་བཟའ་ཟླ་ལྷ་སར་བདེ་ཞིང་སྐྱིད་པའི་འཚོ་བར་རོལ་དཀའ་བས། ལས་གཏོད་བྱེད་རྒྱུ་དེ་འཚོ་བའི་ཆུ་ཚད་ཡག་ཏུ་དང་ཕུགས་བསམ་མངོན་འགྱུར་ཐུབ་པའི་འགྲོ་ལམ་འབའ་ཞིག་ཏུ་གྱུར། མཐར་གཡུ་འབྲུག་གིས་སྒྲོན་མེ་སློབ་གསོ་ནས་ལས་དགོངས་ཞུས་པ་དང་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཏེ་2015ལོར་ལྷ་སའི་གྲོང་བྱང་ཁུལ་དུ་དགེ་རྒན་བཟང་པོའི་དབྱིན་ཡིག་སློབ་གསོ་ལྟེ་གནས་དངོས་སུ་བཙུགས།
སློབ་ཁྲིད་ཀྱི་ཉམས་མྱོང་ཅུང་ཕུན་སུམ་ཚོགས་ལ་དེ་སྔོན་གྲུབ་འབྲས་ཀྱང་ངེས་ཅན་ཞིག་ཐོབ་པར་བརྟེན། ཁྱིམ་བདག་མང་པོ་ཞིག་གིས་རང་ཉིད་ཀྱི་ཕྲུ་གུ་གཡུ་འབྲུག་སར་ཟབ་སྦྱོང་དུ་གཏོང་འདོད་བྱེད་ཀྱི་ཡོད། སློབ་གྲྭ་བཙུགས་རྗེས་ཀྱི་སློབ་དུས་དང་པོར་ཁྱོན་སློབ་མ་16མིང་ཐོ་བཀོད་པས། གཡུ་འབྲུག་གི་སེམས་ལ་དགའ་ཚོར་ཆེན་པོ་སྐྱེས་པ་དང་། ལས་གཏོད་པ་ཞིག་དང་དགེ་རྒན་ཞིག་ཡིན་པའི་ངོས་ནས་ངེས་པར་དུ་སྤྱི་ཚོགས་དང་སློབ་མར་འགན་ཁུར་ཏེ་སློབ་ཚན་ཡག་པོ་འཁྲིད་རྒྱུ་དེ་ཁོང་གིས་དམ་བཅའ་ཆེན་པོ་ཞིག་ཏུ་བརྩི་གི་ཡོད་པས། སློབ་གྲྭ་གཉེར་རིང་ལས་འགན་ཨང་དང་པོར་འཇོག་གི་ཡོད། དེ་བས་ཁོང་གིས་སློབ་ཚན་ཡག་པོ་ཁྲིད་ཚེ་སློབ་གྲྭ་དེའང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་རྒྱུ་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། དེ་ལྟར་གཡུ་འབྲུག་གིས་སློབ་ཚན་ཡག་པོ་འཁྲིད་རྒྱུ་དེ་ལས་འགན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པས། དེར་ཟབ་སྦྱོང་བྱེད་མཁན་གྱི་སློབ་མ་རྣམས་ལ་ཡང་སྦྱངས་འབྲས་མི་དམན་པ་ཐོབ་ཡོད་ལ། དབྱིན་ཡིག་སྦྱོང་མཁན་གྱི་སློབ་མའང་སྔར་བས་མང་དུ་ཕྱིན།
གསོ་སྦྱོང་ལྟེ་གནས་དེར་དབྱིན་ཡིག་ཁོ་ན་ཙམ་མ་ཟད། དེ་མིན་གྱི་རིག་རྩལ་འཛིན་གྲྭ་འཛུགས་པ་དང་སློབ་གྲྭའི་གཞི་ཁྱོན་ཆེས་ཆེར་གཏོང་ཆེད། 2020ལོར་གཡུ་འབྲུག་གིས་རྔ་ཆེན་ལམ་ནས་གསུམ་ཐོག་ཅན་གྱི་ཐོག་བརྩེགས་ཁང་ཆེན་ཞིག་གླས་པ་དང་། མ་དངུལ་སྒོར་ཁྲི་200ཙམ་བཏང་ནས་སྲོལ་རྒྱུན་སློབ་ཁང་གི་བཀོད་པ་དང་མི་འདྲ་བའི་མཛེས་བཟོ་ཡག་པོ་ཞིག་བྱས། གཡུ་འབྲུག་གིས་གསོ་སྦྱོང་ལྟེ་གནས་གསར་པར་སློབ་ཁྲིད་ཀྱི་སྟ་གོན་ལེགས་པར་བྱས་ཤིང་། འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་པའི་དུས་སུ། ཐོལ་བྱུང་གི་རིམས་ནད་དེས་མདུན་སྐྱོད་ཀྱི་ལམ་བུ་འགོག་པའི་གྱང་མཐོ་པོ་ཞིག་དང་འདྲ་བར་ཁོང་གི་མདུན་ལམ་རྦད་དེ་བཀག དེའི་དབང་གིས་གསོ་སྦྱོང་ལྟེ་གནས་ལོ་ཕྱེད་ལྷག་སྒོ་མི་རྒྱག་ཀ་མེད་བྱུང་བ་དང་། དེའི་རིང་ཁྱོན་ཁང་གླ་སྒོར་ཁྲི་100ལྷག་སྤྲོད་དགོས་ལ་དགེ་རྒན་ཚོའི་གླ་ཆའང་སྤྲོད་དགོས་པས། མ་དངུལ་འཁོར་རྒྱུག་ཐད་དཀའ་ངལ་ཆེན་པོ་འཕྲད་པས་དུས་སྐབས་ཤིག་རིང་ཁོང་ལ་ལྟེ་གནས་མུ་མཐུད་གཉེར་བའི་སེམས་ཤུགས་ཉམས།
འོན་ཀྱང་། གསོ་སྦྱོང་ལྟེ་གནས་ཀྱི་སློབ་ཁྲིད་སྤུས་ཚད་ལ་ཁྱིམ་བདག་རྣམས་ཀྱིས་ཡིད་ཆེས་བྱེད་ཅིང་། ཚང་མས་རང་ཉིད་ཀྱི་ཕྲུ་གུ་དེར་སློབ་སྦྱོང་བྱེད་པར་གཏོང་འདོད་བྱེད་པ་མ་ཟད། ཁྱིམ་བདག་འགའ་རེས་གསོ་སྦྱོང་ལྟེ་གནས་ཀྱི་དཀའ་ངལ་རྟོགས་ནས་སློབ་ཡོན་སྔ་རྟིང་དུ་སྤྲོད་ཀྱི་ཡོད་པ་རེད། ཁྱིམ་བདག་ཚོས་སོ་སོར་ཡིད་ཆེས་དང་རྒྱབ་སྐྱོར་དེ་འདྲ་བྱས་པར་གཡུ་འབྲུག་སེམས་འགུལ་ཆེན་པོ་ཐེབས་པ་དང་། དེ་ནི་རང་ཉིད་ཀྱིས་ཐོག་མཐའ་བར་གསུམ་དུ་སློབ་ཚན་ཡག་པོ་ཁྲིད་ནས་དྲིན་ལན་འཇལ་རྒྱུ་དེ་གཙོ་བོའི་ནང་གི་གཙོ་བོར་འཛིན་ཞིང་། གསོ་སྦྱོང་ལྟེ་གནས་མུ་མཐུད་གཉེར་ནས་ཡག་ཐོག་ཡག་བརྩེགས་ཡོང་བར་འབད་པ་བྱེད་པའི་ངར་ཤུགས་ཤིག་སྐྱེས། དེ་བས། སློབ་མ་ཚང་མ་རང་ཉིད་ཀྱི་ཕྲུ་གུར་བརྩིས་ནས་གསོ་སྐྱོང་བྱེད་པའི་གཡུ་འབྲུག་གི་ཐོག་མའི་བསམ་པའང་སྔར་བས་བརྟན་དུ་སོང་།
ད་ཆ། གཡུ་འབྲུག་གི་སྣེ་ཁྲིད་འོག ལྷ་སའི་དགེ་རྒན་བཟང་པོའི་གསོ་སྦྱོང་ལྟེ་གནས་དེའང་སྔོན་མའི་གསོ་སྦྱོང་འཛིན་གྲྭ་ཞིག་ནས་ད་ལྟའི་དགེ་རྒན་8དང་སློབ་མ་ཁྱོན་300ལྷག་ཙམ་ཡོད་པའི་སློབ་གྲྭ་ཞིག་ཏུ་གྱུར་ཡོད། དེ་གར་དབྱིན་ཡིག་ཟབ་སྦྱོང་ཁོ་ན་མ་ཡིན་པར་གཙོ་བོ་དབྱིན་ཡིག་གི་འཁྲབ་སྟོན་སློབ་ཚན་ཞིག་བཙུགས་ཡོད་པ་དང་། སྲོལ་རྒྱུན་གྱི་སློབ་ཁྲིད་རྣམ་པ་དང་མི་འདྲ་བར་ཕན་ཚུན་སྤེལ་རེས་གཙོ་བོར་བྱས་ཏེ། སྦྱངས་ཟིན་པའི་ནང་དོན་དུས་ཐོག་ཏུ་བེད་སྤྱོད་བྱེད་པའི་སློབ་ཁྲིད་བྱ་ཐབས་སྤྱོད་བཞིན་ཡོད་པས། སློབ་ཚན་ཁྲིད་སྟངས་དེར་དགའ་པོ་བྱེད་མཁན་མང་བ་དང་སློབ་མའི་དབྱིན་ཡིག་གི་བྱང་ཚད་མཐོ་རུ་གཏོང་བར་ཕན་ནུས་གལ་ཆེན་ཐོན་བཞིན་ཡོད་པར་བརྟེན། སློབ་གྲྭའི་གཙོ་གཉེར་སློབ་ཚན་ཞིག་ཏུ་གྱུར་ཡོད། དེས་མ་ཟད། དེ་གར་ཟབ་སྦྱོང་ལ་ཡོང་མཁན་སློབ་མ་རྣམས་ཀྱི་དགའ་ཕྱོགས་སྐྱེད་སྲིང་བྱ་ཆེད། གཡུ་འབྲུག་གིས་ཕྱི་ནས་དགེ་རྒན་གདན་དྲངས་ཏེ་སློབ་མ་ཚོར་རིན་མི་དགོས་པར་ཞབས་བྲོ་དང་། རི་མོ། སྒྲ་སྙན་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱེད་ཀྱི་ཡོད་པ་རེད།
“སློབ་ཚན་འདི་དག་ཚང་མར་སློབ་ཡོན་སྤྲོད་དགོས་མེད། སློབ་མ་རྣམས་ཀྱིས་དབྱིན་ཡིག་ཙམ་མ་ཟད། དེ་མིན་གྱི་རིག་རྩལ་ཡང་ཞོར་དུ་སྦྱོང་རྒྱུ་བྱུང་ན། གཅིག་ནས་ཕྲུ་གུའི་ཕྱོགས་གང་ཅིའི་ཐད་ཡར་རྒྱས་བྱུང་སྟེ་མ་འོངས་ཀྱི་འཚོ་བར་ཕན་ཆེན་པོ་ཐོགས་སྲིད་ལ། གཉིས་ནས་ཁྱིམ་བདག་རྣམས་ཐུགས་བློ་བདེ་པོས་ཕྲུ་གུ་དེ་གར་སྐྱེལ་ཆོག་གི་རེད། ང་རང་དགེ་རྒན་ཞིག་གི་ངོས་ནས་འཛིན་གྲྭ་འདི་དག་བཙུགས་ཐུབ་པར་སྤོབས་པ་སྐྱེ་ཡི་འདུག ཕ་མ་ཞིག་གི་ངོས་ནས་ཕྲུ་གུར་སློབ་སྦྱོང་ཁོ་ན་མིན་པར་རིག་རྩལ་སྦྱོང་ས་ཡོད་པ་མཐོང་བས་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག དེ་ནི་ང་ཚོའི་སློབ་གྲྭའི་ཁྱད་ཆོས་ཤིག་ཡིན་པ་དང་། སློབ་གྲྭ་ཐོག་མར་འཛུགས་པའི་སྤྱིའི་བསམ་ཕྱོགས་ཀྱང་ཡིན”ཞེས་གཡུ་འབྲུག་གིས་སྤོབས་སེམས་ཆེན་པོས་བརྗོད།
གཡུ་འབྲུག་གི་སློབ་གསོ་གཉེར་བའི་ལམ་བུར་འགོག་རྐྱེན་ཧ་ཅང་མང་པོ་འཕྲད་མོད། འོན་ཀྱང་། ཁོང་གིས་འགོག་རྐྱེན་དེ་རིགས་ཚང་མ་རང་ཉིད་ཡར་རྒྱས་ཡོང་བའི་གོ་སྐབས་ཤིག་དང་ལས་དབང་གིས་སྤྲད་པའི་ཚོད་བགམ་ཞིག་ལ་བརྩིས་ཏེ། ཕྱིར་བཤོལ་གཏན་ནས་མི་བྱེད་པར་ཕྲུ་གུ་ཚོར་སྒྲིག་བཀོད་ཚང་ཞིང་སྤུས་ཚད་མཐོ་བའི་དབྱིན་ཡིག་ཟབ་སྦྱོང་སློབ་གྲྭ་འཛུགས་པའི་ཐོག་མའི་ཕུགས་བསམ་མངོན་འགྱུར་ཆེད་དུ་འབད་པ་བྱས་དང་བྱེད་བཞིན་མཆིས།