དབུ་ཤོག>ཆེད་སྒྲིག>དུས་རབས་གསར་པ། འཕེལ་རྒྱས་གསར་པ། འགྱུར་ལྡོག་གསར་པ། འཚོ་བ་གསར་པ།>ནང་དོན་གསར་འགྱུར།
  • བུ་ཆུང་དང་ཁོང་གི་ཤེས་རབ་འོད་སྣང་དཔེ་ཁང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསྟན་འཛིན། ལྷག་པ་ཚེ་རིང་། བསྟན་འཛིན་ཆོས་གྲགས།   |     སྤེལ་དུས།  2023-08-21

    ལེ་ཚན་བཏོད་པའི་གཏམ།

    ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བའི་མཚམས་འདིར་བྱེད་སྒོའི་དོན་སྙིང་གལ་ཆེན་དང་། སྤྱིའི་བླང་བྱ། རྩ་བའི་ལས་འགན། ཞིབ་ཕྲའི་དམིགས་ཚད་སོགས་ལ་དམ་པོར་དམིགས་ནས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ལྟེ་གནས་ཀྱིས་བཅར་འདྲི་ཚོགས་པ་ཁག་བགོས་ཀྱིས་གཞི་རིམ་དང་ཉེ་བཅར་དང་། མང་ཚོགས་དང་ཉེ་བཅར། འཚོ་བ་དངོས་དང་ཉེ་བཅར་གྱི་ཐབས་ལམ་བརྒྱུད་གཞི་རིམ་གྱི་བྱ་གཞག་ཁག་ལ་ཐོབ་པའི་དགའ་འོས་ཤིང་མི་སེམས་ལ་སྐུལ་མ་ཐེབས་པར་འོས་པའི་གྲུབ་འབྲས་དག་བརྒྱུད་སྤེལ་བྱ་རྒྱུ་ཡིན།

    དེས་ན། དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས“དུས་རབས་གསར་པ། འཕེལ་རྒྱས་གསར་པ། འགྱུར་ལྡོག་གསར་པ། འཚོ་བ་གསར་པ”ཞེས་པའི་ལེ་ཚན་བཏོད་དེ། དུས་རབས་གསར་པའི་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སློབ་གསོ། སྨན་བཅོས། སྡོད་ཁང་། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་པ། དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་སྐོར་སོགས་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པས། ལྷན་རྒྱས་ནས་དོ་ཁུར་ཡོད་པར་ཞུ།

    འདི་ནི་བུ་ཆུང་གིས་དཔེ་སྒྲོམ་ཐོག་ཏུ་དཔེ་དེབ་སྒྲིག་བཞིན་པ།

    འདི་ནི་དཔེ་དེབ་ལྟ་བའམ་ཉོ་བར་ཡོང་མཁན་ཀློག་པ་པོ་ཡིན་པ།

    འདི་ནི་དཔེ་ཁང་གི་ཟུར་ཞིག་ཡིན་པ།

    “དཔེ་ཁང་འདིར་གཞན་དང་མི་འདྲ་བར་དཔེ་དེབ་ཧ་ཅང་ཕུན་སུམ་ཚོགས་པོ་འདུག”

    “ཁོར་ཡུག་གཙང་ཞིང་ཁ་ཁུ་སིམ་པ་མ་ཟད། འགྲིམ་འགྲུལ་ཡང་སྟབས་ཧ་ཅང་བདེ་པོ་འདུག”

    ཉེ་ཆར་གསར་འགོད་པ་ཤེས་རབ་འོད་སྣང་དཔེ་ཁང་དུ་བཅར་འདྲིར་སྐྱོད་སྐབས། འདིར་དཔེ་དེབ་ཉོ་བའམ་ལྟ་བར་ཡོང་མཁན་ཀློག་པ་པོ་མང་པོས་འཛུམ་པའི་ཞལ་དང་སྙན་པའི་གཏམ་གྱིས་དཔེ་ཁང་ལ་གདེང་འཇོག་འདི་ལྟར་བྱེད་བཞིན་ཡོད།

    ཤེས་རབ་འོད་སྣང་དཔེ་ཁང་ནི་ལྷ་སའི་བར་སྐོར་གྱི་ལྷོ་ངོས་ཏེ། གངས་ལྗོངས་ཡུལ་སྐོར་ཁྲོམ་རའི་ཐོག་སོ་གཉིས་པར་གནས་ཤིང་། མ་གཞི་དཔེ་ཁང་གི་ཕྱི་རོལ་དུ་འར་འུར་དང་འདུ་འཛི་ཤིན་ཏུ་ཆེ་ན་ཡང་། དཔེ་ཁང་གི་སྒོ་འཛུལ་མ་ཐག་དབེན་འཇམ་ཉམས་དགའི་འཇིག་རྟེན་གཞན་ཞིག་ཏུ་སླེབས་པ་མ་ཟད། དཔེ་དེབ་ཁོ་ནར་མ་གཏོགས་མེད་པའི་དྲི་བསུང་ཞིམ་པོ་ཞིག་སྣ་ལམ་དུ་འཐུལ་འོངས་ནས་མི་རྣམས་ལ་བློ་བདེ་བག་ཕེབས་ཀྱི་ཉམས་སྣང་ཞིག་ངང་གིས་སྦྱིན་བཞིན་འདུག

    ད་ལོ་ཕོ་ལོ་27ལ་སླེབས་པའི་དཔེ་ཁང་གི་སྦྱིན་བདག་བུ་ཆུང་ལ་དམའ་འབྲིང་བར་དུ་མ་གཏོགས་སློབ་གྲྭ་འགྲིམ་པའི་གོ་བསྐལ་མ་ཐོབ་རུང་། ཆུང་བྱིས་པའི་དུས་ནས་དཔེ་དེབ་ལྟ་བར་ཧ་ཅང་དགའ་པོ་ཡོད་སྟབས། ཡུལ་དུས་ཇི་ལྟར་འགྱུར་ནའང་ཁོང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་རང་སྦྱོང་གི་རྐང་ལམ་ཕྲ་མོའི་སྟེང་དུ་བརྩོན་འགྲུས་ཀྱི་རྟ་ཕོར་ཤེས་རབ་ལྕག་གིས་བསྐུལ་བའི་སྙིང་སྟོབས་ཡེ་ནས་དོར་མེད། ལྷག་པར་དུ་2015ལོར་ཕ་ཡུལ་ངམ་རིང་ནས་ལྷ་སར་ཡོང་རྗེས། ཁོང་གིས་ཉིན་མོ་མ་བྱན་གྱི་ལས་ཀ་སོགས་བྱས་ནས་འཚོ་སྡོད་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་མཚན་མོ་དུང་དཀར་སྐད་ཡིག་སློབ་གྲྭ་ནས་སྐོམ་པ་ཆུ་འདོད་ལྟར་བོད་ཡིག་དང་རྒྱ་ཡིག་ལ་སྦྱངས་པ་ཆེན་པོ་བྱས་པས། སྦྱངས་འབྲས་ཀྱང་མི་དམན་པ་ཞིག་ཐོབ་སྟེ། སླད་དཔེ་ཁང་འཛུགས་པར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

    དེང་གི་ཆར་ཕྱི་དངོས་པོའི་དཔལ་འབྱོར་ཡར་རྒྱས་ཤུགས་ཆེན་ཕྱིན་པ་དང་བསྟུན་ནས་མི་མང་པོས་ནང་བསམ་པའི་འཚོ་བར་དང་དོད་ཆེན་པོ་བྱེད་ཀྱི་ཡོད་ཅིང་། དེ་ཡང་ནང་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ན་དཔེ་དེབ་ནི་མེད་དུ་མི་རུང་བ་ཞིག་རེད། དེ་བས། 2017ལོར་བུ་ཆུང་གིས་ཕ་མ་སྤུན་མཆེད་སོགས་ཕྱོགས་མང་པོའི་ས་ནས་སྒོར་ཁྲི་25ཙམ་གཡར་བ་མ་ཟད། དཔེ་ཁང་ཞིག་བཙུགས་ན་རང་ཉིད་དང་འདྲ་བའི་སྤྱི་ཚོགས་སྟེང་གི་མི་རྣམས་ལ་དཔེ་དེབ་ལྟ་ས་དང་ཉོ་སའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཐུབ་ངེས་རེད་སྙམ་པའི་བསམ་འདུན་དེ་ལག་ལེན་དུ་བསྟར་ཞིང་། ཤེས་རབ་འོད་སྣང་དཔེ་ཁང་བཙུགས་ནས་ལས་གཏོད་ཀྱི་གཏམ་རྒྱུད་རིང་མོ་ཞིག་ལ་དབུ་ཁྱུད་འབྲི་འགོ་བརྩམས།

    དཀའ་མོའི་བྲག་ལ་མ་འཛེགས་ན། བདེ་མོའི་སྤང་ལ་ག་ནས་སླེབས། དཔེ་ཁང་གཉེར་ནས་ལས་གཏོད་ཀྱི་ལམ་བུར་སྐྱོད་རིང་བུ་ཆུང་ལ་མ་དངུལ་འཁོར་རྒྱུག་མགྱོགས་པོ་བྱེད་མི་ཐུབ་པ་དང་དུས་ཐོག་ཏུ་དཔེ་ཁང་ནང་གི་དཔེ་དེབ་ཕུན་སུམ་ཚོགས་སུ་གཏོང་མི་ཐུབ་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་འདུག “མཚམས་རེ་དཀའ་ངལ་རེ་འཕྲད་དུས། རང་ཉིད་ལས་མི་ཞིག་ཡིན་ན་ཆོག་དགའ། ལས་མི་ཞིག་ཡིན་ན་གནོན་ཤུགས་འདི་འདྲ་ཡོད་པ་མ་རེད་བསམ་གྱི་འདུག”ཅེས་ཁོང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་ཤོད་ཀྱི་འདུག ཡིན་ནའང་དཀའ་ངལ་གྱི་མདུན་དུ་ཁོང་གིས་ཐོག་མཐའ་བར་གསུམ་དུ་སྤོབས་པ་ཆེན་པོས་གདོང་བསུས་པ་ལས་ཕྱིར་བཤོལ་ཡེ་ནས་བརྒྱབ་མེད།

    “དཔེ་ཁང་འཛུགས་པ་ནི་རང་ཉིད་ཀྱི་དགའ་ཕྱོགས་འཚོ་བའི་གནད་དོན་ཐག་གཅོད་བྱེད་པའི་ལས་རིགས་ཤིག་ཏུ་གྱུར་དུས། ལས་ཀ་འདིར་སེམས་གཏིང་ནས་དགའ་པོ་ཡོད། ད་དུང་སྔོན་མ་མི་ཧྲེང་དང་མི་འདྲ་བར་ད་ཆ་གཉེན་སྒྲིག་བྱས་ཚར་བས་རང་ཉིད་ཀྱི་ནང་མིར་འགན་འཁུར་དགོས། དེ་འདྲ་ཡིན་དུས་དཀའ་ངལ་ག་ཚོད་འཕྲད་རུང་ཁྱད་བསད་མི་བྱེད་ཀ་མེད་རེད”ཅེས་དཀའ་ངལ་ལས་རྣམ་པར་རྒྱལ་བར་ནུས་པའི་སྒུལ་ཤུགས་སྐོར་གླེང་སྐབས་བུ་ཆུང་གིས་འདི་ལྟར་བརྗོད་བྱུང་བས། གསར་འགོད་པར་ཁོང་ནི་དཔེ་དེབ་ལ་དགའ་བ་ཞིག་ཡིན་པ་མ་ཟད། རང་གི་ཁྱིམ་ཚང་ལ་འགན་འཁུར་མཁན་གྱི་ཕོ་ཁྱོ་ག་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་། དཔེ་ཁང་གཉེར་རིང་། དཀའ་སྡུག་བཟོད་པར་ནུས་ཤིང་དཔེ་དེབ་ཀློག་པར་སྤྲོ་བའི་བུ་ཆུང་ལ་དགའ་ཕྱོགས་དང་བློ་ཁ་མཐུན་པའི་གྲོགས་པོ་མང་པོ་རྙེད་འདུག་ལ། ཁོང་རྣམ་པའི་རྒྱབ་སྐྱོར་དང་ཡིད་ཆེས་ཀྱིས་བུ་ཆུང་ལ་ལས་གཏོད་ཀྱི་ལམ་བུར་མུ་མཐུད་སྐྱོད་པར་སྐུལ་མ་ཤུགས་ཆེན་ཐེབས་འདུག དེའང་ཐེངས་ཤིག་མ་དངུལ་ཕལ་ཆེ་བ་དུས་ཐོག་ཏུ་མ་བྲིན་པའི་དཔེ་དེབ་ཀྱིས་བཟུང་ནས་ཁོང་ལ་མ་དངུལ་འཁོར་རྒྱུག་མ་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད། ཡིན་ནའང་ཁོང་གི་གྲོགས་པོ་ཞིག་གིས་གནས་ཚུལ་དེ་ཤེས་རྗེས། ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་རང་གི་ཡིད་རྟོན་གཱ་ནས་སྒོར་ཁྲི་20གཡར་རོགས་བྱས་མ་ཟད། “མ་འོངས་པར་ཁྱེད་རང་གི་ལས་ཀ་འདིར་གྲུབ་འབྲས་ཤིག་ཐོབ་ངེས་རེད་ཅེས་སྐུལ་ལྕག་བཏང་གནང་བྱུང”ཞེས་བུ་ཆུང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

    ནམ་རྒྱུན་དེབ་གསར་པ་དོན་མ་ཐག་ཀློག་པ་པོའི་སྤྱན་ལམ་དུ་གང་མགྱོགས་ཕུལ་ཐུབ་པ་བྱེད་ཀྱི་ཡོད་ཅེས་ཁོང་གིས་དཔེ་ཁང་གཉེར་བའི་ཁྱད་ཆོས་ཀྱི་སྐོར་གླེང་སྐབས་འདི་ལྟར་ཤོད་ཀྱི་འདུག་ལ། གསར་འགོད་པས་ཀྱང་དཔེ་ཁང་གི་སྒོ་རྩར་བསྒྲིགས་པའི་དཔེ་སྒྲོམ་ཞིག་ལས། དཔར་ནས་ཉུང་ན་ཉིན་ཤས་དང་མང་ན་ཟླ་བ་གཅིག་གཉིས་ལས་སོང་མེད་པའི་དཔེ་དེབ་གསར་པ་དཔེར་ན《བྱེ་ཐང་གི་ཕོ་རྒོད》དང་། 《སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ》《ནུབ་གླིང་ཉེ་རབས་ལོ་རྒྱུས་རིག་པའི་གཞུང་ལུགས་ཀྱི་གྲགས་རྩོམ་བདམས་བསྒྱུར》《བུ་མོར་སྤྲིངས་པའི་འཕྲིན་ཡིག་40》《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》ལ་སོགས་མང་པོ་ཀློག་པ་པོའི་ཡིད་ཀྱི་དང་བ་འདྲེན་པར་ནུས་པའི་དཔེ་དེབ་མང་པོ་མཐོང་བྱུང་།

    སྡེར་མའི་ནང་གི་འབྲས་རྡོག་རེ་རེ་ལ། ། དཀའ་བ་ཇི་ཙམ་སྤྱད་པ་སུ་ཡིས་རྟོགས། ། ཞེས་པའི་སྙན་ཚིག་ལྟར་དཔེ་དེབ་རེ་རེའི་སྟེང་དུ་བུ་ཆུང་གི་དཀའ་སྤྱད་ཀྱི་རྔུལ་ཆུ་ཇི་ཙམ་སིམ་ཡོད་པ་ཀློག་པ་པོ་སུ་ཡིས་རྟོགས། དཔེ་དེབ་གསར་པ་དོན་རྗེས་མཚམས་རེ་དཔེ་སྐྲུན་ཁང་ལ་ཐད་ཀར་འབྲེལ་བ་བྱེད་མི་ཐུབ་ན། ཁོང་གིས་གང་མགྱོགས་ཀློག་པ་པོའི་ཡིད་ཀྱི་གསོས་དང་མིག་གི་བཅུད་དུ་འགྱུར་བར་བྱ་ཆེད། དཔེ་ཁང་གཞན་ནས་ཉོ་གི་ཡོད་པ་མ་ཟད་སྐུར་གླ་ཡང་གཞན་ལས་མཐོ་བ་སྤྲོད་ཀྱི་ཡོད། དེར་བརྟེན། འགྲོ་སོང་ཚང་མ་ཕུད་རྗེས་ཁེ་བཟང་ཧ་ལམ་མེད་མོད། འོན་ཀྱང་ཁོང་གིས་ཀློག་པ་པོའི་འདོད་བློ་སྐོང་རྒྱུ་དེ་ཨང་དང་པོར་འཇོག་གི་ཡོད།

    ད་ལྟ་ཁོང་གིས་འབད་བརྩོན་ལྷོད་མེད་བྱས་པའི་དབང་གིས་ཤེས་རབ་འོད་སྣང་དཔེ་ཁང་གི་གྲགས་པ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། དཔེ་ཁང་དུའང་རྩོམ་རིག་དང་། བརྡ་སྤྲོད། བསྒྱུར་རྩོམ། ནང་བསྟན། སློབ་ཕྱིའི་ཟུར་ཁྲིད་དཔེ་དེབ་སོགས་རིགས་མི་འདྲ་བའི་དཔེ་དེབ་སྣ་ཁ་800ཙམ་ཟིན་གྱི་འདུག དེས་ན། བོད་ཡིག་གི་དཔེ་དེབ་གཟིགས་བསམ་ན། དཔེ་ཁང་དེ་ནས་རང་ཉིད་ཀྱིས་ཉོ་འདོད་པའི་དཔེ་དེབ་ཕལ་ཆེར་མ་རག་པ་མེད་སྙམ།

    དེང་སྐབས་སྐད་འཕྲིན་དང་ཁྱུག་དབྱིངས་སོགས་ལས་ཅ་ལག་ཉོ་བ་ནི་མི་རྣམས་ཀྱི་འཛད་སྤྱོད་ཀྱི་ཐབས་ལམ་གཞན་ཞིག་ཏུ་གྱུར་ཡོད་སྟབས། བུ་ཆུང་གིས་ཀྱང་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་དཔེ་ཁང་རང་ནས་ཞབས་འདེགས་ཞུ་བ་མ་ཟད། སྐད་འཕྲིན་ལས་རྒྱ་ཆེའི་ཀློག་པ་པོའི་དགོས་མཁོ་སྐོང་གང་ཐུབ་བྱེད་ཀྱི་འདུག “སྐད་འཕྲིན་འདི་ཕན་ཐོགས་པོ་འདུག མཚམས་རེ་འདིའི་ནང་དཔེ་ཁང་དངོས་ལས་ཀྱང་ཚོང་ཡག་པ་འདུག གལ་ཏེ་ཁྱེད་རང་ལྷ་སའི་གྲོང་ཁྱེར་ནང་ཁུལ་དུ་བཞུགས་ཡོད་ཚེ། ང་ཚོས་རིན་མེད་ངང་སྐྱེལ་གྱི་ཡོད། དེ་མིན་གྱི་ས་ཆར་སྦྲག་སྲིད་སོགས་ལས་སྐུར་གྱི་ཡོད”ཅེས་ཤོད་ཀྱི་འདུག་ལ། ཁོང་གིས་ཐད་གཏོང་ཟོག་འཚོང་གི་འགྲོ་ལུགས་ཀྱང་ཕལ་ཆེར་གཉེར་ཟིན་ནས་མགྱོགས་པོ་ལག་ལེན་དུ་བསྟར་རྩིས་འདུག

    ཤེས་རབ་འོད་སྣང་དཔེ་ཁང་དུ་དཔེ་དེབ་སྣ་ཁ་མང་ཞིང་དཔེ་སྒྲོམ་དང་སྒྲོག་ཙེ་རྐུབ་བཀྱག་སོགས་ཀྱི་སྤུས་ཀ་དག་པས། གལ་ཏེ་དེ་ནས་དྲོ་འཇམ་གྱི་ཉི་འོད་འོག་ཏུ་ཇ་སོགས་འཐུང་ཞོར་རང་ཉིད་ཀྱིས་དགའ་བའི་དཔེ་དེབ་ཅིག་ལ་བལྟས་ནས་བསྡད་པ་ཡིན་ན། ལུས་སེམས་གཉིས་ཀར་ངལ་གསོ་ཐེབས་ངེས་རེད་འདུག་ལ། ལྟ་རྒྱ་ཐོས་རྒྱའང་ཆེ་རུ་གཏོང་ཐུབ་ངེས་རེད་འདུག

    སླད་མ་འོངས་པའི་སྐོར་གླེང་སྐབས“ད་ལྟའི་དཔེ་ཁང་གི་རྒྱ་སྟོབས་སྔར་བས་ཆེ་རུ་གཏོང་བའི་ཁར། དེབ་ད་དུང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་སྦྲགས། བཟའ་བཏུང་མཁོ་འདོན་དང་ཕྲུ་གུར་དཔེ་ཀློག་གི་བྱེད་སྒོ་སྣ་ཚོགས་སྤེལ་བ་སོགས་བྱས་ནས། རིམ་གྱིས་ཡན་ལག་དཔེ་ཁང་འཛུགས་པའི་འཆར་གཞི་ཡོད”ཅེས་ཤོད་བཞིན་འདུག་ལ། གསར་འགོད་པས་ཁོང་གི་གྲུང་ཤ་དོད་པའི་མིག་གཉིས་ལས་ཡིད་ཆེས་ཀྱིས་ཁེངས་པའི་འོད་སྣང་གསལ་ལེ་བ་ཞིག་འཕྲོ་བཞིན་པ་མཐོང་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།